༄༅།།ལེགས་སྦྱར་སྒྲ་རིག་པ་བོད་དུ་དར་ཚུལ།

བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ་ནས་གསར་དུ་སྤེལ། སྤེལ་དུས། 01-19


དང་པོ། སྒྲ་རིག་པ་ལྷ་ཡུལ་དུ་དར་ཚུལ་བཤད་པ།

སྤྱིར་སྒྲ་ཞེས་པ་དེ་རྣ་ཤེས་ཀྱི་མཉན་བྱར་གྱུར་པ་ཐམས་ཅད་ལ་སྒྲ་ཞེས་བཤད་ལ། ས་པཎ་གྱི་སྒྲ་འཇུག་ལས། ལུང་སྟོན་པའམ་ཀུན་གསལ་བར་བྱེད་པའམ་ཀུན་གོ་བར་བྱེད་ཅེས་བྱ་བ་ལ་འཇུག་གོ། ཞེས་གསུངས་སོ། །སྒྲ་རིག་པ་ཞེས་པ་སཾ་སྐྲྀ་ཏའི་སྐད་ཀྱིས་རྣམ་གཞག་སྟོན་པའི་གཞུང་ཁོ་ནར་འཛིན་མི་དགོས་ཏེ། བོད་དུའང་སློབ་དཔོན་ཐོན་མི་ཨ་ནུས་ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་གསུངས་པ་འདི་ཡང་བོད་ཀྱི་སྒྲ་རིག་པའི་བསྟན་བཅོས་ཡིན། འདིར་ཚིག་གི་འཁྲུལ་བ་ཚར་བཅད་དེ་དོན་གྱི་རྨོངས་པ་སེལ་བར་བྱེད་ཅིང་ཕན་ཚུན་བརྡ་དོན་གྱི་ངོ་སྤྲོད་པའི་རིག་པའམ་རིག་གནས་ཆེ་བ་ལྔའི་ཡ་གྱལ་གྱི་སྒྲ་རིག་པ་སྟེ། ལེགས་སྦྱར་སྐད་ཀྱི་སྒྲ་རིགས་གཞུང་གི་བརྗོད་བྱ་སྟེ། རང་བཞིན་དང་། རྐྱེན། རྣམ་འགྱུར་གསུམ་གྱི་རྣམ་གཞག་གསལ་བར་སྟོན་པའི་རིག་པའི་གཞུང་ལུགས་ཤིག་ལ་ཟེར་རོ། །དེ་ཡང་སྔོན་སུམ་ཅུ་རྩ་གསུམ་དུ་སརྦ་ཛྙ྄་དེ་ཝ་སྟེ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་སྒྲ་མཁན་ཞིག་བྱུང་། དེས་སརྦ་ཛྙ྄་བྱཱ་ཀ་ར་ཎ་ཞེས་པའི་བསྟན་བཅོས་ཐོག་མར་མཛད་དེ་ལྷ་ཡུལ་དུ་དར་བར་བྱས་ཤིང་ལྷའི་དབང་པོ་བརྒྱ་བྱིན་ལ་བསླབས་པས། བརྒྱ་བྱིན་གྱིས་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་པའི་བསྟན་བཅོས་མཛད། དེས་དྲང་སྲོང་ཕུར་བུ་ལ་བསླབས་ཏེ་ལྷ་རྣམས་ཀྱི་སྒྲའི་སྟོན་པར་བསྐོས་ནས་ལྷ་རྣམས་ལ་སློབ་ཏུ་བཅུག་པས་ཕུར་བུ་ལ་ལྷའི་བླ་མ་དང་སྒྲ་མཁན་ཞེས་པའི་མིང་ཐོགས་ཤིང་། ཕུར་བུས་ང་ནི་སྒྲ་ལ་མཁས་སོ་སྙམ་པའི་མཁས་རློམ་གྱི་ང་རྒྱལ་ཆེ་བས་ལྷ་རྣམས་ཀྱིས་བསྟེན་དཀའ་བ་བྱུང་ཚེ། བརྒྱ་བྱིན་གྱིས་ཕུར་བུ་ལ་གསེར་གྱི་བུམ་པ་ཞིག་བསྐུར་ཏེ་རྒྱ་མཚོ་ནས་ཆུ་བུམ་པ་གང་ལོངས་གསུངས་པ་ལྟར་བླངས་པས་དེ་ལས་ཀུ་ཤའི་རྩེ་མོས་ཆུ་ཐིགས་གཅིག་བླངས་ཏེ། སྒྲ་ཡི་གཞུང་ལུགས་རྒྱ་མཚོ་ཙམ། །ཁོ་བོས་ཤེས་པ་བུམ་གང་ཙམ། །ཁྱོད་ཀྱིས་ཤེས་པ་ཆུ་ཐིགས་ཙམ། །ཞེས་གསུངས་ནས་ཐུགས་ཀྱི་ཁེངས་པ་བཅག་པས། ཁོ་ཡིད་ཆད་དེ་དེང་ཕྱིན་སྒྲ་མི་འཆད་པར་དམ་བཅས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁྱོད་ཀྱིས་ཇི་ལྟར་ཤེས་པ་སྟོན་ཅིག་དང་། ཕན་ཐོགས་པར་འགྱུར་རོ་གསུངས་པས། དམ་བཅའ་དང་མི་འགལ་ཆེད་སྒྲའི་དུས་གཉན་ཆེན་པོ་བཞི་ལ་སྒྲ་སློབ་མི་དགོས་པར་གསུངས་པ་ལྟར་ཁས་བླངས་པ་ནི། ཇི་སྐད་དུ་དྲང་སྲོང་ཕུར་བུས། ཚེས་བརྒྱད་ལ་ནི་སློབ་དཔོན་འཇོམས། །བཅུ་བཞི་ལ་ནི་སློབ་མ་འཇོམས། །གནམ་སྟོང་ལ་ནི་རིག་པ་འཇོམས། །ཚེས་གཅིག་ལ་ནི་ཐམས་ཅད་འཇོམས། །

ཞེས་པའི་ཕྱག་སྲོལ་ཏེ་ད་ལྟ་རྒྱུན་འཛིན་བྱས་ཡོད་ལ་དེའི་ཤུགས་རྐྱེན་གྱིས་རྟེན་འབྲེལ་ཡོངས་འཇོམས་ཀྱི་དུས་བཟང་བཞི་ལ་སྒྲའི་འཆད་ཉན་མི་བྱེད་པ་དང་། གཞན་ཡང་ཚེས་བཅུ་གཉིས་དང་ཉེར་བདུན་ནི་སློབ་དཔོན་ཨ་ནུ་བྷཱུ་ཏི་འཁྲུངས་པ་དང་འདས་པའི་དུས་ཡིན་པས་དབྱངས་ཅན་སྒྲ་ཊཱིཀྐ་སྟེ་འགྲེལ་བ་གསལ་ལྡན་གྱི་འཆད་ཉན་མི་བྱེད་ཅེས་གྲགས་མོད་ཀྱི། འོན་ཀྱང་སྒྲའི་དཔེ་ཁྲིད་ཀྱི་ལུང་ཅུང་ཟད་རེ་ཐོབ་ཚེ་བསླབས་ཀྱང་འགལ་བ་མེད་པར་གསུངས་སོ། །

གཉིས་པ། སྒྲ་རིག་པ་རྒྱ་གར་འཕགས་པའི་ཡུལ་དུ་དར་ཚུལ་བཤད་པ།

རྒྱ་གར་འཕགས་པའི་ཡུལ་དུ་ཐོག་མར་སྒྲ་མདོ་ཆེན་མོ་པཱ་ཎི་པ་བྱུང་། དེ་ཡང་ལང་ཀར་གཤེགས་པའི་མདོ་ལས། སྒྲ་བྱེད་པ་ནི་པཱ་ཎིའོ་ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། བྲམ་ཟེའི་ཁྱེའུ་པཱ་ཎི་ནི། །ངེས་པར་ཉན་ཐོས་བྱང་ཆུབ་ཏུ། །ང་ཡིས་ལུང་བསྟན་བྱས་པ་ཡིན། །ཞེས་གསུངས་པ་ལྟར། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་ན་བྲམ་ཟེའི་ཁྱེའུ་པཱ་ཎི་ཞེས་པ་ཞིག་བྱུང་སྟེ་ལག་རིས་བརྟགས་ཚེ་སྒྲ་ཤེས་པའི་མཚན་མ་མི་འདུག་ཟེར་བས་མཚན་མ་བཅོས་ཀྱང་སློབ་དཔོན་མ་རྙེད་པར། འཕགས་པ་འཇིག་རྟེན་དབང་ཕྱུག་བསྒྲུབས་པས་ཟླ་བ་དྲུག་ནས་ཞལ་གཟིགས། ཅི་འདོད་གསུངས་པས་སྒྲ་ཤེས་པར་འཚལ་ལོ་ཞེས་པས། ཡི་གེ་བསྡུ་བ་གསུངས་པ་ཙམ་གྱིས་མཁས་པར་གྱུར་ནས་པཱ་ཎི་བྱཱ་ཀ་ར་ཎ་ཞེས་པ་ཤོ་ལོ་ཀ་ཉིས་སྟོང་ཡོད་པ་ཞིག་མཛད། དེ་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུས་ཤོ་ལོ་ཀ་འབུམ་ཡོད་པའི་འགྲེལ་བ་ཞིག་མཛད།

སྒྲ་པཱ་ཎི་པ་དང་ཕྱོགས་མཚུངས་པའི་ཙནྡྲ་པ་ནི་ལུང་རྒྱས་པ་ཞེས་པའི་མདོ་ལས། བདག་གིས་རབ་བཤད་ལེགས་སྦྱར་ཆོས་ཀྱི་གཞུང་། །གསལ་བྱེད་པཱ་ཎི་ནི་འབྱུང་དེ་རྗེས་སུ། །ས་ཡི་དབང་ཕྱུག་ཆོས་ཉིད་མཐོང་མིག་ལྡན། །དགེ་བསྙེན་ཟླ་བ་ཐོགས་མེད་སྤོབས་ལྡན་འབྱུང་། །ཞེས་ལུང་བསྟན་པ་ལྟར་མུ་སྟེགས་པའི་པཎྡི་ཏ་བརྡ་སྤྲོད་པའི་དབང་ཕྱུག་ཅེས་པ་ཞིག་གིས་ཕྱི་བའི་གྲུབ་མཐའི་སྒྲུབ་བྱེད་རྩོད་སྤོང་དང་བཅས་པ། ཟུར་གྱི་ནང་པ་སངས་རྒྱས་པའི་གྲུབ་མཐའ་ལ་གནོད་བྱེད་སྟོན་ཅིང་སྒྲའི་སྦྱོར་བ་ཀུན་འདུས་པའི་ཚིགས་བཅད་ཤིང་ཏ་ལའི་ལོ་མར་བྲིས་ཏེ་རྒྱལ་པོ་ལ་བསྐུར་ནས་འདི་ཤེས་མཁན་མེད་ན་ནང་པ་བ་ཐམས་ཅད་ཁོ་བོའི་སློབ་མར་སྦྱོར་ཅིག་ཅེས་སྨྲས་པའི་རྩོད་ལེན་དུ་རྒྱ་གར་ཤར་ཕྱོགས་བྷང་ག་ལར་འཁྲུངས་པའི་སློབ་དཔོན་ཙནྡྲ་གོ་མིའམ་དགེ་བསྙེན་ཟླ་བ་ཞེས་པ་དགུང་ལོ་བརྒྱད་བཞེས་པའི་ཚེ་ཙནྡྲ་བྱཱ་ཀ་ར་ཎ་ཞེས་པའི་བསྟན་བཅོས་ཤིག་སྤོབས་པ་ཐོགས་པ་མེད་པར་གསུངས་ཏེ་མུ་སྟེགས་པ་ཐམས་ཅད་ནང་པར་བཅུག །སྒྲའི་བསྟན་བཅོས་འདི་ལ་སྐབས་དྲུག་ལ་ཤོ་ལོ་ཀ་བདུན་བརྒྱ་ལེའུ་ཉེར་བཞིའི་བདག་ཉིད་ཅན་ཞིག་དང་། སྒྲ་མདོ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་གསུངས། དེ་ལ་རཏྣ་མ་ཏི་པ་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཡོད་པའི་འགྲེལ་པ་མཛད་དེ་འཕགས་ཡུལ་དུ་དར་ཞིང་རྒྱས་པར་མཛད་པས་དེ་ནས་རྒྱུད་པ་ལ་སྒྲ་ཙནྡྲ་པར་གྲགས་སོ། །

སྒྲ་ཀ་ལཱ་པ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སྦྱིན་བདག་རྒྱལ་པོ་བདེ་སྤྱོད་བཟང་པོ་དང་ལེགས་སྦྱར་གྱི་སྒྲ་ཅུང་ཟད་ཤེས་པའི་ཁོའི་བཙུན་མོ་དང་ལྷན་དུ་ཁྲུས་ལ་ཞུགས་པའི་ཚེ། བཙུན་མོས་མ་མོད་ཀཱ་སིཉྩ་ཏེ་བདག་ལ་ཆུ་མ་གཏོར་ཞེས་སྨྲས་པ་ན། རྒྱལ་པོས་མ་མཁྱེན་པར་ཏིལ་གྱི་ལ་དུ་སློང་བར་གོ་ནས་དེ་བྱིན་པས། བཙུན་མོས་ལེགས་སྦྱར་མི་ཤེས་པའི་བ་གླང་དང་འདྲ་བ་འདི་དང་འགྲོགས་པ་ལས་ཤི་བ་ལེགས་སྙམ་དུ་ཡི་མུག་པར་གྱུར་པ་ལ། རྒྱལ་པོས་སྒྲ་སློབ་པར་དམ་བཅས་པའི་ཚེ་རང་གི་ཞང་པོ་དབང་ཕྱུག་གོ་ཆས་གཞོན་ནུ་གདོང་དྲུག་བསྒྲུབས་ཏེ་ཞག་བདུན་ནས་སྨིན་དྲུག་རྨ་བྱ་ལ་ཞོན་ནས་ལག་ན་མདུང་ཐུང་ཐོགས་པ་ཞིག་བྱུང་། ཅི་འདོད་ཟེར་བ་ལ། སྒྲ་ཤེས་པར་འཚོལ་ལོ། །ཞེས་པས་སིདྡྷོ་ཝརྞ་ས་མཱཾ་ནཱ་ཡ་ལས་བརྩམས་ཏེ་མཚམས་སྦྱོར་ལྔ་དང་། མིང་ལེ་ཡན་ལག་དང་བཅས་པ་ལེའུ་དྲུག །ཀུན་བཤད་ཀྱི་རྐྱེན་རྣམས་པར་བཤད་པ་དང་བཅས་ཀྱི་རྐང་པ་བཞི་སྟེ་ལེའུ་བཅོ་ལྔ་བཅས་བཤད་མཚམས་སུ་ཚིམས་པའི་རློམ་པ་སྐྱེས་ཏེ། དེ་ཙམ་གྱིས་ཆོག་པར་འཚལ་ཞེས་སྨྲས་པས། གདོང་དྲུག་རྨ་བྱ་ལ་ཞོན་ནས་འགྲོ་བར་བརྩམ་པ་ན། བསྟན་བཅོས་འདིའི་མིང་ལ་ཅི་ཟེར་ཞེས་པས། ལན་དུ་རྨ་བྱའི་མདོངས་བསྟན་ནས་འདི་ལ་མཛེས་པའི་ཁ་དོག་གི་ཆ་དུ་མ་ཡོད་པའི་བརྡས་གཞུང་འདི་ལ་ལེགས་པའི་ཆ་དུ་མ་ཡོད་པར་གོ་བས་ཀ་ལཱ་པ་སཱུ་ཏྲ་སྟེ་ཆ་བསགས་མདོ་ཞེས་བཏགས། གཞན་ཡང་དབང་ཕྱུག་གོ་ཆ་དང་མཆོག་སྲེད་གཉིས་ཀྱིས་ལེའུ་ལྷག་མ་ཀུན་བཤད་ལ་བཞི། ཀྲིཏ་ལ་དྲུག་བཅས་བསྣན་ཏེ་ལེའུ་ཉེར་ལྔའི་བདག་ཉིད་ཅན་དུ་མཛད་ནས་རྒྱལ་པོ་ལ་བསླབས་པས་དེ་མ་ཐག་མཁས་པར་གྱུར། མདོ་འདི་ལ་འགྲེལ་པ་ཕྱི་རོལ་པའི་པཎྡི་ཏ་གྲགས་འབྱོར་གྱིས་མཛད་པའི་སློབ་ཕན་དང་། ནང་པའི་པཎྡི་ཏ་བགྲོད་དཀའ་སེང་གེས་མཛད་པའི་དུར་སིང་གཉིས་སོགས་མཛད་དེ་དར་ཞིང་རྒྱས་པར་གྱུར་ཏོ། །

དབྱངས་ཅན་མའི་བརྡ་སྤྲོད་པའི་མདོ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་འཁོར་ཆེན་པོ་ཞེས་པའི་རྒྱལ་ཁམས་སུ་བྲམ་ཟེའི་རིགས་སུ་འཁྲུངས་པ། ཚངས་པར་སྤྱོད་པའི་དགེ་བསྙེན་ཨ་ནུ་བྷཱུ་ཏི་སྟེ་རྗེས་འབྱོར་བཟང་པོ་ཞེས་ནང་པའི་པཎྡི་ཏ་ཕྱི་ནང་གི་གཞུང་ལུགས་མཐའ་དག་ལ་ནང་བྱན་ཆུད་ཅིང་སྒྲ་རིག་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ཡི་དམ་གྱི་ལྷར་བསྟེན་ཅིང་མཆོད་པ་ཞིག་ཡོད། དུས་ནམ་ཞིག་གི་ཚེ་ན། ཡུལ་ཝཱ་ར་ན་སཱིའི་ཉེ་འདབས་རོོདཱསི་ཞེས་པའི་གྲོང་ཁྱེར་ནས་བྲམ་ཟེའི་པཎྡི་ཏ་སྟོང་ཕྲག་འཚོགས་པའི་ཁྲོད་དུ་ཉིན་ཞག་མང་པོར་སྒྲའི་འབེལ་གཏམ་བྱས་ཚེ་སློབ་དཔོན་གྱིས་སྐྱེས་བུ་རྣམས་ཞེས་པའི་དོན་ལ་བུཾ་སུ་ཞེས་བརྗོད་དགོས་པ་ལ་བུཾ་ཀྵུ་ཞེས་པའི་སྒྲ་ངག་ནས་ཐོན་པས་དེར་ཚོགས་ལ་ཀུན་གྱིས་ཁྱོད་ཀྱིས་སྒྲ་ལ་མཁས་པར་རློམ་པ་ཅིའི་ཕྱིར། ཐ་ན་བརྗོད་པ་ཙམ་ཡང་མ་དག་གོ་ཞེས་སྨོད་ཅིང་འཕྱས་པ་ན། སློབ་དཔོན་ཞལ་སྐྱེངས་ཏེ་སྔོན་གྱི་སྒྲ་མཁན་རྣམས་ཀྱིས་མཛད་པའི་གཞུང་ཡོད། ནང་པར་པོད་ཏི་བསྟན་པར་བྱའོ་གསུངས། དེའི་ནམ་སྟོད་ལ་ཉིན་དེའི་དགེ་སྦྱོར་གྲུབ་ནས། ཆ་བར་བ་ལ་བསམ་གཞིག་བཏང་བས། དེ་འདྲའི་པོ་ཏི་མི་རྙེད་ན་དེ་དག་གི་མདུན་དུ་འགྲོ་བ་ལས་ཤི་བ་མཆོག་སྙམ་ནས་རལ་གྲིས་རང་གི་མགུལ་བར་གཟས་པས་ཁྲག་ས་ལ་ཉིལ་བ་དང་སྒྲ་དབྱངས་ལྷ་མོས་ཞལ་དངོས་སུ་བསྟན་ཏེ་བུ་བུ་དེ་འདྲ་མ་བྱེད་བག་ཕེབས་པར་གྱིས། དྲང་སྲོང་ཀ་ཏའི་བུས་མཛད་པའི་པརྟ་ཀ་ཞེས་པའི་གཞུང་ལས་རིགས་དང་བརྩོན་པ་ཆེན་པོའི་དོན་དུ་ཀཀྲ་ཨཱ་ག་མ་སྟེར་བའི་ཁུངས་བསྟན། རྨ་ལ་ཟུག་རྔུ་མེད་པར་བྱིན་གྱིས་བརླབས། འཕགས་མ་རང་ཉིད་ཀྱིས་མཚམས་སྦྱོར་ལྔ་དང་། མིང་ལེའུ་བཅུ་གཉིས། ཀུན་བཤད་བཅུ་བཞི། ཀྲིཏ་གཅིག་བཅས་ལེའུ་སོ་གཉིས་ཀྱི་བདག་ཉིད་ཅན་གྱི་མདོ་གསུངས། སློབ་དཔོན་གྱིས་མཚན་མོ་དེའི་ཐུན་ཐ་མར་འགྲེལ་བ་གསལ་ལྡན་ཞེས་པ་བརྩམས་ནས་དཔེ་རྙིང་ལྟར་བྱིན་གྱིས་བརླབས། ནང་མོར་ལོ་རྒྱུས་རྣམས་ཞིབ་ཏུ་སྨྲས་པས་ཐམས་ཅད་ངོ་མཚར་དུ་གྱུར་ཅིང་མདོ་གཞན་ལས་ཁྱད་པར་དུ་འཕགས་པར་གླེང་། སློབ་དཔོན་འདི་ནི་རྒྱ་གར་གྱི་མཁས་པ་སྒོ་དྲུག་དང་དུས་མཚུངས་སོ། །འདི་ལ་འགྲེལ་པ་བུཉྩརཱ་ཛ་དང་འདོད་འཇོ། གསལ་ལྡན་ཆུ་རྒྱུན་ཏེ་ནང་པའི་པཎྡི་ཏས་མེ་རྩེད་པ་གསུམ། ཡོངས་སུ་སྣང་བྱེད་དང་། རྒྱན་དུ་གྱུར་པ། སཎྱ་ཤིས་སྟེ་ཕྱི་པའི་པཎྡི་ཏས་བརྩམས་པ་གསུམ་བཅས་གྲགས་ཆེ་བའི་འགྲེལ་པ་དྲུག་སོགས་མཛད་པར་བརྟེན་སྒྲ་གཞུང་ཀུན་ལས་དབྱངས་ཅན་བརྡ་སྤྲོད་པ་འདི་ཉིད་རྒྱ་གར་ཡུལ་ཕྱོགས་ཀུན་ཏུ་འཕྲིན་ལས་རྒྱ་ཆེར་དར་བ་ཡིན་ཏེ། ཀ་ལཱ་པ་ནི་ཤར་ཕྱོགས་གཽ་ར་བྷཾ་ག་ལ་ན་དར། གཞན་ན་ཉུང་། ཙནྡྲ་པ་ནི་ལྷོ་ནུབ་གུ་ཛི་ར་ཏ་ན་དར། གཞན་ན་ཉུང་། པཱ་ཎི་བ་ཡང་ཉན་བཤད་མ་ནུབ་ཙམ་ཡོད། དབྱངས་ཅན་བརྡ་སྤྲོད་པའི་གཞུང་ནི་ཡུལ་དབུས་ཝ་ར་ཎཱ་སི་བརྒྱུད་ནས་ཡུལ་ཐམས་ཅད་ལ་ཆེས་ཆེར་དར་བ་ཡིན་ཏེ། འདི་ལ་འགྲེལ་བཤད་གྲགས་ཆེ་བ་དྲུག་དང་གྲགས་ཆུང་བ་ཤིན་ཏུ་མང་ཞེས་བཤད་དོ། །

གསུམ་པ། སྒྲ་རིག་པ་བོད་གངས་ཅན་གྱི་ལྗོངས་སུ་དར་ཚུལ་བཤད་པ།

དེ་ཡང་བོད་གངས་ཅན་གྱི་ལྗོངས་སུ་ལོ་ཙཱ་བའི་ཐོག་མ་སློབ་དཔོན་ཐོན་མི་སམ་བྷོ་ཊས་སྔོན་མེད་རིག་པའི་ཐབས་འཕྲུལ་ལ་བརྟེན་ནས་བོད་ཡིག་གསར་བཏོད་མཛད་པ་དང་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་རྒྱ་གཞུང་གང་མང་ཞིག་བོད་དུ་བསྒྱུར་བ་ནས་བཟུང་སྟེ། སྒྲ་རིག་པའང་བོད་དུ་དར་བར་སློབ་དཔོན་དམུ་དགེ་བསམ་གཏན་གྱིས་གསུངས། དེ་ལྟར་བསྟན་པ་སྔ་དར་གྱི་དུས་སུ་སྒྲ་ལ་སློབ་མཁན་རྒྱུན་མ་ཆད་པ་བྱུང་ནའང་། ཆོས་རྗེ་ས་པཎ་ཡན་ལ་སྒྲ་མདོ་སོགས་ཐ་སྙད་རིགས་གནས་ཀྱི་བསྟན་བཅོས་བོད་དུ་མ་འགྱུར་བར་བཤད། དེ་ནས་ཐར་ལོ་ཉི་མ་རྒྱལ་མཚན་དང་། ལྷག་ཏུ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་འཕགས་ཡུལ་ནས་ལེགས་སྦྱར་ལ་མཁས་པར་བསླབས་ཏེ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལ་ལེགས་པར་བཤད་ཅིང་དེས་ཀ་ལཱ་བ་འགྲེལ་པ་ཆ་ལག་དང་བཅས་པ་བོད་སྐད་དུ་བསྒྱུར་ཞིང་འཆད་ཉན་གྱིས་གཏན་ལ་ཕབ། དེའི་སློབ་མ་ལོ་ཆེན་བྱང་ཆུབ་རྩེ་མོ། ལྷ་མཐོང་ལོ་ཙཱ་བས་དབྱངས་ཅན་སྒྲ་མདོ་དང་འགྲེལ་པ་གསལ་ལྡན་ཕྱེད་ཙམ་བསྒྱུར། ལོ་ཆེན་བྱང་ཆུབ་རྩེ་མོ། དེའི་སློབ་མ་ལོ་ཆེན་ནམ་མཁའ་བཟང་པོ། དེའི་སློབ་མ་ལོ་ཙཱ་བ་ཐུགས་རྗེ་དཔལ། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་མཁས་གྲུབ་མང་པོ་བྱོན་ནས་སྒྲ་གཞུང་དུ་མ་གསར་དུ་བསྒྱུར་བ་དང་།

འཆད་ཉན་གྱི་སྲོལ་ལེགས་པར་ཕྱེས། དེ་རྣམས་ལས་སྒྲ་རིག་པར་ཕྱག་རྗེས་ཆེ་བ་ནི་ཤོང་དཔང་རྣམ་གཉིས་ཡིན་པར་གསུངས་ཤིང་།

དུས་ཕྱིས་ཇོ་ནང་ཏཱ་ར་ནཱ་ཐས་འགྲེལ་པ་ཇོ་ཊཱིཀ་བྱ་བ་མཛད། རྒྱལ་མཆོག་ལྔ་པ་ཆེན་མོའི་བཀའ་བཞིན་འདར་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ཀྱིས་མཁས་པ་སྔ་མའི་གསུང་སྒྲོས་དང་རྒྱ་གཞུང་ཁུངས་ཐུབ་ལ་གཏུགས་ནས་ཚིག་ཉུང་དོན་འདུས་པའི་དབྱངས་ཅན་བརྡ་སྤྲོད་པ་འགྲེལ་པ་གསལ་ལྡན་ཞེས་བྱ་བ་ཕོ་བྲང་པོ་ཏ་ལ་རུ་ལེགས་པར་བསྒྱུར་ཏེ་འཆད་ཉན་གྱི་སྒོ་བརྒྱ་ཡངས་པོར་ཕྱེས། དེ་ནས་ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ། དབྱིག་གྱ་རབ་འབྱམས་པ་འཇམ་དབྱངས་དཔལ་ལྡན། ཀུན་མཁྱེན་འཇིགས་མེད་དབང་པོ། ཀུན་དགའ་སངས་རྒྱས། སྨན་པའི་དུང་ཕྲུག །ཅོ་ནེ་གྲགས་པ་བཤད་སྒྲུབ། ཨེ་ཝཾ་པ་ཆོས་གྲགས་རྒྱ་མཚོ། ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ། རྩིས་རམས་པ་བསམ་འགྲུབ་རྒྱ་མཚོ། ལྔ་རིག་སྨྲ་བ་སྨད་སོག་བཛྲ་ཚང་། རིས་ཆུང་བ་ཤེས་རབ། མཁན་ཆེན་ཁྲོ་རུ་ཚེ་རྣམ་སོགས་བྱོན་ནས་སྒྲ་རིག་པའི་འཆད་ཉན་དར་སྤེལ་གནང་དང་གནང་བཞིན་པར་མ་ཟད། སྒྲ་མཆན་དང་། ཟིན་བྲིས་སོགས་མང་པོ་མཛད་ནས་དབྱངས་ཅན་སྒྲ་རིག་པ་གཙོས་པའི་སྒྲ་རིག་པའི་བསྟན་པ་ཕྱོགས་བཅུར་དར་བ་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1