༄༅།། ཉག་རོང་གི་བཅུ་གསུམ་དུས་ཆེན་ལ་ཕུལ་བའི་ཤིས་ཚིག་དཔྱིད་ཀྱི་སྒྲ་དབྱངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-21


          དཀར་གཙང་ཁ་བའི་རྡུལ་བརྩེགས་མཁར་གྱི་སྟོད་དུ་བཞུགས་དུས།།

ཀེ་ལ་ཤ་ཡི་རྒྱལ་པོ་ཨ་འཛི་རོང་དུ་ཕེབས་འདྲ།། 

དྭངས་བསིལ་འབྲི་ཆུའི་ཆུ་ལག་མཐའ་ནས་རྒྱན་གྱིས་བཀླུབས་དུས།།

དགུང་གི་གཡུ་འབྲུག་སྔོན་མོ་ནགས་རོང་གསེབ་ཏུ་འཁྱིལ་འདྲ།། 


བརྗིད་ཆགས་ལྕགས་མདུད་ཕོ་བྲང་ཉག་སྐེད་སྒང་དུ་འགྱིང་དུས།།

ལྷ་སའི་ཕོ་བྲང་དམར་པོ་ལྕགས་མདུད་ཡུལ་དུ་བཞེངས་འདྲ།།

ཉག་བྲོ་ཐང་དཀར་རྒོད་པོའི་ཕུ་དུང་མཁའ་ལ་ལྡིང་དུས།།

སྲིད་གསུམ་འདུལ་བའི་ཨ་མགོན་གྱི་ལིང་རྟ་ལས་བབས་འདྲ།། 

 

བྲག་དཀར་དུང་ལུ་དཀར་པོ་ཉག་གི་དཀྱིལ་དུ་བཞུགས་དུས།།

སྐྱེ་དགུ་སྐྱབས་པའི་འདྲེན་མཆོག་ཉག་རོང་ཡུལ་དུ་ཕེབས་འདྲ།།

རྫོགས་ཆེན་ཆོས་ཀྱི་སྙིང་བཅུད་སྒྲུབ་ཕུག་སྦུག་ནས་བཀླགས་དུས།།

འཇའ་ལུས་གྲུབ་པའི་ཉག་བླས་ཁམས་གསུམ་ཐུགས་རྗེས་གཟིགས་འདྲ།། 


སྲིད་པ་གངས་རིའི་ལོ་རྒྱུས་ལྷད་མེད་གདོང་དུ་མཚོན་དུས།།

གཞུང་དྲང་རྟུལ་ཕོད་ཅན་གྱི་སྲོལ་འཛིན་མྱུ་གུ་བཞད་འདྲ།།

ཕོ་རྩ་སྣ་དགུ་འཛོམས་པའི་བྱད་རྫིག་འདུ་འགྲིལ་བྱུང་དུས།།

ཁམས་པའི་ཕོ་རྒོད་འབྱུང་གནས་ཤར་རྒྱག་མིག་ཏུ་མངོན་འདྲ།།

 

ཞི་དུལ་སྙིང་ལ་རྗེ་མོའི་ཨ་ཅེ་ཡིད་ལ་བསྒོམས་དུས།།

གླིང་རྗེ་གེ་སར་རྒྱལ་པོའི་མཁའ་འགྲོའི་མཚེ་མ་ཡིན་འདྲ།།

སྙན་འཇེབས་ཡིད་དབང་འཕྲོག་པའི་ཉག་གླུ་འཛུམ་གྱིས་ལེན་དུས།།

ལྷ་བྱ་ཁུ་བྱུག་སྔོན་མོས་དཔྱིད་ཀྱི་དཔལ་ཡོན་བསུ་འདྲ།། 


ཡུལ་ལྷའི་མགོ་འཕང་བསྟོད་པའི་ཀི་ཀི་བསྭོ་བསྭོ་སྒྲོག་དུས།།

ཡུལ་མི་སྤུན་མཆེད་འཛོམས་པའི་བཀྲ་ཤིས་ཉིན་མོ་ཡིན་འདྲ།།

སྲོལ་རྒྱུན་བཅུ་གསུམ་དུས་ཆེན་ཉག་ཁོངས་ལུང་ནས་རོལ་དུས།།

མེས་པོ་གོང་མའི་བྱས་རྗེས་ཁྱོན་ནས་བརྗེད་པ་མེད་འདྲ།། 

 

ལྷ་བསང་དྲི་མེད་དཀར་པོས་མཁའ་དབྱིངས་ཞོ་ལྟར་བཀབ་དུས།།

ཉིན་མཚན་ཀུན་ཏུ་བདེ་ལེགས་མི་འབྱུང་སྲིད་པ་མེད་འདྲ།།

དར་ལྕོག་དཀར་སེར་དམར་ལྗང་ཐོག་ཁའི་རྩེ་རུ་བཙུགས་དུས།།

ཁ་རྗེ་རླུང་རྟ་དར་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་འདྲ།། 


མཆོད་གནས་གཡང་སྒམ་དྲུང་དུ་ནོར་འགུག་གཡང་འབོད་བྱེད་དུས།།

ཛམ་བྷ་ལྷའི་བྱིན་རླབས་མཐའ་ཡས་འཛད་པ་མེད་འདྲ།།

ཨ་མཆོད་སྡོམ་གཙང་ཞལ་ནས་གསོལ་བ་ཡང་ཡང་བཏབ་དུས།།

ཆོས་དང་རིག་པའི་གཞུང་ལུགས་འགྱུར་མེད་སྲིད་དུ་གནས་འདྲ།། 

 

ཁ་དགེ་བསོད་ནམས་ཅན་གྱིས་དར་བཤད་ཆོས་དང་འབྲེལ་དུས།།

མི་ཕྱུགས་ཚེ་ཐག་རིང་ཞིང་ལོ་ལེགས་ལྗང་བུ་འཁྲུངས་འདྲ།།

བཀྲ་ཤིས་རྟེན་འབྲེལ་ཁ་གཡང་སྨོན་པའི་ཚིག་དང་འབྲེལ་དུས།།

གནམ་ལ་ཉི་ཟླ་འཛོམས་ཤིང་ས་ལ་འཆམ་མཐུན་འབྱུང་འདྲ།། 


འཇིག་རྟེན་ཆོས་བརྒྱད་སྤངས་བའི་བླ་མ་ཁྲི་ལ་བཞུགས་དུས།།

རྒན་རྒོན་ཡོངས་ཀྱིས་བཅངས་པའི་རེ་བར་འཛོལ་བ་མེད་འདྲ།།

དུས་དང་འཚམ་པའི་ཤེས་ཡོན་གསེར་དངུལ་རྡོ་ལས་གཅེས་དུས།།

འབྱོར་འབྲིང་སྤྱི་ཚོགས་ལམ་དུ་ཞུམ་མེད་སྐྱོད་བཞིན་ཡོད་འདྲ།།

  

ཕ་གཤིས་ཙན་དན་སྡོང་པོས་བུ་རྒྱུད་སློབ་གྲྭར་མངགས་དུས།།

ནང་མིའི་ཁ་གསོ་ཐུབ་པའི་མན་ངག་རྒྱུད་པས་རྙེད་འདྲ།།

མ་བཟང་ལན་བུ་ཅན་གྱིས་གཙང་སྦྲ་འཕྲོད་བསྟེན་གཟབ་དུས།།

ནད་རིགས་བཞི་བརྒྱ་རྩ་བཞི་སེལ་པའི་སྤོབས་པ་མཐོ་འདྲ།། 


རྒྱན་དང་འཛིང་རེས་སྤངས་པའི་སྟག་ཤར་གྲལ་འགོ་སྡོད་དུས།།

ཕོ་རྒོད་བསམ་ཡོད་ཅན་གྱི་བརྗིད་ཉམས་ཤུགས་ཀྱིས་སྟོན་འདྲ།།

དུག་གསུམ་ཡིད་ནས་སྤངས་པའི་མཛེས་མས་མཛའ་གླུ་ལེན་དུས།།

ས་སྟེང་ཕོ་ལུས་བླངས་པའི་སྲོག་ཆགས་འདོད་པས་རྒྱས་འདྲ།། 

ལྷག་བསམ་དག་པའི་སྨོན་ཚིག་རྩིས་འཕྲུལ་ནང་དུ་བླུག་དུས།།

དུས་ཀྱི་འགྲོས་དང་མཐུན་པས་ཅི་བསམ་དོན་འགྲུབ་ཡོང་འདྲ།།

བཅུ་གསུམ་དུས་ཆེན་ཉིན་ལ་བཀྲ་ཤིས་སྨོན་ཚིག་ཞུས་དུས།།

སྨོན་ཚིག་མ་ལུས་ཡོངས་རྫོགས་མི་འབྱུང་སྲིད་པ་མེད་འདྲ།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1