ཞི་ཅིན་ཕིང་གིས་ཨེ་ཅིབ་རྒྱལ་ཁབ་ཀྱི་སྲིད་འཛིན་སེ་ཞི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-21


  སྤྱི་ཟླ་1པའི་ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁེ་རོའི་ཨ་པིས་ཏིན་ཕོ་བྲང་དུ་ཨེ་ཅིབ་རྒྱལ་ཁབ་ཀྱི་སྲིད་འཛིན་སེ་ཞི་དང་མཇལ་འཕྲད་གནང་། 

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཅིབ་གཉིས་ཀྱི་བར་ཐག་རིང་ནའང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཤིན་ཏུ་ཟབ། ཕན་ཚུན་ཡིད་ཆེས་བྱས་ཆོག་པའི་གྲོགས་པོ་བཟང་པོ་ཡིན། ལོ་ངོ་60སྔོན་ལ། རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་པས་མིག་རྒྱང་རིང་པོས་དེང་རབས་ཀྱི་ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བའི་སྒོ་འཕར་ཕྱེས་པ་མ་ཟད། ཀྲུང་གོ་གསར་པ་དང་ཨ་རབ། ཧྥེ་གླིང་རྒྱལ་ཁབ་ཀྱི་འབྲེལ་བའི་སྒོ་འཕར་ཡང་ཕྱེས་པ་རེད། ལོ་ངོ་60རིང་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་མཛའ་བརྩེ་ཟབ་མོ་ཆགས་པ་རེད། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བགྲོད་ལམ་ཅི་ལྟ་བུ་ཞིག་བདམས་པ་དེ་ལོ་རྒྱུས་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་དང་ཁ་བྲལ་མི་རུང་ལ། རྒྱལ་ཁབ་དེ་ཉིད་ཀྱི་མི་དམངས་ཀྱིས་རང་བདག་གིས་འཚོལ་ཞིབ་དང་གོ་རིམ་ཡོད་པའི་སྒོ་ནས་འཕེལ་རྒྱས་སུ་གཏང་དགོས། ཀྲུང་གོ་ཕྱོགས་ནས་ཨེ་ཅིབ་ཀྱིས་གཏན་འཇགས་ལ་འགན་སྲུང་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་ཐད་ལ་འབད་བརྩོན་བྱེད་པ་དང་ཨེ་ཅིབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ས་གནས་ལས་དོན་ཁྲོད་ནུས་པ་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱ་ངེས་ལ། ཨེ་ཅིབ་དང་ལྷན་དུ་མཉམ་འབྲེལ་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་སྔར་ལས་དྲང་བདེན་དང་ལུགས་མཐུན་ཡིན་པའི་རྒྱལ་སྤྱིའི་སྒྲིག་སྲོལ་བསྐྲུན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན། ཀྲུང་གོ་དང་ཨེ་ཅིབ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་རྒྱུན་སྐྱོང་དང་དར་སྤེལ་དུ་གཏང་སྟེ་ཕྱོགས་གཉིས་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ཆེན་པོ་བསྐྲུན་དགོས་ཞེས་བསྟན།། 

  སེ་ཞི་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཙུགས་ནས་ལོ་ངོ་60འགོར་བའི་རིང་ལ་ཨེ་ཅིབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་བཟང་། ཨེ་ཅིབ་ཕྱོགས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཉམས་མྱོང་ལ་དཔེ་ལྟ་དང་སློབ་སྦྱོང་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་འབྲེལ་གཏིང་ཟབ་དང་ཕྱོགས་ཡོངས་ནས་ཨེ་ཅིབ་དང་ཀྲུང་གོའི་འཐབ་ཇུས་འབྲེལ་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1