༄༅།།སྐབས་འདི་ལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26



                     
ཕ་ཡུལ་གྱི་ནམ་མཁའ་ཧ་ཅང་སྔོ་སྲིད།
སྐར་མ་ཚོམ་བུའི་མིག་ཟུང་ཡང་ཀེམ་ཀེམ་དུ་འགུལ་ཡོད་སྲིད།
སྟོན་རླུང་བསིལ་མོས་སོག་མར་བྱིལ་བྱིལ་བྱེད་ཡོད་ཀྱང་སྲིད། 
རི་ཀླུང་ཀུན་ལ་འབྲུ་དྲུག་གི་དྲི་བསུང་འཐུལ་ཡོད་ཀྱང་སྲིད།

སྐབས་འདི་ལ། 
ཁང་ཁྱིམ་གྲུ་བཞི་དེའི་གློག་སྒྲོན་ད་དུང་གཟིམ་མེད་ཀྱང་སྲིད།
ལྷས་ར་གྲུ་བཞི་དེར་ཁ་བརྡའི་བརྩེ་བ་འཁོར་ཡོད་སྲིད།
བརྩེ་བ་སྒོར་སྒོར་དེའི་དཀྱིལ་ན།
ཕ་མས་ད་ལོའི་འབྲུ་དྲུག་གི་ཡོང་སྒོ་གླེང་བཞིན་ཡོད་ཀྱང་སྲིད།
སྒེའུ་ཁུང་ལས་འཐོར་བའི་རླུང་བུ་འཇམ་པོ་ལས།
ད་དུང་རྒྱང་རིང་གི་རྒྱང་རིང་ཞིག་དྲན་ཡོད་ཀྱང་སྲིད།

སྐབས་འདི་ལ།
རྔུལ་ཁྲག་གིས་བསྐྲུན་པའི་རྒྱལ་ཁ་ཞིག
ཕ་ཡུལ་གྱི་རི་ལུང་ན་འཐོར་བཞིན་ཡོད་སྲིད།
འབྲུ་དྲུག་གི་མགོ་ལྕོག་ལྡེམ་འདྲའི་འཛུམ་མདངས་ཤིག
ཡུལ་མི་ཚོའི་སེམས་ཀྱི་མཚོ་མོ་དང་།
གདོང་གི་རི་མོ་ན་ཤིག་ཤིག་ཏུ་འགུལ་བཞིན་ཡོད་སྲིད།
དཔྱིད་ཀ་དང་འདྲ་བའི་རེ་བ་གསོན་པོ་ཞིག
སྟོན་གསུམ་གྱི་སྙིང་ན་ཆལ་ཆིལ་དུ་འཁྱིལ་ཡོད་ཀྱང་སྲིད།

སྐབས་འདི་ལ།
སུ་ཡང་ཉིན་ཞིག་གི་ངལ་དུབ་བསྐྱུར་ཏེ་གཉིད་ལ་རོལ་ཡོད་སྲིད།
སུ་ཡང་སང་ཉིན་ཞེས་པའི་དོང་ཁའི་འོད་ཉག་ཅིག་ལ་སྙེག་བཞིན་ཡོད་སྲིད།
སུ་ཡང་ནམ་མཁའ་ལྟ་བུའི་རྨི་ལམ་ཞིག་ལ་འཐིམ་ཡོད་སྲིད།
སུ་ཡང་ཕ་ཡུལ་ལྟར་ཧ་ཅང་ལྷིང་འཇགས་སུ་གནས་ཡོད་ཀྱང་སྲིད། 

སྐབས་འདི་ལ།
སུ་ཞིག་གིས་སྙན་ངག་འབྲི་བཞིན་ཡོད་སྲིད། 
སུ་ཞིག་གིས་རང་ཉིད་ལ་ཚང་རྩིས་རྒྱག་བཞིན་ཡོད་སྲིད།
སུ་ཞིག་གིས་སེམས་པ་མེ་རུ་སྒྲོན་ཏེ་མཚན་ལམ་གསལ་བར་བྱས་ཡོད་སྲིད།
སུ་ཞིག་གིས་སུ་ཞིག་དྲན་བཞིན་གླེང་བཞིན་ཡོད་སྲིད། །

                  2016ལོའི་《གངས་ལྗོངས་ཉི་གཞོན།》དེབ་དང་པོ་ལས་བཤུས། 


རྩོམ་ཡིག་སྔོན་མ།
༄༅།། སྨན།
རྩོམ་ཡིག་རྗེས་མ།
༄༅།། སྣང་ཚུལ་འགལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1