༄༅།། ཕ་ཡུལ་གངས་ལྗོངས།

རྒྱལ་ཚོགས་བྱམས་པ་དོན་འགྲུབ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-04



སྡེ་བཞིའི་དཔལ་གྱི་རླབས་འཁྲུག་རྒྱ་མཚོ་ཆེ། །
མ་བསྐྱིལ་རང་འཁྱིལ་འཛིན་མའི་ཅོད་པན་ཏེ།  
ཕུན་ཚོགས་ལྔ་ལྡན་བསིལ་ལྡན་གངས་རིའི་ལྗོངས། །
ལྷ་དབང་གྲོང་འཇོམས་སོགས་ཀྱིས་བསྐྲུན་ནམ་ཅི། །

གང་དུ་ནོར་རྩེན་གན་མཛོད་བརྗིད་ཉམས་ལ། །
འཕྱ་བ་གསལ་བྱེད་མངའ་ཐང་ཅུང་དབེན་ཡང་། །
ལྡེམ་མེར་འགྱིང་བ་སྦྲ་ནག་གྲུ་བཞི་སོགས། །
སུམ་རྩེན་ཕོ་བྲང་ནས་འཕོས་རྔམ་ཞིང་བརྗིད། །

དགོས་འདོད་ཀུན་འབྱུང་རླབས་ལྡན་སྐྱེ་དངོས་ཕོན། །
གང་ཏུ་འཕྱོ་བ་ས་འཛིན་ནོར་གྱི་མཆོག །
ཐུ་བྷོད་རིག་ཤེས་རྒོད་པའི་གོ་ལའི་མིག །
དགའ་འདོད་སྐྱེ་བོའི་མིག་གི་དགའ་མ་བཞིན། །

མུ་ཁྱུད་གངས་དཀར་དབྱིག་གི་ཤེལ་ཕྲེང་དབུས། །
རྒོད་པོའི་གཤོག་ཟུང་ཐོགས་པའི་སྤང་གི་ཐང་། །
བརྒྱད་ལྡན་ཉལ་འགྲོའི་ཚོགས་ཏེ་འདོད་འཇོའི་དཔལ། །
རྨི་ལམ་དག་ཞིང་ཡུལ་ཞིག་བདེན་གྲུབ་འདྲ། །

གངས་ལྗོངས་དགའ་ཚལ་རིན་ཆེན་དོ་ར་རུ། །
སྣ་མང་དཔལ་ཡོན་མངོན་པར་གྲུབ་པའི་གནས། །
རིགས་མང་མགྲོན་པོ་ཉལ་འགྲོའི་རྒྱུན་དག་ནི། །
ལྟོས་མེད་བཞུར་བའི་རྣམ་པ་འཛད་མ་གྱུར། །

འབུམ་ཕྲག་གནས་བཟང་ཆར་གྱིས་རབ་རྩེན་ཞིང་།
རིན་བྲལ་སྣ་ལྔའི་མྱུ་གུས་བརྟས་སྙེམས་འཆིང་། །
ཕྱོགས་མེད་ཐུར་འགྲོས་དངོས་གྲུབ་ལེགས་བསྩལ་བས། །
དཔག་མེད་ཟླ་བའི་མ་མ་དྲེགས་པས་བཟི། །

ཆར་ལྡན་འཛིན་མར་ཁྲ་ཚོམ་མེ་ཏོག་དེ། །
ཟ་འོག་དར་ཞེས་སྲེད་ཅན་ཐ་ཚིག་བསྒྲགས། །
ཁྲོམ་པའི་ཟླ་གཟུགས་ཟླར་རློམ་རྣམ་འཁྲུལ་བས། །
ཟླ་བ་སྐྱོབས་ཞེས་སྤྲེའུ་ཆུང་འོ་དོད་འབོད། །

འཛམ་གླིང་རིག་སྨྲའི་བློ་གྲོས་བུམ་པ་ཆེ། །
སྐོང་བར་རིགས་ཚུལ་ཆུ་བོའི་རྒྱུན་མང་མོད། །
གངས་ལྗོངས་སྲོག་གི་རྒྱུ་བ་བཅུ་ཕྲག་གནས། །
སྐྱོན་དྲི་སྤྲིན་བྲལ་གཡའ་དག་བདུད་རྩི་ཉིད། །

དད་དང་སྦྱིན་སོགས་ག་བུར་ཟེགས་མ་འབུམ། །
ལེགས་བྱུགས་རྐང་གཉིས་མཆོག་གྱུར་ཆོས་ལྡན་པ། །
རྐང་འཐུང་གྲངས་མེད་ཚོགས་ཀྱི་ཀློང་ཡངས་སུ། །
ཟླ་མེད་དཔལ་གྱི་དུམ་བུའི་གཉེན་པོར་མངོན།།
2015ལོའི་《གངས་ལྗོངས་ཉི་གཞོན།》དེབ་6པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1