༄༅། །བོད་ཀྱི་གནས་རི་བསྐོར་བའི་རིག་གནས་ཀྱི་ ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་ཟབ་མོ་ ཡོད་པ་མདོར་ཙམ་གླེང་བ།

ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 05-06



གླེང་གཞི།
  སྐྱེ་ཁམས་རིག་པ་ནི་སྐྱེ་དངོས་ཀྱི་ཁོངས་གཏོགས་དང་དེ་ཉིད་འཚོ་གནས་ཀྱི་ཁོར་ཡུག་བར་གྱི་ཕན་ཚུན་འབྲེལ་བ་ལ་ཞིབ་འཇུག་བྱ་བའི་ཚན་རིག་ལ་ཟེར། སྐྱེ་དངོས་རིག་པའི་ཁོངས་སུ་སྲོག་ཆགས་དང་། རྩི་ཤིང་། ཕྲ་བའི་སྐྱེ་དངོས་བཅས་འདུས། རིག་གནས་ནི་མིའི་རིགས་ཀྱིས་སྤྱི་ཚོགས་དང་། ལོ་རྒྱུས་དལ་འབབ་རིང་མོའི་བརྒྱུད་རིམ་ནང་གསར་གཏོད་དང་། གསོག་འཇོག སྤྱི་བསྡོམས་བྱས་ཏེ་རང་ཉིད་ཀྱི་འཚོ་བ་དང་འབྲེལ་བའི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ལྡན་པ་དེ། མཐའ་སྐོར་གྱི་ཁོར་ཡུག་དང་འཚམས་པ་བྱེད་པའི་རིག་ལམ་གཏན་ཆགས་ཅན་ཞིག་ལ་ཟེར།    གནས་བསྐོར་ལ་དེ་སྐོར་བའི་དུས་དང་། སྐོར་བའི་ཚད། སྐོར་བའི་དགོས་པ་རྒྱུ་མཚན་ཕན་ཡོན་སོགས་གསལ་བའི་གནས་བཤད་དང་། ཁ་བྱང་། ལམ་ཡིག དཀར་ཆག གཏེར་བྱང་ལྡེ་མིག་སོགས་ལས་མང་པོ་གསུངས་པ་བཞིན་གནས་སོ་སོའི་བྱུང་རིམ་གྱིས་ཅུང་ཁྱད་པ་རེ་ཙམ་ལས་རྩ་བའི་ཆ་ནས་གཅིག་པའོ། །གནས་ཁག་གཅིག་ལ་ནི་ལོ་ཁམས་བཅུ་གཉིས་རེ་མོས་ཀྱིས་བསྐོར་སྲོལ་ཡོད་པ། དེ་ལ་གནས་འདུས་སམ་བསྐོར་ཆེན་ཞེས་ཟེར་སྲོལ་ཡོད། 
  གནས་བསྐོར་བའི་ལོ་ལ་གནས་མདོ་ཀརྨ་ཆགས་མེད་(༡༦༡༠-༡༦༧༤)ཞབས་ཀྱི་གསུང་ལས། ཐོག་མར་གནས་བསྐོར་བའི་ལོ་ནི། བྱི་ལོར་རྒྱ་ནག་རི་བོ་རྩེ་ལྔའི་མཆོད་རྟེན་བཞེངས་པ་ཡིན། ལོ་དེར་གནས་མཇལ་ན་ཕན་དང་བྱིན་རླབས་ཆེ། དེ་བཞིན་གླང་གི་ལོ་ལ་གླང་ཆེན་འགྱིང་རི་མཇལ། སྟག་ལོར་སྤ་གྲོ་སྟག་ཚང་མཇལ། ཡོས་ལོར་བསམ་ཡས་བཞེངས་པར་ལོ་དེར་མཇལ་ན་བྱིན་རླབས་ཆེ། འབྲུག་ལོར་དགུན་གྱི་དུས་སུ་འབྲུག་ལྡིར་བའི་ཞིང་ཁམས་རྒྱ་གར་རྡོ་རྗེ་གདན་མཇལ། རྟ་ལོར་རྟ་མཆོག་ཁ་བབས་ཀྱི་གནས་གངས་ཏི་སེ་དང་མཚོ་མ་ཕམ་མཇལ། ལུག་ལོར་ལུག་ཚོང་པ་བྱང་ཡིན་པས་གནམ་མཚོ་མཇལ། སྤྲེལ་ལོར་སྤྲེལ་ཚོགས་པ་ཙཱ་རི་བསྐོར་དུ་འགྲོ། བྱ་ལོར་རི་བོ་བྱ་རྐང་མཇལ། ཁྱི་ལོར་ཁྱི་དང་མི་སོགས་འདུས་ཆེ་བས་ཆོས་འཁོར་ལྷ་ས་མཇལ། ཕག་ལོར་ཕག་ལ་དགའ་བའི་ཀོང་ཡུལ་བྲག་གསུམ་མཇལ་བ་སོགས་དེ་ལྟར་སོ་སོར་གནས་རྣམས་མ་ནོར་བར་མཇལ་ན་ཕན་ཡོན་དང་འགྱུར་ཆེ་བར་སྔོན་གྱི་བསྟན་རབས་རྣམས་ཀྱིས་ཟེར་རོ། །ཞེས་གསུངས་། གནས་བསྐོར་མཁན་གྱི་ལུས་ངག་ཡིད་གསུམ་གྱི་ལྟ་སྤྱོད་ལའང་མཆོག་ཕལ་འབྲིང་གསུམ་གྱི་དབྱེ་བའི་སྐོར་ལ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ(༡༨༨༠-༡༩༢༥) ཞབས་ཀྱི་གསུང་ལས། ཆགས་མེད་ཞེན་མེད་གཏད་མེད་ངེས་མེད་གནས། །རང་འཁྲིས་མེད་པས་གདུལ་བྱ་རིས་མེད་ལ། །ཕན་བྱེད་འགྲོ་དོན་རྒྱལ་ཁམས་ཕྱོགས་མེད་བྱེད། །གནས་བསྐོར་རབ་ཀྱི་རྣམ་པར་ཐར་པའོ། །དམ་པ་ཕྱོགས་མེད་སེལ་མེད་བསྟེན་པ་དང་། །དམ་ཆོས་རིས་མེད་འགལ་མེད་ཞུ་བ་དང་། སྒྲུབ་གནས་ཕྱོགས་མེད་འཛིན་མེད་ཚོགས་བསགས་པ། །འདི་ཡང་གནས་བསྐོར་རབ་ཀྱི་རྣམ་ཐར་རོ། །རྟེན་གསུམ་ཀུན་ལ་དད་པས་ངལ་དུབ་ལ། །མི་སྐྱོ་དབེན་གནས་དགོན་སྡེ་ཐམས་ཅད་དུ། །འགྲས་མེད་སུན་མེད་དག་སྣང་ཚོགས་གསོག་བྱེད། །གནས་སྐོར་འབྲིང་གི་རྣམ་པར་ཐར་པའོ། །དང་པོ་ཁས་ལེན་ས་སྟེང་བསྐོར་ན་བསམ། །བར་དུ་གྱེན་རེ་མཐོང་ན་གནས་རེ་བཞག །ཐ་མ་བྱས་ལོ་སོང་ལོའི་ངང་དུ་ཐལ། །གནས་སྐོར་མདོ་དོན་མེད་པའི་ངང་ཚུལ་གཅིག །དགེ་འདུན་ཡོན་ཏན་མི་མཐོང་སྐྱོན་དེ་མཐོང་། །ལྷ་སྐུ་གསུང་རབ་མི་མཇལ་རྒྱང་བལྟས་བྱས། །མཐོང་ན་སློང་ཞིང་མ་མཐོང་རྐུ་བ་དེ། །གནས་བསྐོར་སྡིག་བསྐོར་སོང་བའི་ངང་ཚུལ་གཉིས། །དཀའ་ཆད་བྱུང་དུས་གནས་ལ་ལོག་ལྟ་བྱས། །ལྷ་ཁང་ད་ལྟ་མཇལ་བ་ད་ལྟ་བརྗེད། །གནས་བསྐོར་ལམ་དུ་ཁོང་ཁྲོ་དཔའ་རུ་བརྩི །གནས་བསྐོར་ངལ་བ་འབྲས་མེད་དང་མཚུངས་དོར། ཞེས་གསུངས། གནས་ཡིག་རྙིང་པ་ལས། གནས་འདུས་ལོ་ནི་ཕྱོགས་དུས་ཀྱི། །སངས་རྒྱས་སྲས་དང་རྒྱུད་སྡེའི་ལྷ། །དཔའ་བོ་མཁའ་འགྲོ་ཆོས་ཞིང་སྐྱོང་། །འགྲོ་བའི་དོན་དུ་འདིར་འདུས་ཕྱིར། ཡང་། རྣམ་གྲོལ་དབུགས་ཆེན་འབྱིན་པ་ཡི། །འོག་མིན་རྣམ་སྣང་གངས་ཆེན་མཚོ། །ལོངས་སྐུའི་ཞིང་དང་སྟོང་གསུམ་ཁམས། །སྤྲུལ་སྐུ་ཞིང་ཁམས་བསམ་མི་ཁྱབ། །བྱེ་བྲག་རྒྱ་གར་རྒྱ་ནག་དང་། །བལ་བོད་གནས་ཆེན་ཉེར་བཞི་དང་། །གནས་ཕྲན་བསམ་གྱིས་མི་ཁྱབ་ཀུན། །འདིར་འདུས་ཕྱིར་ན་གནས་འདུས་གྲགས། །ཞེས་གསུངས་པ་སོགས་གནས་རི་སོ་སོར་ལ་གནས་ཡིག་རྒྱས་བསྡུས་གང་རུང་ཡོད་ལ། གནས་ཡིག་རྒྱས་པ་ལ་གནས་ཀྱི་འབྱུང་ཁུངས་དང་། ནང་གསེས་ཀྱི་དབྱེ་བ། གནས་ཀྱི་ངོ་བོ་སྒྲ་དོན་མཚན་ཉིད། གནས་སྒོ་ཕྱེ་བའི་ཚུལ། གནས་ཀྱི་དཀར་ཆག གནས་བསྐོར་ཇི་ལྟར་བྱ་བའི་ཚུལ། གནས་ལ་ཕྱག་བསྐོར་བྱ་བའི་ཕན་ཡོན་བཅས་བཀོད་ཡོད།  དེའང་བོད་འདི་ཐོག་མར་གནོད་སྦྱིན་དང་། བདུད་སྲིན་ཀླུ་བཙན་སོགས་ཀྱིས་དབང་དུ་བཟུང་བའི་ཡུལ་ཞིག་ཡིན་པ་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས་གསལ་བ་ལྟར། ལྷ་ཀླུ་གཉན་བཙན་ལྷ་མ་ཡིན་དང་དྲི་ཟ་གྲུལ་བུམ་མིའམ་ཅི་ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དང་། ཤ་ཟ་དང་སྲིན་པོ་དང་འབྱུང་པོ་རོ་ལངས་རྒྱལ་འགོང་ཐེའུ་རང་ཡུལ་ལྷ་གཞི་བདག་སོགས་ཡོད་པར་ཁས་ལེན་པའི་མི་རིགས་ཤིག་ཡིན་པ་དང་། དེ་དག་ལ་ཕོག་ཐུག་གཏོང་མི་རུང་ཞིང་བསྐྱབ་རེ་བཅོལ་ན་གནས་སྐབས་སུ་ལས་ལམ་དུ་འགྲོ་བ་མ་ཟད། མི་དང་ལྷ་སྲིན་ཀླུ་བཙན་བར། མི་དང་རང་བྱུང་ཁམས་བར་བཅས་མཐུན་པ་དང་། ལེགས་པའི་ལམ་དུ་འགྲོ་བ་ཀུན་ནས་ཡིད་ཆེས་བྱེད་པའི་འཇིག་རྟེན་པའི་ལྟ་བ་ཞིག་ཡིན་ལ། ནམ་རྒྱུན་འཚོ་བའི་ནང་དུའང་ལྷ་གསོལ་བསང་བཏང་མཛད་པའི་ཆོ་ག་མཐོང་ཐུབ། དེ་ནི་མི་རིགས་སོ་སོའི་དམངས་སྲོལ་གྱི་རིག་གནས་ནང་དུ། གདོད་མའི་དུས་ནས་དར་ཁྱབ་ཆེ་བའི་འཚོ་བའི་ཕྱོགས་སོ་སོ་དང་འབྲེལ་བ་དམ་པོ་ཡོད་པའི་གདོད་མའི་དམངས་ཁྲོད་ཀྱི་ཆོས་ལུགས་ཤིག་ཀྱང་རེད་ཟེར་ཆོག རྒྱལ་སྲས་ལག་ལེན་ལས། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་བསྐྱབས་པར་ནུས། །ཞེས་པས་འཇིག་རྟེན་གྱི་ལྷ་ཀླུ་བཙན་སོགས་མཐུ་དང་སྟོབས་ཇི་ལྟར་ཆེ་ནའང་གནས་སྐབས་སུ་བསྐྱབ་རེ་བཅོལ་བས་ཕན་རེ་ཐོགས་པ་ལས། མཐར་ཐུག་གི་ཐར་པ་ཐོབ་པ་ལ་བསྐྱབ་ཡུལ་ནི་དཀོན་མཆོག་གསུམ་ལས་གཞན་མེད་པ་གསུངས། དེ་ལྟར་དཀོན་མཆོག་གསུམ་ལ་དད་པ་དག་སྣང་དང་། ཡུལ་ལྷ་གཞི་བདག་ལ་བསྐྱབ་བཅོལ་མཆོད་གསོལ་གཉིས་བར་རྩ་བའི་ཆ་ནས་ཐ་དད་པ་དང་། བྱེད་སྒོ་དེ་དག་གི་ནང་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་ཡོད་པའི་ཆ་ནས་གཅིག་པའོ། །
དང་པོ། བོད་ཀྱི་གནས་ཡིག་རྙིང་པ་རྣམས་སུ་གནས་རི་ཇི་ལྟར་བྱུང་ཚུལ། 
  གཏེར་ཆེན་བདུད་འདུལ་རྡོ་རྗེ་(༡༦༡༥-༡༦༧༢)ཡིས་མཛད་པའི་གཙང་གཤིས་རྡོ་རྗེ་གྲོ་ལོད་ཀྱི་གནས་ཡིག་ལས། འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས༔ རིགས་ཀུན་བདག་ཉིད་པདྨ་འབྱུང་གནས་ཉིད༔ གངས་ཅན་བོད་ཀྱི་ལྗོངས་འདིར་སྤྱན་དྲངས་ནས༔ མདོ་སྔགས་བསྟན་པ་ཉི་བཞིན་གདལ་བར་མཛད༔ བོད་ཁམས་གངས་ཅན་རི་བྲག་ཐམས་ཅད་ཀུན༔ བསྒྲུབ་པའི་གནས་བྱིན་མ་འོངས་རྗེས་འཇུག་ཀུན༔ གྲུབ་པ་ཐོབ་པ་ལུང་བསྟན་ནས༔ ཆུ་བཞི་གངས་ཅན་ཉེར་ལྔ་རྫོང་ཆེན་སོགས༔ གཞན་ཡང་ཡ་མཚན་རྨད་འབྱུང་གནས་གཏེར་དཔག་མེད་སྦས༔  ཞེས་པ་དང་། 
  སྟག་ཤམ་ནུས་ལྡན་རྡོ་རྗེས་མཛད་པའི་གནས་ཆེན་སྟག་གཙང་སེངྒེ་བསམ་འགྲུབ་ཅེས་བྱ་བ་ལས། དང་པོ་གླེང་བསླང་བཤད་བྱ་བ། །སྔོན་ཚེ་བསྐལ་པ་དཔག་མེད་ནས། །སངས་རྒྱས་བྱང་སེམས་མ་ལུས་པས། །བྱང་ཆུབ་སྤྱོད་པ་མཛད་བའི་ཚེ། །གང་འདུལ་མི་དང་དུད་འགྲོ་དང་། །ལྷ་དང་དྲང་སྲོང་ཚུལ་བཟུང་ཞིང་། །སྤྱོད་པ་རི་རབ་འདི་ལ་མཛད། །དེ་རྟགས་རྗེས་བཟུང་སྣ་ཚོགས་བཀོད། །དེ་བཞིན་མ་ཏྲཾ་རུ་ཏྲ་ཉིད། །ཧེ་རུ་ཀ་ཡིས་བསྒྲལ་བའི་ཚེ། །ཤ་ཁྲག་ཚིལ་བུ་དོན་སྣོད་སོགས། །ནང་ཁྲོལ་དབང་པོ་སྐྲ་བ་སྤུ། །གང་འཐོར་ཡུལ་གནས་བྱིན་བརླབས་ཤིང་། །གསང་སྔགས་བསྟན་པའི་ས་བོན་བཏབ། །སངས་རྒྱས་བསྟན་པའི་རྟེན་འབྲེལ་བསྒྲིག །འདྲེན་པ་དེའི་ནུས་པ་ཡིས། །ནམ་ཡང་བསླུ་མེད་རྟེན་འབྲེལ་ལགས། །རྒྱ་གར་གནས་ཆེན་ཉེར་བརྒྱད་ལ། །ཡུལ་ཆེན་བཞི་བསྣན་སུམ་ཅུ་གཉིས། །བོད་ཡུལ་དེ་ཡི་ཡ་གྱལ་དུ། །ཕོ་བྲང་ཙཱ་རི་ཏྲ་ཞེས་ཡོད། །དེ་ཡི་རི་རྒྱུད་ཆུ་ཕྱོགས་ནས། །བོད་ཀྱི་གངས་རི་ཉི་ཤུ་དང་། །རྫོང་ཆེན་བཅོ་བརྒྱད་གནས་ཆེན་དགུ། །སྦས་ཡུལ་ཆེན་པོ་བཅུ་དྲུག་སོགས། །གནས་ཕྲན་སྟོང་ལ་གཏེར་གནས་ནི། །གྲངས་མེད་གཞལ་མེད་སྦས་པ་ལས། །ཁྱད་པར་ཚངས་ཆེན་བཅུ་གཉིས་ནས། །སེངྒེ་ཐོག་པ་བཞི་ཡོད་པའི། །སྟོད་དུ་སེངྒེ་རྫོང་གསུམ་དང་། །ཁམས་ལ་སྟག་ཚངས་སེང་ཕུག་གོ །སྟོད་ཀྱི་སེངྒེ་རྫོང་གསུམ་ནི། །དབུས་ཀྱི་འོད་ཕུ་སྟག་ཚངས་དང་། །མོན་གྱི་སྤ་གྲོ་སྟག་ཚངས་དང་། ཀོང་པོའི་སེངྒེ་གནམ་རྫོང་དང་། །ཁམས་ཀྱི་སྟག་ཚངས་བསམ་འགྲུབ་ཕུག །ཅེས་གསུངས་པ་དང་།
  ཀོང་སྤྲུལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེའི་(༡༨༡༣-༡༨༩༩)གསུང་ལས། མཆོད་ཡོན་ལྐོག་ཏུ་བགྲོས་ཏེ་སྐུ་དངོས་མཚོ་རྒྱལ་སོགས་ལས་ཅན་གྱི་འཁོར་དང་བཅས་བོད་ཡུལ་གྱི་ས་གཞི་རྟ་མིག་ཙམ་ཡང་མ་ལུས་པ་ཞབས་ཀྱིས་བཅགས། མངའ་རིས་སྐོར་དུ་གངས་བྲག་ཉི་ཤུ། དབུས་གཙང་དུ་སྒྲུབ་གནས་ཉེར་གཅིག མདོ་ཁམས་གནས་ཆེན་ཉེར་ལྔ། སྟོད་སྨད་བར་གསུམ་གྱི་སྦས་ཡུལ་རྒྱལ་པོ་གསུམ། ལུང་ལྔ། ལྗོངས་གསུམ། གླིང་གཅིག དེ་རེ་རེ་ལའང་རྩ་བ་དང་ཡན་ལག་མེ་ཏོག་འབྲས་བུའི་ཚུལ་དུ་ཡོད་པ་ལ་སོགས་པ་གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། ཞེས་གསལ།
  ཡང་། གནམ་ཆོས་མི་འགྱུར་རྡོ་རྗེའི་(༡༦༤༥-༡༦༦༧)གཏེར་མའི་གནས་ཡིག་ལས། དེ་ལྟར་མདོ་རྒྱུད་ནས་བོད་དུ་གནས་ཡོད་ཚུལ་མདོ་ཙམ་སྟེ༔ སྟོད་དུ་གངས་དཀར་ཏི་སེ་ཤེལ་གྱི་མཆོད་རྟེན་ལ་གནས་ཕྲན་སྟོང༔ བར་དུ་ལྷོ་ཙཱ་རི་རང་བྱུང་གི་མཆོད་རྟེན་ལ་གནས་ཕྲན་སྟོང༔ སྨད་དུ་སྐམ་པོ་གངས་ར་ཤར་ཕྱོགས་ཀ་མ་རུ་པའི་གནས་ཕྲན་སྟོང༔ ཁ་བ་རི་ཞེས་བྱ་བ་རོང་བཙན་ཁ་བ་དཀར་པོ་ལ་གནས་ཕྲན་སྟོང་ཡོད་པར་བཤད་དོ༔ ཁྱད་པར་ཨོ་རྒྱན་ཆེན་པོའི་བྱིན་གྱིས་རླབས་པའི༔ ངོ་མཚར་གནས་མཆོག་ཉེར་ལྔ༔ གནས་ཆེན་བརྒྱ་དང་རྩ་བརྒྱད་གནས་ཕྲན་སྟོང་དང་རྩ་གཉིས། ཡོད་སྐོར་གསལ།ཡང་། སེང་གནམ་བྲག་པདྨ་དབང་ཕུག་གི་གནས་ཡིག་ལས། འོ་ན་ཨོ་རྒྱན་པད་འབྱུང་ཞེས་བྱ་བ༔ ས་སྟེང་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ༔ འཁོར་འདས་ཞིང་ཁམས་རྡུལ་སྙེད་ཐམས་ཅད་དུ༔ ཉི་ཟླ་ནོར་བུ་དབང་རྒྱལ་ལྟར་གྲགས་ཏེ༔ བོད་ཁམས་མུན་སེལ་འཇམ་དབྱངས་སྤྲུལ་པའི་རྗེ༔ མངའ་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བྱང་ཕྱོགས་གངས་ཅན་ལྗོངས་འདིར་སྤྱན་དྲོངས་པས༔ ས་གཞི་བྱིན་རླབས་བོད་ཁམས་ལྷ་སྲིན་བཏུལ༔ དཔལ་གྱི་བསམ་ཡས་ལྷུན་གྲུབ་གཙུག་ལག་ཁང༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ཚུལ་དུ་བཞེངས༔ བོད་ཁམས་གངས་ཅན་རི་བྲག་ཐམས་ཅད་དུ༔ སྒྲུབ་པའི་གནས་ཕྱིན་ཟབ་གཏེར་ས་སྟེང་བཀང༔ མདོ་སྔགས་ཟབ་མོ་ཆོས་ཀྱི་ཆར་ཕབ་ནས༔ གྲུབ་ཐོབ་ལུང་བཀང་སངས་རྒྱས་བསྟན་པའི་བརྡལ༔ ཏི་སེ་ནས་བཟུང་ཁམས་ཀྱི་གཙང་ཁ་ཡན༔ བསྒྲུབ་གནས་བྱིན་ཆེན་དཔག་ཡས་ལས༔ བྱེ་བྲག་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ ཕྱི་ནང་གསང་བ་ཁོ་ན་ཉིད་གནས་ལ༔ གངས་ཉི་ཤུ་རྩ་ལྔ༔ ཆུ་བཞི༔ བྲག་ཕུག་ཆེན་པོ་བརྒྱད༔ ཡང་དབེན་བཞི༔ ངོ་མཚར་གྱི་མཚོ་ཆེན་པོ་བརྒྱད༔ དྲག་པའི་མཚོ་ཆེན་པོ་བཞི་ལས༔ སྟོད་དུ་གངས་དཀར་གྱི་རྒྱལ་པོ་ཏི་སེ་འཕགས་པ་འཇམ་དཔལ་སྐུ་ཡི་གནས༔ བར་དུ་གཉན་ཆེན་ཐང་ལྷ་སྤྱན་རས་གཟིགས་དབང་གསུང་གི་གནས༔ སྨད་དུ་རྨ་ཆེན་སྤམ་ར་ཕྱག་ན་རྡོ་རྗེ་ཐུགས་ཀྱི་གནས༔ བཅེས་རིས་རག་ཅོག་ཡོན་ཏན་གནས༔ རྡོ་རྗེ་གྲོ་ལོད་ཕྱི་ཡི་འགྲོ་བ་འདུལ་བའི་གནས༔ ཡང་སྟོད་དུ་བྲག་གི་ཡང་རྫོང་འཇམ་དཔལ་སྐུའི་གནས༔ བྲག་དམར་གཡའ་ལུང་པདྨ་གསུང་གི་གནས༔ ཡར་ལུང་ཤེལ་ཕུག་ཡང་དག་ཐུགས་ཀྱི་གནས༔ དཔལ་གྱི་མཆིམས་ཕུར་བདུད་རྩི་ཡོན་ཏན་གྱི་གནས༔ ནི་རི་རྫོང་གསུམ་ཕྲིན་ལས་ཕུར་པའི་གནས༔ སྨད་དུ་འབྲི་རྒྱལ་དཔལ་གྱི་གཉན་འདོང་སྐུའི་གནས༔ ཟིལ་ཕྲོམ་དཀར་ཡག་གསུང་གི་གནས༔ སེང་བྲག་པདྨ་དབང་ཕུག་ཐུགས་ཀྱི་གནས༔ ཤིང་གུ་གངས་ར་ཡོན་ཏན་གྱི་གནས༔ ཀཾ་པོ་གངས་ར་ཕྲིན་ལས་ཀྱི་གནས་རྣམས་ལས༔ ཞེས་སོགས་གསུངས་པ་ཁོ་བོའི་ལག་ཏུ་སོན་པའི་མ་ཡིག་བྲིས་མ་ཞིག་ལས། །དེ་ཡང་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་དུས་རབས་བརྒྱད་པའི་ནང་བོད་ཀྱི་སྣོད་ལྡན་གྱི་སློབ་ཚོགས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་བསྩལ། མ་འོངས་སྙིགས་མའི་བསྟན་འགྲོའི་གསོས་དང་། དམ་ཆོས་ལ་སེལ་སླད་མི་འཇུག་པའི་ཕྱིར་ཆོས་ནོར་རྟེན་གྱི་གཏེར་ཁ་བགྲང་ལས་འདས་པ་སྦས། བོད་ཀྱི་ས་ཁོལ་བུ་ལག་མཐིལ་ཙམ་ཡང་མ་ལུས་པ་རྫུ་འཕྲུལ་གྱིས་ཞབས་ཀྱིས་བཅགས་ཤིང་སྒྲུབ་གནས་མཛད་ནས་འབྲེལ་ཚད་དོན་ལྡན་ཆེན་པོར་བྱིན་གྱིས་བརླབས། སྤྲུལ་པ་ཡང་སྤྲུལ་རྣམ་མང་རིམ་དང་ཅིག་ཅར་བྱོན་ནས་སྙིགས་དུས་ཀྱི་རྒུད་པ་སེལ་ཞིང་། གནས་གཏེར་གྱི་སྒོ་འབྱེད་པར་ལུང་བསྟན། ཞེས་མཁའ་སྤྱོད་འབྲས་མོ་ལྗོངས་ཀྱི་གནས་ཡིག་ཕྱོགས་བསྡེབས་བཞུགས་ཞེས་པ་ལས་གསལ། 
  དུས་རབས་བཅུ་དགུ་པའི་དཀྱིལ་ལ་མཁྱེན་ཀོང་མཆོག་གསུམ་གྱི་སྐུ་དུས་སུ་མདོ་ཁམས་གནས་ཆེན་ཉེར་ལྔ་ཡན་ལག་དང་བཅས་པ་སྤྱི་ལོ་༡༨༦༤ཡན་མདོ་བྱང་གིས་དངོས་སུ་ཟིན་པ་བཞི་བཅུ་རྩ་གཉིས། མ་ཟིན་པ་བཞི་བཅུ་རྩ་གསུམ་བཅས་ཁྱོན་དྲིལ་གནས་མཆོག་བརྒྱད་ཅུ་རྩ་ལྔ་ཙམ་སྤྲུལ་པའི་གཏེར་སྟོན་ཆེན་པོ་མཆོག་གྱུར་བདེ་ཆེན་གླིང་པས་(༡༨༢༩-༡༨༧༠)ཡེ་ཤེས་གཟིགས་པའི་བྱིན་རླབས་ཀྱི་བདག་པོའི་རྐྱེན་ལས་སྣང་བར་མཛད་པའི་བཀའ་དྲིན་གྱིས་བོད་ཆེན་པོའི་ལྗོངས་སྤྱི་དང་བྱེ་བྲག་གི་བསྟན་འགྲོའི་རྒུད་པ་ཐམས་ཅད་ཞི་ཞིང་། མཐོང་ཐོས་དྲན་རེག་གི་ཡིད་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཕན་པ་དང་བདེ་བའི་དགེ་ལེགས་ཀྱི་སྣང་བ་རྒྱས་པར་སྤེལ་བར་མཛད་པ་ཡིན་ནོ། །ཞེས་གསུངས་པ་བཞིན། གཏེར་སྟོན་ཨོ་རྒྱན་གླིང་པའི་(༡༣༢༣-༡༣༦༠)གཏེར་མ་བཀའ་ཐང་ཤེལ་བྲག་དང་། གནམ་ཆོས་མི་འགྱུར་རྡོ་རྗེའི(༡༦༤༥-༡༦༦༧)གཏེར་མའི་གནས་ཡིག གཏེར་སྟོན་སངས་རྒྱས་གླིང་པའི་(༡༣༤༣-༡༣༦༩)བླ་མ་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ། སོགས་མང་པོ་ལས་གསུངས་པ་ལྟར་ཤེས་པར་བྱའོ། །
  དེའང་གོང་གསལ་གནས་ཆེད་དང་གནས་ཕྲན་དེ་དག་མིན་པའི་རྒྱ་བོད་གཉིས་གཙོས་ཡུལ་ལུང་གང་སར་ད་རུང་གནས་སྒོའམ། གནས་ཞལ་འབྱེད་རྒྱུ་བསྡད་ཡོད་པའང་མང་དུ་ཡོད་སྐད། གནས་ཞལ་ཕྱེ་ཡང་གནས་ཆེན་བྱིས་འབེབ་མཛད་མ་གྲུབ་པ་དང་གནས་ཡིག་དཀར་ཆག་སོགས་མེད་པའང་ཇི་སྙེད་ཡོད། གནས་ཁག་གཅིག་ཕྲིན་ལས་འགྲོ་དོན་སྤྲོ་བསྡུ་བྱས་པའམ་བག་ལ་ཞ་བའི་རིགས་ཀྱང་ཡོད་སྲིད། ཁག་གཅིག་འགྲོ་དོན་འཕྲོ་མཐུད་པའང་སླར་གསོལ་བའང་ཡོད་འདྲ། གནས་ཆེན་དང་གནས་ལག་ཁག་བསྐོར་སྲོལ་ཡོད་དང་མེད་པ་སྣ་ཚོགས་ཡོད་པ་སྣང་ངོ་། །སྤྱིར་བོད་མིས་གོམ་གཤིས་འདོད་ཚུལ་དུ་གནས་ཆེན་རེ་རེར་གནས་ལག ཡན་ལག གནས་ཕྲན། གནས་ཟུར། གནས་དོད། གནས་འདྲ། ཉེ་བའི་གནས་སོགས་མང་དུ་བརྩི་འཇོག་བྱེད་སྲོལ་ཡོང་འདུག དེ་དག་སོ་སོར་ཡང་གནས་ཀྱི་མདོ་བྱང་། ཁ་བྱང་། སྙིང་བྱང་། གནས་ཀྱི་ཐེམ་བྱང་། གནས་ཡིག ལམ་ཡིག་ དཀར་ཆག ལྡེ་མིག གནས་བསྟོད། གནས་རྟེན་གྱི་ཆེ་བཤད་རྒྱས་པ་བཅས་ཡིག་ཆ་ཡང་མི་ཉུང་བ་བྱུང་མྱོང་འདུག ཅེས་ཇོ་སྲས་བཀྲ་ཤིས་ཚེ་རིང་གིས་མཛད་པའི་མཁའ་སྤྱོད་འབྲས་མོ་ལྗོངས་ཀྱི་གནས་ཡིག་ཕྱོགས་བསྡེབས་བཞུགས་ཞེས་པ་ལས་གསལ།
གཉིས་པ། གནས་རི་བསྐོར་བའི་རིག་གནས་ཀྱི་ཁྲོད་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་ཟབ་མོ་ཡོད་པའི་སྐོར།
  སི་ཁྲོན་དཀར་མཛེས་ཁུལ་ལི་ཐང་རྫོང་དབྲ་ཁོག་ཤང་གི་ཁོངས་སུ་ཡོད་པའི་ཀཾ་པོ་གངས་ཀྱི་ར་བ་ནི། མཆོག་གྱུར་བདེ་ཆེན་གླིང་པའི་གནས་ཆེན་ཉེར་ལྔའི་མདོ་བྱང་ལས། བོད་ཀྱི་མདོ་ཁམས་པུ་འབོར་ཞེས་བྱ་རུ༔ བཀྲ་ཤིས་ཞེས་བྱ་བྲག་རི་མེ་འབར་འདྲ༔ དབུས་སུ་ཨོ་རྒྱན་བདག་གི་སྒྲུབ་ཕུག་དང༔ ཤར་གྱི་རི་བོ་གངས་ལ་སྤྱན་རས་གཟིགས༔ ལྷོ་ཡི་སྤེ་ནེ་རི་ལ་རྟ་ཕག་དང༔ ནུབ་ཀྱི་བྲག་དམར་རི་ལ་ཆེ་མཆོག་དང༔ བྱང་གི་དྷིས་ཀྱི་བྲག་ལ་ཕུར་པའི་སྐུ༔ དབུས་ཀྱི་བྲག་ལ་བཅུ་གཅིག་ཞལ་རང་བྱོན༔ དེ་རྣམས་ཀུན་གྱི་སྔགས་བྱང་ཡང་བྱང་བཞུགས༔ ཞེས་པ་དང་། ཤཱཀྱའི་དགེ་སློང་སྤོང་བ་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་ཀཾ་པོ་གངས་རའི་གནས་ཡིག་རྙིང་པ་ཞིག་ལས། གནས་མཆོག་ཀཾ་པོ་གངས་ཀྱི་ར་བ་འདི་གནས་ཆེན་ཉེར་བཞིའི་ནང་ཚན་ཀཱ་མ་རུ་པའི་གནས་ཡིན་ལ། གནས་འདིའི་རི་བྲག་ནགས་ཚལ་ཐམས་ཅད་གཞི་ལམ་འབྲས་གསུམ་གྱི་བདེ་སྟོང་དབྱེར་མེད་ཀྱི་རྟགས་སུ་མཚོན་ཡོད་པས་བོད་སྐད་དུ་འདོད་པའི་གཟུགས་ཞེས་བྱ་བ་ཡིན། ཀཱ་མ་རུ་པའི་མིང་ཡིག་དང་པོ་ཀཱ་ལ་ཐིག་ལེས་བརྒྱན་པའི་ཀཾ་ཞེས་ཡི་གེ་རང་བྱོན་ཅན་གནས་འདིའི་ལྟེ་བ་ཕ་བོང་ཆེན་པོ་ཞིག་ལ་གསལ་བ་ཡོད་པས་ཀཾ་པོ་གནས་ཞེས་གྲགས་པ་མ་ཟད། མདོ་ཕལ་པོ་ཆེ་ལས། ཡུལ་ཀཾ་པོ་ཙ་ཞེས་པ་འདི་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན་གྱི་གནས་ཡིན་ཞིང་། གནས་བདག་རྡོ་རྗེ་དཔལ་བརྩེགས་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་སྟོང་རྩ་གཉིས། ཚེའང་བསྐལ་པ་གཅིག་ཐུབ་པ་ཡིན་པ་སོགས་ལུང་དོན་ལྟར། ཀཾ་ཕུ་བརྒྱད་ཅེས་ལུང་པ་བརྒྱད་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཚུལ་དུ་ཡོད། གཡས་གཡོན་དབུས་གསུམ་གྱི་ལུང་པ་གསུམ་ནི་རྩ་དབུ་རྐྱང་རོ་གསུམ་ཚུལ་དུ་ཡོད་ཅིང་རི་བྲག་དང་བྱེ་མ་རྡོ་རིགས་སོགས་མདོག་དམར་པོ། དཀར་པོ། སྔོན་པོ་སོགས་ཀྱི་མདངས་སུ་མངོན་པ་དང་། གནས་ཀྱི་ཕ་ཁར་གནས་སྲུང་རྒྱལ་ཆེན་སྡེ་བཞི་བྲག་རིའི་ཚུལ་དུ་ཡོད་པ། འཇིག་རྟེན་སྐྱོང་བ་བཞིས་གནས་ལ་མཎྜལ་ཕུལ་བའི་ཚུལ་དང་། སྤང་ལྗོངས་ཐོག་ཏུ་ནགས་ཚལ་ཚོམ་བུ་བཀོད་པའི་རྣམ་པ་དང་། དཔལ་འཁོར་ལོ་སྡོམ་པའི་སྐུའི་རྣམ་པ་ལ། གཡས་གཡོན་གྱི་རི་གཉིས་ཞབས་གཡས་བརྐྱང་གཡོན་བསྐུམ་གྱི་ཚུལ་དང་། སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ་སོགས་ཀྱི་རྣམ་པ་ཡོད། ཞེས་གསུང་པ་དང་། 
  ཡང་། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་གཙང་ཤོད་ཤང་གི་ཁོངས་སུ་ཡོད་པའི་གཙང་གཤིས་རྡོ་རྗེ་གྲོ་ལོད་ནི། མཆོག་གྱུར་བདེ་ཆེན་གླིང་པའི་གནས་ཆེན་ཉེར་ལྔའི་མདོ་བྱང་ལས། བོད་ཀྱི་མདོ་ཁམས་རྔུ་ཞེས་བྱ་བ་རུ༔ གཙང་ཞེས་བྱ་བ་བྲག་རི་རྡོ་རྗེ་འདྲ༔ པདྨ་བདག་ཉིད་དྲག་པོར་སྐུར་བཞེངས་པའི༔ ཞབས་ཀྱི་རྗེས་དང་ཟླ་གསུམ་སྒྲུབ་གནས་ཡོད༔ སྐུ་ཡི་གཏེར་གཉིས་གསུང་གི་གཏེར་ལྔ་སྦས༔ ཞེས་གསུངས་པ་དང་། གཏེར་སྟོན་པདྨ་དབང་དྲག་པའི་གཏེར་ལུང་ལས༔ ཁྱད་པར་དུ་འཕགས་པའི་སྲིད་པ་གསུམ་ན་འགྲན་ཟླ་བྲལ་བའི་གཙང་གཤིས་རྡོ་རྗེ་གྲོ་ལོད་ཅེས་བྱ་བ༔ འདི་ཉིད་ཕྱི་ལྟར་འཕགས་མཆོག་ནམ་མཁའི་རྒྱལ་པོའི་ཕོ་བྲང་ཡིན༔ ནང་ལྟར་སྟོན་པ་རྡོ་རྗེ་སེམས་དཔའི་ཕོ་བྲང་ཡིན༔ གསང་བ་ལྟར་ན་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ཕོ་བྲང་ཡིན༔ ཕྱི་ནང་ཞལ་གཟིགས་ནམ་མཁའི་སྐར་ཚོགས་འདྲ༔ མཆོག་གི་དངོས་གྲུབ་ཐོབ་པའི་སྒྲུབ་ཕུག་གསུམ་ཡོད༔ དྷཱཀྐི་བདེ་ཆེན་རྒྱ་མཚོ་མ་ཡི་སྒྲུབ་ཕུག་གསུམ་ཡོད༔ སྤྲུལ་པའི་རྗེ་འབངས་ཉེར་ལྔའི་སྒྲུབ་ཕུག་ཉི་ཤུ་རྩ་ལྔ་ཡོད༔ པད་འབྱུང་མཚོ་རྒྱལ་རྗེ་འབངས་ཉེར་ལྔ་ཡི༔ ཕྱག་ཞབས་རྗེས་རྣམ་གྲངས་ལ་ཕྱི་རུ་མི་འགྱུར་བའི་གཟེར་བཞི་ཡོད༔ ནང་དུ་མི་ཟད་པ་སྙིང་པོའི་གཏེར་ལྔ་ཡོད། འཆི་བ་མེད་པའི་ཚེ་ཆུ་ཡོད༔ ཉེས་ལྟུང་དག་པའི་ཁྲུས་ཆུ་རྣམ་གསུམ་ཡོད། ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་བརྒྱ་རྩ་ཡོད༔ དེ་ལྟ་བུའི་གནས་ཆེན་འདི་གུ་རུ་ཉིད་ཀྱིས་ངེས་པར་བྱིན་གྱིས་བརླབས་པ་སྟེ། ཁོ་བོའི་གཏེར་ཆོས་རྣམས་སུ་གསལ་བ་དང་། གཏེར་རྙིང་རྣམས་སུ་གསུངས་ཚུལ་ལོ། །ཞེས་པ་ལྟ་བུ་གནས་ཡིག་རྙིང་པ་དག་ལས་མང་དུ་གསུངས་པས་འདི་ཙམ་གྱིས་འཐུས་པའོ། །
གསུམ་པ། གནས་རི་ལ་གྲུབ་མཐའ་ཕྱི་ནང་དང་བན་བོན་གཞི་མཐུན་ཡིན་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་ཡོད་པའི་ཚུལ།
   བོད་དུ་ཡོད་པའི་གནས་རི་ལ་གྲུབ་མཐའ་ཕྱི་ནང་དང་བན་བོན་གང་རུང་གི་བླ་མ་དང་། སངས་རྒྱས། ཡི་དམ། ཆོས་སྐྱོང་། ལྷ་སོགས་གཞི་མཐུན་ཚད་ལྡན་བཞུགས་པ་བཞིན་དུ། ཇི་ལྟར་སྒོམ་སྒྲུབ་བྱེད་པ་དང་། གནས་ལ་བསྐོར་བ་བྱེད་སྐབས་ཡང་བོན་ལུགས་དང་བན་ལུགས་སོགས་ཇི་ལྟར་བསྐོར་ན་ཕན་ཡོན་ཡང་དེ་བཞིན་དུ་ཡོད་པའི་ཆེ་བའི་ཡོན་ཏན་བརྗོད་ཀྱིས་མི་ལངས་པ་གསུངས་ཏེ། བོད་རང་སྐྱོང་ལྗོངས་སྤུ་ཧྲེངས་རྫོང་ཁོངས་སུ་ཡོད་པའི་གངས་ཏི་སེའམ་གངས་རིན་པོ་ཆེ་འདི་ནི་བཀའ་བརྒྱུད་དང་དགེ་ལུགས་བཅས་ཀྱིས་བཅོམ་ལྡན་འདས་ཀྱི་ལུང་བསྟན་པ་དང་མངོན་པ་མཛོད་ནས་བཤད་པའི་གངས་རི་ཏི་སེ་ཡིན་པར་གཅིག་གྱུར་གྱིས་ཞལ་བཞེས་པ་དང་། རྒྱ་གར་གྱི་མུ་སྟེགས་ཆོས་ལུགས་པས་ལྷ་དབང་ཕྱུག་ཆེན་པོའི་གཞུགས་གནས་ཡིན་པ། གཡུང་དྲུང་བོན་གྱི་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་སྟོན་པ་གཤེན་རབ་མི་བོ་མཆོག་ཞབས་ཀྱིས་བཅགས་ནས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཡིན་པ། སངས་རྒྱས་ཆོས་ལུགས་པས་འཁོར་ལོ་བདེ་མཆོག་གི་གནས་ཡིན་ལ། རྟ་ལོ་ནམ་ཤར་དུ་གནས་འདུས་ཡིན་པ་སོགས་ངོས་འཛིན། 
  ཡང་། གཙང་གཤིས་རྡོ་རྗེ་གྲོ་ལོད་ཀྱི་གནས་ཡིག་ལས། སྲིད་ན་དཀོན་པའི་གནས་མཆོག་འདི། གྲུབ་མཐའ་ཕྱོགས་འཛིན་མིང་མེད་པས༔ བོན་གྱི་བླ་ཆེན་དྲན་པ་ནམ་མཁའ་དང༔ ཚེ་དབང་རིག་འཛིན་ལ་སོགས་པ༔ རིག་འཛིན་བརྒྱད་ཅུས་ཞབས་ཀྱིས་བཅགས༔ རིག་འཛིན་གསང་བའི་གསས་ཁང་ཡིན༔ བོན་སྐུ་ཀུན་ཏུ་བཟང་པོ་དང་། བདེ་གཤེགས་གཙོ་བཞི་སངས་རྒྱས་བཅུ་གསུམ་དང༔ བསྐལ་པ་བཟང་པོའི་སངས་རྒྱས་ཁྲི་དྲུག་སྟོང་། བླ་ཆེན་ཡབ་སྲས་སྐུ་རྣམས་གསལ་བར་བཞུགས༔ གསང་བོན་བླ་མེད་གཏེར་གསུམ་ཡོད༔ གོང་བཞིན་བོན་བསྐོར་བཅུ་གསུམ་སུས་བྱས་པ༔ མ་ཏྲི་མུ་ཡེ་དུང་ཕྱུར་ངེས་པར་འགྱུར༔ ཞེས་གསུངས་པ་ལྟ་བུའོ། །
བཞི་པ། གནས་རི་ལ་ཕྱག་མཆོད་བསྐོར་བ་བྱ་བའི་ཕན་ཡོན་བསྟན་པའི་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་ཟབ་མོ་ཡོད་ཚུལ།
  སྤྱིར་རྡོ་རྗེའི་གནས་ཆེན་འདི་རྣམས་སུས་ཀྱང་མ་བྱས་རང་བྱུང་ལྷུན་གྱིས་གྲུབ་པའི་རྟེན་མཆོག དག་པའི་སྣང་ངོར་ཐར་པ་ཆེན་པོའི་ཕོ་བྲང་། མ་དག་པའི་བློ་ལ་ས་རྡོ་རི་བྲག་བེམ་པོའི་གཟུགས་སུ་སྣང་བ་ཡིན་པས། བཟོ་བོ་མཁས་པས་འཇིམ་པ་སོགས་ལས་བཅོས་པའི་སྐུ་གསུང་ཐུགས་རྟེན་ལ་ཕྱག་མཆོད་བསྐོར་བ་བགྱིས་པའི་བསོད་ནམས་ཀྱང་ཚད་མེད་པ་མདོ་རྒྱུད་རྣམས་ལས་གསུངས་པས། དེ་ལས་ཀྱང་གནས་མཆོག་འདི་རྣམས་ལ་ཕྱག་མཆོད་བསྐོར་བ་སོགས་བགྱིས་པའི་ཕན་ཡོན་བྱེ་བ་བརྒྱ་འགྱུར་དུ་ཆེ་བ་ལུང་དང་རིག་པས་གྲུབ་ལ། རྣལ་འབྱོར་པ་རྣམས་ཀྱིས་ནི་རྡོ་རྗེའི་བརྟུལ་ཞུགས་ཀྱི་རྟེན་འབྲེལ་དུ་མ་བསྒྲིགས་ནུས་པ་ཡིན། ཞེས་དང་།                       
  ཡང་།  གཏེར་སྟོན་སངས་རྒྱས་གླིང་པའི་(༡༣༤༠-༡༣༦༩)བླ་མ་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས།  དེ་བཞིན་གནས་དང་གནས་ཕྲན་ལ་སོགས་དང༔ ཡུལ་དང་ཡུལ་འདྲ་སྦས་པའི་ཡུལ་རྣམས་སུ༔ སྒྲུབ་པ་བྱས་པའི་ཡོན་ཏན་བསམ་མི་ཁྱབ༔ ཕལ་པའི་གནས་སུ་ལོ་གཅིག་བསྒྲུབ་པ་བས༔ དེ་དག་རྣམས་སུ་ཞག་གཅིག་འགྲུབ་ཐག་ཉེ༔ ཞེས་སོགས་གཏེར་ཁ་རྣམས་ལས་མགྲིན་དབྱངས་གཅིག་ཏུ་གནས་ཆེན་རྣམས་ཀྱི་ཡོན་ཏན་ཚད་མེད་པར་བསྔགས་པར་མཛད་ཅིང་། མདོ་ཁམས་གནས་ཆེན་རྣམས་ཀྱི་མདོ་བྱང་དཀར་ཆག་གི་ཕན་ཡོན་སྤྱི་བསྡོམས་ལས་ཀྱང་། ཕྱག་བསྐོར་བྱས་ཚད་ངན་སོང་སྐྱེ་སྒོ་གཅོད༔ བཀུར་སྟི་བྱས་ན་མཐོ་རིས་གནས་སུ་སྐྱེ༔ ཚོགས་འཁོར་ལན་གཅིག་བསོད་ནམས་ཚོགས་ཆེན་རྫོགས༔ ཚོགས་འཁོར་ལན་གཉིས་ལས་ཀྱི་རྣམ་སྨིན་བྱང༔ ཚོགས་འཁོར་ལན་གསུམ་ཨོ་རྒྱན་པདྨ་བདག༔ དངོས་ཉམས་རྨི་ལམ་བརྡ་ཡི་ཚུལ་དུ་མཇལ༔ ཚོགས་འཁོར་བརྒྱ་རྩས་མཁའ་སྤྱོད་གནས་སུ་སྐྱེ༔ མཆོག་ཐོབ་འདོད་ན་རྩེ་གཅིག་སྒྲུབ་ལས་འགྲུབ༔ འབྲེལ་ཚད་དོན་ལྡན་གནས་མཆོག་ཨེ་མ་ཧོ༔ ཞེས་གསུངས། 
  ཡང་། སྟག་ཤམ་ནུས་ལྡན་པས་བྲིས་པའི་གནས་ཆེན་རྡོ་རྗེ་དྲིལ་དཀར་གྱི་གནས་ཡིག་ལས། གནས་འདིར་མོས་པ་སྐྱེས་བྱས་ནས། །གོམ་བདུན་བོར་བའི་འགྲོ་བ་དེ། །ཕྱིར་མི་ལྡོག་པའི་ས་བོན་ཐེབས། །ཕྱོགས་ནས་རྣ་བར་ཐོས་པ་ཡིས། །མོས་པ་སེམས་ལ་སྐྱེས་པ་ནི། །འཕགས་པས་བྱིན་གྱིས་བརླབས་པར་འགྱུར། །དད་ནས་མིག་གིས་མཐོང་བྱས་ནས། །དད་པ་དག་སྣང་སྐྱེས་མ་ཐག །འཕགས་པའི་ཞལ་དངོས་མཇལ་བ་འདྲ། །ཆེ་སྟེ་ཚོགས་འཁོར་ཆེར་འབར་ནས། །ཆུང་སྟེ་ཀླུང་ལྷ་ཁབ་སྐུད་ཡན། །གནས་ལ་མཆོད་པ་སུས་ཕུལ་བ། །བསོད་ནམས་ལོངས་སྤྱོད་འབྱོར་པ་རྒྱས། །གནས་འབྲེལ་ཞག་བདུན་ཡན་བསྒྲུབ་ན། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །ཞག་གསུམ་མན་ཆད་གནས་འབྲེལ་ཙམ། །གསོལ་བ་བཏབ་པས་ཐུན་མོང་འགྲུབ། །ཕྱག་དང་སྐོར་བ་བྱས་པ་ཙམ། །ཕྱི་ཡི་གདོན་ཞི་ནང་གི་ནད། །གསང་བ་མི་མཐུན་ཀུན་བཟློག་གང་བསམ་འགྲུབ། །ཕྱི་སྐོར་ཅོ་བྲག་ངོམ་སྲིན་བཅས། །སྐོར་གྱུར་བསྐོར་བ་ས་ཡར་འགྱུར། །ནང་སྐོར་དྲིལ་དཀར་བསྐོར་གྱུར་ན། །འབུམ་འགྱུར་སྐོར་བཅུ་ས་ཡར་གྱུར། །གསང་སྐོར་ཟངས་མདོག་དཔལ་རི་ནི། །བརྒྱ་ཕྲག་རེ་ལ་འབུམ་འགྱུར་ཡོད། །དེ་ཕྱིར་འགྲོ་བའི་སྒྲིབ་སྦྱངས་ཡིན། །དྲི་མ་ཆུ་ཡིས་བཀྲུས་པ་བཞིན། །སྡིག་པ་སྐོར་ཕྱག་གཉིས་ཀྱིས་འདག །དེ་ཕྱིར་དད་ལྡན་འདི་ལ་བརྩོན། །གནས་འདིར་དར་ཅོག་བཙུག་པ་ནི། །ཀླུང་རྟ་དར་ཅིང་སྙན་གྲགས་ཐོབ། །གནས་འདིར་ཚེ་ཐར་སུས་བཏང་བ། །ཚེ་རིང་དབང་དང་ལྡན་པར་འགྱུར། །གནས་འདིར་སཱཙྪ་བཏབ་འགྱུར་ན། །ཆོས་རྒྱལ་འཁོར་ལོ་སྒྱུར་རྒྱལ་སྐྱེ། །གནས་འདིར་མར་མེ་སུས་ཕུལ་བ། །གཟི་བརྗིད་ལྡན་ཅིང་ཚེ་ནོར་ཕྱུགས། །གནས་འདིར་ལྷ་བཤོས་སུས་ཕུལ་བ། །ཟས་ནོར་ལོངས་སྤྱོད་དགོས་དགུ་འགྲུབ། །གནས་འདིར་བསང་མཆོད་སུས་བྱས་པ། །སྲིད་འཕེལ་རྒྱུད་འཛིན་ཆབ་སྲིད་བརྟན། །གནས་འདིར་ཚོགས་འཁོར་སུས་ཕུལ་བ། །ནམ་མཁའི་མཛོད་ལ་མངའ་དབང་བསྒྱུར། །གནས་འདིར་ཚེས་བཅུ་སུས་བྱས་པ། །ཚེ་འདིར་བསམ་པ་ལྷུན་གྱིས་གྲུབ། །ཕྱི་མ་ཨོ་རྒྱན་གནས་སུ་སྐྱེ། །གནས་འདིར་ཆོས་ཕྱོགས་གང་བརྩམས་པ། །མཐར་སོན་བར་ཆད་མེད་པ་དང་། །ཕྱི་མ་འཕགས་པའི་དྲུང་དུ་སྐྱེ། །གནས་འདིར་བསམ་གཏན་གང་བསྒོམས་པ། །མྱུར་དུ་བྱང་ཆུབ་སེམས་དཔར་གྱུར། །གནས་འདིར་བསྒྲུབ་པ་གང་བྱས་པ། །གང་བསྒྲུབ་བར་ཆད་མེད་པར་འགྲུབ། །དེ་ཕྱིར་ནོར་བུ་འདྲ་བ་ཡིས། །གནས་འདིར་ཀུན་གྱིས་གསོལ་བ་ཐོབ། །དེ་ཕྱིར་ཟོམ་པ་འདྲ་བ་ཡིས། །གནས་འདིར་འཁོར་བའི་ཆུ་ལས་སྒྲོལ། །དེ་ཕྱིར་སྒྲོན་མེ་འདྲ་བ་ཡིས། །གནས་འདིར་བར་ཆད་མུན་པ་སྒྲོལ། །དེ་ཕྱིར་གླང་ཆེན་འདྲ་བ་ཡིས། །གནས་འདིར་ཐར་པའི་ལམ་ལ་སྒྲོད། །དེ་ཕྱིར་དཔའ་བོ་འདྲ་བ་ཡིས། །གནས་འདིར་འཁོར་བའི་གཡུལ་ངོ་བཟློག །དེ་ཕྱིར་བཙུན་མོ་འདྲ་བ་ཡིས། །གནས་འདིར་དགོས་འདོད་ཕུན་ཚོགས་སྟེར། །དེ་ཕྱིར་རྟ་མཆོག་འདྲ་བ་ཡིས། །གནས་འདིར་ཐེག་ཆེན་ས་ལ་བསྒྲོད། །དེ་ཕྱིར་བློན་པོ་འདྲ་བ་ཡིས། །གནས་འདིར་འདི་ཕྱིའི་བདེ་ལེགས་སྒྲུབ། །དེ་ཕྱིར་འཁོར་ལོ་འདྲ་བ་ཡིས། །གནས་འདིར་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་སྐུ་བདེ་ཆེན་ནམ་མཁའི་མཛོད། །ལོངས་སྐུའི་ཐུགས་རྗེའི་དཀྱིལ་འཁོར་ཤར། །སྤྲུལ་སྐུ་འགྲོ་དོན་གནས་མཆོག་ཚུལ། །བསླུ་མེད་བདེན་པ་འགྲུབ་སྟེ་མཆིས། །དེ་ཕྱིར་གནས་མཆོག་ངོ་མཚར་ཆེ། །ངོ་མཚར་དཀར་ཆག་བསྡུས་ནས་བྲིས། །འགྲོ་ཀུན་སྐུ་གསུམ་འགྲུབ་གྱུར་ཅིག ། ཅེས་པ་སོགས་གནས་ཡིག་རྙིང་པ་དག་ལས་མང་དུ་གསུངས་པ་ལ་བལྟས་ན། བོད་མིའི་ཡུལ་ཕྱོགས་ཀུན་ཏུ་ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པ། མི་ནད་ཕྱུགས་ནད་དུས་འཁྲུགས་རྒྱུན་ཆད་པ། ས་གཡོ་མེ་དགྲ་འབྱུང་བཞིའི་གནོད་འཚེའི་རིགས་མཐའ་དག་མྱུར་དུ་ཞི་བ། མི་དང་མི་མིན་ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱི་བར་ཕན་ཚུན་བྱམས་པའི་སེམས་དང་ལྡན་པ། རྒྱལ་ཁམས་བདེ་བས་འཚོ་བའི་བཀྲ་ཤིས་འབྱུང་བ་ལ། མིའི་ནུས་པས་རང་བྱུང་ཁམས་འདུལ་མི་ཐུབ་ཀྱང་། ཆོས་ལ་དད་པའི་བསམ་བློས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད་པའི་ལྟ་བ་གསལ་པོ་ཐོན་པའོ། །
ལྔ་པ། གནས་བསྟོད་རྩོམ་རིག་རྣམས་ལས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་ཕྱོགས་ཙམ་བརྗོད་པ།
  སི་ཏུ་ཆོས་ཀྱི་འབྱུང་གནས་(༡༦༩༩-༡༧༧༤)ཀྱིས་མཛད་པའི་གླ་ཕི་དམ་པའི་གནས་བསྟོད་ལས། སྤྱིར་ནི་རི་རྩེ་མཐོ་ཞིང་ཕྱོགས་ཡངས་པས། །ལྷག་མཐོང་སྒོམ་པའི་གནས་སུ་བཟང་བ་དང་། །ནགས་ཚལ་སྟུག་ཅིང་བསིལ་དྲོད་སྙོམས་པ་ཡིས། །ཞི་གནས་སྒོམ་པའི་གནས་སུ་བཟང་བ་དང་། །མཐུན་རྐྱེན་རྙེད་སླ་འགལ་རྐྱེན་ཉུང་བ་ཡིས། །མ་ལུས་དམ་ཆོས་བསྒྲུབ་ཏུ་བཏུབ་པ་དང་། །རྩ་བ་རྒྱས་པའི་རི་རྒྱུད་རིང་ལྡན་ཕྱིར། །ཆོས་བརྒྱུད་རིང་དུ་གནས་ཤིང་བརྟན་པ་དང་། །མདུན་དུ་ཆུ་བོ་ཆེན་པོ་གཉིས་འདུས་ཕྱིར། །དབྱེན་སྦྱོ་མི་ནུས་ཐབས་ཤེས་འབྲེལ་བ་དང་། །ཕྱོགས་ཀྱི་རི་རྣམས་ཁེངས་ཚུལ་མི་ལྡན་པས། །ཆེན་པོ་རྣམས་ཀྱིས་རྟག་ཏུ་འདུད་པ་སོགས། །དཔྱད་ཀྱི་ལེགས་དགུ་མ་ལུས་རབ་ཏུ་ཚང་། །ཞེས་གསུངས་པའི་གནས་འདི་དེང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གི་ཁོངས་སུ་ཡོད། ཉེར་བསྐོར་དུ་ལི་སུའི་མི་རིགས་ཡོད་སའི་ས་ཆ་གནས་བསྟོད་ནང་གསུངས་པ་ལྟར། གནས་འདིར་ཕ་དམ་པ་སངས་རྒྱས་ཞབས་ཀྱིས་བཅགས་ཏེ་བྱིན་རླབས་བསྒྲུབ། ཞབས་??ཕྱག་རྗེས་བཀོད་སྟོང་འབུམ་ཐུགས་རྟེན་བཞེངས་པར་མཛད་པས། རྒྱ་སྐད་དུ་达摩祖师洞ཟེར། དེའང་གནས་འདི་ཡོད་སའི་ས་ཆ་ནི་འབྲི་ཆུ་དང་། ཟླ་ཆུའམ་རྫ་ཆུ། ཚ་བ་རྒྱལ་མོ་རྔུལ་ཆུ་གསུམ་མཉམ་འབབ་དང་། འབྲི་ཆུའི་ཁུག་ཀྱོག་དང་པོ། ལི་སུའུ་སོགས་མི་རིགས་མང་པོ་ཡོད་ས། འཇང་ས་དམ་རྒྱལ་པོ་སོགས་མི་ཆེན་བླ་ཆེན་མང་པོ་འདུས་སའི་ས་གནད་ཁྱད་པར་ཅན་ཞིག་ལ་སྔོན་བོད་ཀྱི་གཏེར་ཆེན་གྲུབ་བརྙེས་མང་པོ་ཞབས་ཀྱིས་བཅགས་ཤིང་གསུང་གིས་བཅད་པ། བྱིན་གྱིས་རླབས་པའི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན་ཏེ། དེང་སོང་ཡང་མ་ཎྀ་སོགས་རྡོར་བརྐོས་དང་སྐུ་དང་ཡི་གེ་རང་བྱོན། སྒྲུབ་ཕུག་མང་པོ་འཇལ་རྒྱུ་ཡོད་པ་ལ་བརྟེན་ཡུན་ནན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་རིག་ཤུལ་གཙོ་གནས་སྲུང་སྐྱོབ་བྱ་སའི་གྲས་སུ་བཞག་འདུག 
  ཡང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་(༡༨༡༣-༡༨༩༩)མཛད་པའི་ཉེ་བའི་འཐུང་གཅོད་རོང་བཙན་ཁ་བ་དཀར་པོའི་གནས་བསྟོད་ལས། དཔལ་ཆེན་ཕྲིན་ལས་སྤྲུལ་པའི་གར། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་ནི། །རྣམ་འགྱུར་ཆ་ལུགས་བསམ་མི་ཁྱབ། །དཔྱིད་ཟླ་གསུམ་གྱི་ར་བ་ལ། །ཏི་ཙེ་གངས་དང་ལ་ཕྱི་གངས། །ཆུ་བར་ལྷ་བཙན་དཀར་པོར་གྲགས། །དབྱར་ཟླ་གསུམ་གྱི་ར་བ་ལ། །ལྷོ་བྲག་མཁར་ཆུ་མོན་ཁའི་རྫོང་། །མཁའ་རི་གངས་ལ་གནས་བཅས་ཤིང་། །དགེ་བསྙེན་མཁའ་རི་གངས་བཙན་གྲགས། །སྟོན་ཟླ་གསུམ་ལ་བཞུགས་གནས་ནི། །ཙཱ་རི་དང་ནི་པདྨ་འོད། །རོང་བཙན་སྲིན་མོ་རྫོང་ལ་གནས། །གསང་མཚན་ག་ཡ་དྷ་རར་གྲགས། །དགུན་ཟླ་གསུམ་གྱི་ར་བ་ལ། །ཀོང་པོ་རོང་དང་པདྨ་བཀོད། །རྦ་ལྕགས་ཤིང་རི་རྣམས་སུ་བཞུགས། །གསང་མཚན་ཟླ་བྲལ་གར་གྱི་དབང་། །གནས་ཡུལ་ཞིང་ཁམས་ཀུན་སྲུང་བའི། །ཀུན་དགའ་གཞོན་ནུ་ཡབ་ཡུམ་སྲས། །སྡེ་བརྒྱད་དམག་དཔུང་བཅས་ལ་བསྟོད། །རྒྱལ་བས་བྱང་ཆུབ་བརྙེས་པའི་གནས། །རྡོ་རྗེ་གདན་གྱི་བྱང་ཤར་མཚམས། །དེ་བཱི་ཀོ་ཊིའི་གནས་དང་ནི། །རྗེས་འབྲེལ་ཙཱ་རི་ཏྲ་ཡི་ཆ། །རོང་བཙན་ཁ་བ་དཀར་པོ་ཞེས། །ཕྱི་བལྟས་གངས་རི་ལྷུན་ཆགས་ཤིང་། །ལྗོན་ཤིང་སྨན་དང་མེ་ཏོག་སོགས། །དུ་མས་ལྷ་ཡི་དགའ་ཚལ་ལྟར། །མཛེས་པས་ཕྱོགས་ཀུན་རྣམ་པར་དཀྲིག །འབབ་ཆུ་ཆུ་མིག་མཚོ་ལ་སོགས། །ཡན་ལག་བརྒྱད་ལྡན་ཆུ་གཙང་གི །མཆོད་ཡོན་རྣམ་བཀོད་བྱ་དང་ནི། །རི་དྭགས་སྤུ་སྡུག་སྣ་ཚོགས་ཀྱིས། །རྩེད་འཇོའི་གར་བསྒྱུར་དབྱངས་སྙན་ལེན། །སྤྲིན་ཕུང་འཇའ་ཚོན་ན་བུན་གཏིབས། །གྲུབ་པ་རིག་འཛིན་དྲང་སྲོང་ཚོགས། །དུ་མས་བསྟེན་པའི་གནས་མཆོག་སྟེ། །ནང་ལྟར་འཁོར་ལོ་བདེ་མཆོག་གི །དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ། །གསང་བ་བདེ་སྟོང་ཟུང་འཇུག་མཆོག །ཨེ་ཝཾ་གཉིས་མེད་དག་པའི་གནས། །ཞེས་དང་།
  རྗེ་བཙུན་མི་ལ་རས་(༡༠༤༠-༡༡༢༣)པས་དེང་སི་ཁྲོན་འདབ་པ་རྫོང་ཁོངས་ཡོད་པའི་རིག་གསུམ་མགོན་པོའི་གནས་བསྟོད་ཞིག་ལས། ལྗོངས་གངས་ཅན་ཐེག་པ་ཆེན་པོའི་ཞིང་། །ཤར་ཉི་འོད་འཇང་བོད་གཉིས་ཀྱི་མཚམས། །གནས་གངས་དཀར་མཆེད་གསུམ་ཞེས་བྱ་བའམ། །མཚན་ཡོངས་སུ་གྲགས་པའི་གནས་མཆོག་འདིར། །ཕྱི་མཐོ་བ་གངས་རི་རྩེ་རྒྱས་ནས། །ནང་གནས་པ་ལྷ་ཡི་གཞལ་ཡས་ཁང་། །ཡང་དག་རིགས་གསུམ་མགོན་པོ་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །གྲངས་མེད་ལྷ་ཚོགས་བསྐོར་ནས་བཞུགས། ཞེས་པ་སོགས་དེང་སང་འཛམ་གླིང་ཡང་རྩེར་སོན་པའི་ཡུལ་བསྐོར་ལྗོངས་རྒྱུའི་གནས་མཆོག་དེ་དག་ལ། སྔོན་བྱོན་གྱི་མཁས་གྲུབ་དེ་དག་གིས་སྐབས་དེ་དུས་ནས་རང་བྱུང་ཁམས་ལ་བརྩེ་དུང་ཟབ་མོ་བཅངས་ཏེ་སྲུང་སྐྱོབ་བྱས་པའི་ཚུལ་ལ་གཞིགས་ན། འདིར་མ་བཀོད་པའི་མདོ་དབུས་ཁམས་གསུམ་ལ་གནས་བསྟོད་ཧ་ཅང་མང་པོ་ཡོད་པ་རྣམས་ཀྱིས་ཤེས་པར་བྱ་ཐུབ།  
དྲུག་པ། རྒྱབ་བརྟེན་ཚན་རིག་གི་ལམ་ནས་གནས་བསྐོར་རིག་གནས་ལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་ཟབ་མོ་ཡོད་པ་ཡིད་ཆེས་ཀྱི་ངེས་ཤེས་རྙེད་ཐུབ་པ།
  གོང་ཞུས་དེ་ལྟ་བུས་བོད་ཀྱི་གནས་རི་བསྐོར་བའི་རིག་གནས་ཀྱི་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་ཇི་ལྟར་ཡོད་ཚུལ་མཚོན་ཐུབ་ནའང་། ནུབ་ཕྱོགས་པའི་དངོས་གཙོ་སྨྲ་བའི་ཕྱོགས་ནས་བཤད་ན་མི་སྲིད་སྙམ། གང་ལྟར། ནུབ་ཕྱོགས་པའི་དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བ་གཉིས་དགག་བྱ་ཇི་ལྟར་མི་མཚུངས་ཡང་། གཉིས་ཀས་གནད་དོན་ཞིག་གི་སྙིང་པོ་རྡོག་རྡོག་ལེན་པ་གཅིག་མཚུངས་ཡིན་པ་འདྲ། ང་ཚོས་ཚན་རིག་གི་ལྟ་བ་དང་མཐུན་པའི་སྒོ་ནས་གནས་བསྐོར་རིག་གནས་ཀྱི་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་ཟབ་མོ་ཡོད་པའི་ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད་པའི་བདེན་དཔང་བྱས་ཐུབ་པ་སྟེ། དཔེར་ན། འཛམ་གླིང་ཡོངས་ལ་སྙན་གྲགས་ཆེ་བའི་རྩིས་རིག་པ་ཡའེ་ཧན་ཧྥན་ནུའེ་མའེ(约翰冯纽曼)གྱིས་ཀྱང་། མིའི་ལུས་པོའི་ནང་དུ་བེམ་པོ་མིན་པའི་ང་འཛིན་གྱི་བློ་ཞིག་གིས་ཤ་ལས་གྲུབ་པའི་ཀླད་ཆེན་དང་བེམ་པོ་ལ་རྒྱང་རིང་པོའི་ཚོད་འཛིན་བྱེད་བཞིན་ཡོད་ཤས་ཆེ། ཞེས་གསུངས་པ་དང་། །ཡང་། སྙན་གྲགས་ཅན་གྱི་དངོས་ཁམས་རིག་པ་བ་ཧྥའེ་ལེ་ཚི་ལུའན་ཏུའན་(菲列茲伦敦)གྱིས། ཡའེ་ཧན་ཧྥང་ནུའེ་མའན་གྱིས་ཞི་ཚགས་ལྡན་པའི་ཚད་རྡུལ་རིག་གཞུང་གི་ནང་དུ་བེམ་པོའི་དངོས་རྫས་ནི་མིའི་རིགས་ཀྱི་འདུ་ཤེས་ཀྱིས་བྱས་པ་ཙམ་ལས། རྫས་གྲུབ་དངོས་ནི་བསམ་པ་ཉིད་ལས་བྱུང་བ་ཡིན་ཚུལ་གསལ་པོ་བསྟན་པ་རེད། ཅེས་གསུང་པའོ། །དེ་མཚུངས་སུ་དེང་གི་ཕུལ་དུ་བྱུང་བའི་ཚན་རིག་པ་མང་དག་གིས་རིག་ཤེས་ཀྱིས་ངེས་པ་རྙེད་དེ། ནང་པ་སངས་རྒྱས་པའི་ཆོས་གཞུང་དུ་ལོ་ངོ་སྟོང་ཕྲག་དུ་མ་འདས་པའི་སྔ་རོལ་ནས་དེ་དག་གསལ་བར་བཤད་པ་འདི་ཅི་འདྲའང་ཞེས་ངོ་མཚར་བའི་གནས་སུ་འཛིན་ཏེ། གཞན་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས་ཕྱིའི་དངོས་པོ་རྣམས་ནི་རང་གི་ངོ་བོས་གྲུབ་པ་མ་ཡིན་གྱི་ནང་སེམས་ཀྱི་བག་ཆགས་གོམས་ཚུལ་གྱིས་སྣ་ཚོགས་སུ་བྱུང་བ་ཡིན་ཞེས་ཡང་ཡང་གསུངས་པ་ནི་ཤིན་ཏུ་མད་པ་དེ་ད་ལྟ་མངོན་སུམ་གྱིས་ཀྱང་གྲུབ་པའོ། ། དེ་ལྟར་གསུངས་པ་ཙམ་མ་ཡིན་པ། དཔེར་ན། འགྲིམ་འགྲུལ་པ་ཧྥ་རན་སུའི་ལའེ་ལོའུ་ཟེར་བ་ཞིག སྤྱི་ལོ་༡༩༣༦ལོར་རྒྱ་མཚོའི་ནང་དུ་གྲུ་འགྱེལ་ཏེ་མཚོ་རླབས་ཀྱིས་ཁོ་རང་གླིང་ཕྲན་ཞིག་གི་སྟིང་དུ་འཕངས་པ། དེས་ཆུ་ཕྲན་ཞིག་གི་ནང་དུ་ཉ་རོ་མང་ཙམ་མཐོང་བ་བླངས་ནས་མེ་བུས་ཏེ་བཙོས་ནས་ཚོས་པའི་ཚོད་དུ་སྣོད་ཁ་ཕྱེ་ནས་བལྟས་པས། ཉ་དེ་དག་གསོན་པོར་གྱུར་ཏེ་ལྷོག་ལྷོག་ཁོལ་བཞིན་པའི་ཆུ་ནང་ན་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་མཐོང་འཕྲལ་ཁོ་རང་ལ་སྐྲག་སྣང་ཆེན་པོ་བྱུང་། ཕྱིས་གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་ཞིབ་འཇུག་བྱས་ཏེ་དེ་དག་མེ་རི་འབར་གས་སུ་གྱུར་པའི་སྟོབས་ཀྱིས་ཚ་བོར་གྱུར་པའི་ཆུ་ནང་དུ་སྡོད་རྒྱུར་གོམས་པས། ཕྱིས་ཆུ་ཕལ་པའི་ནང་དུ་འབྱོར་ཚེ་འཁྱགས་རེངས་སུ་གྱུར་ཅིང་ཆུ་ཚ་བོར་བཙོས་པས་སླར་གསོན་པ་རེད་ཟེར། དེ་ལྟར་ཤིན་ཏུ་ཚ་བའི་ཆུ་ཁོལ་དེ། ཉ་དེ་དག་ལ་ཅུང་ཟད་ཀྱང་མི་ཚ་བའི་རྒྱུ་མཚན་  ཡང་། གཙོ་བོ་ནང་སེམས་ཀྱི་བག་ཆགས་གོམས་ཚུལ་གྱིས་དེ་ལྟར་སྣང་བ་ལས་གཞན་ལ་དམིགས་སུ་མེད་པ་ལྟར། 
  ཡང་། ཧྥ་རན་སིའི་མི་ཤེར་ལོ་དུ་ཏོ་ཞེས་པ་ཞིག་གིས། སྤྱི་ལོ་༡༩༦༦ལོ་ནས་བཟུང་འཇིག་རྟེན་ན་སྲ་ཞིང་མགྲེགས་པའི་དངོས་པོ་ལྕགས་དང་ཤེལ་གྱི་རིགས་རྣམས་མི་གཞན་གྱིས་ཡོས་འཆའ་བ་བཞིན་དུ་ཟོས་ཏེ་མེད་པར་བྱེད་པ་ལ་ངོ་མཚར་ཏེ། རྒྱལ་ཁབ་མང་པོའི་གསོ་བྱེད་ལ་མཁས་པ་རྣམས་ཀྱིས་བརྟག་དཔྱད་ཇི་ལྟར་བྱས་ཀྱང་གནས་ཚུལ་གསལ་པོ་ཞིག་སྨྲ་རྒྱུ་མ་བྱུང་། དེ་ལྟར་མོ་ལོ་ཀའི་རྒྱལ་ཁབ་ཀྱི་ཨ་ཏིས་ཞེས་པ་དེས་རྒྱུན་པར་ཤེལ་བཟའ་བར་བྱེད་ལ་ཤེལ་རྣམས་ཁོ་རང་ལ་ཤིང་ཏོག་གི་རོ་བཞིན་ཞིམ་པོར་སྣང་། ཟོས་རྗེས་ཕོ་བའི་ནང་ཤེལ་ཅུང་ཟད་ཀྱང་མཐོང་རྒྱུ་མེད་པ་ལ། རྒྱལ་ཁབ་དེའི་སྨན་པ་རྣམས་ཀྱིས་འདི་ནི་དཔྱད་མི་བཟོད་པའི་གནས་ཚུལ་ཡ་མཚན་ཅན་ཞིག་རེད་ཅེས་བཤད། དེ་ལྟར་ཐམས་ཅད་ཀྱང་འགྲོ་བ་སོ་སོའི་ལས་ཀྱི་དབང་གིས་བག་ཆགས་གོམས་པའི་སྟོབས་མ་གཏོགས་གཞན་ཅི་ཡང་མ་ཡིན་པར་སྣང་བས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་སྣ་ཚོགས་བཀོད། །ཅེས་སོགས་འཇིག་རྟེན་ཐོག་ཁྱད་མཚར་བ་མང་པོ་བྱུང་དང་འབྱུང་བཞིན་པ་ལ་ཚན་རིག་གིས་ཀྱང་དཔྱོད་བཞིན་པའོ། །
  ཡང་། སྤྱི་ལོ་༡༩༣༨ལོར་ཀྲུང་གོའི་གནའ་རྫས་རྙིང་པ་ཞིབ་འཇུག་པ་མཁས་ཅན་ཅིའི་ཕུའུ་ཐའེ་(纪蒲泰)མཆོ་སྔོན་ལྷོ་རྒྱུད་ཨ་ཆེན་གངས་རི་ལ་རྟོག་ཞིབ་ཏུ་འགྲོ་དུས། དོང་ཕུག་ཁྱད་མཚར་མང་པོ་མཐོང་བ་ལས། དབྱིབས་ཁྱད་མཚར་ཅན་གྱི་འཛེང་རྡོ་ལེབ་མོ་བདུན་སྟོང་ཙམ་སྔོག་འདོན་བྱས་ཏེ། མཐུག་ཚད་ལིའི་མི་གཉིས་དང་། དཀྱིལ་གྱི་བུ་གའི་ཟུར་ནས་ཆུ་རིས་འདྲ་མིན་མཐོང་བ་དེང་རབས་ཀྱི་ཟེར་སྡེར་བཞིན། དེའི་སྟེང་ངོས་ལ་ཡིག་རིས་དང་རྟགས་གང་ཡིན་ངོས་འཛིན་དཀའ་བ་བརྐོས་མ་སྣ་ཚོགས་ཡོད་པ། སྔོན་བྱུང་མ་མྱོང་བ་དེ་འདྲ་ལ་རྒྱལ་སྤྱིའི་རིག་གཞུང་ལས་རིག་ཁག་གིས་མཐོང་ཆེན་བྱས་ཏེ། སུའུ་ལེན་གྱི་མོ་སི་ཁོར་ཞིབ་དཔྱད་ཚད་ལེན་བྱས་མཐར་རྡོའི་ཟེར་སྡེར་ཞེས་པ་འདི་དག་ལ་རྡོ་རྗེ་ཕ་ལམ་དང་མིང་འདོགས་མི་ཤེས་པའི་ལྕགས་རིགས་ཡོད་པ། གཡོ་འགུལ་ལྡེམ་ཚད་ཀྱང་གློག་རྒྱུན་ལམ་ལ་འདྲེན་པ་བཞིན་ཧ་ཅང་མགྱོགས་པ་ཡོད་པ་ཤེས། 
སྤྱི་ལོ་༡༩༦༢ལོར་ཀྲུང་གོའི་ཆེས་ལས་མཁས་ཅན་ཤུས་ཧོང་རུའུ་(徐鸿儒)དང་མཉམ་ལས་པ་རྣམས་ཀྱིས་རྡོའི་ཟེར་སྡེར་ཞེས་པའི་སྟེང་ངོས་ཀྱི་ཡིག་རིས་དང་རྟགས་ཀྱི་ནང་དོན་ཐེ་ལོ་པ་(特罗巴)ཞེས་པའི་མི་ཚོགས་བོད་ཀྱིས་ལྷ་ཀླུ་གཉན་བཙན་ཟེར་བ་ལྟ་བུ་ཞིག་ལོ་ངོ་གཅིག་ཁྲི་ཉིས་སྟོང་གི་གོང་དུ་དོང་ཕུག་དེར་འདུག་སྐབས་ཀྱི་གནས་ཚུལ་བཀོད་ཡོད་པ་ཤེས། ད་དུང་དོང་ཕུག་དེའི་ངོས་སུ་ཉི་ཟླ་སྐར་གསུམ་གྱི་ཚོགས་པའི་རང་བྱོན་ལྟ་བུའི་རི་མོའང་མཐོང་མྱང་བ་བལྟས་ན། བོད་ཀྱི་གནས་ཡིག་ལས་བསྒྲུབ་ཕུག་དང་ཕྱག་ཞབས་རྗེས་དང་ཡིག་རིས་རང་བྱོན་ཡོད་ཚུལ་བསྟན་པ་དང་ར་འཕྲོད་ཐུབ་པ་མ་རེད་དམ།
  དེ་ལྟར་འཛམ་གླིང་ཐོག་ཆེས་རླབས་ཆེ་བའི་ཚན་རིག་པ་ཨེ་དབྱིན་སི་ཐན་གྱིས། གལ་སྲིད་དེང་རབས་ཚན་རིག་གི་དགོས་མཁོ་ལ་ཁ་གཏད་འཇལ་ཐུབ་པ། ཚན་རིག་དང་གཅིག་བརྟེན་གཅིག་རོགས་བྱེད་ནུས་པའི་ཆོས་ལུགས་ཤིག་ཡོད་ན། དེ་ནི་སངས་རྒྱས་ཆོས་ལུགས་རེད་ཅེས་གསུངས་པ་དང་། 
  ཡང་། ཨ་རིའི་རྒྱལ་ཁབ་ཀྱི་ཚན་རིག་པ་དང་། འཆར་ཅན་མིན་པའི་མཐོང་ཚུལ་ཞིབ་འཇུག་པ་ཆེན་པོ་ཐེ་ལུའུ་ཚི་(特鲁茲)ཡིས། ལོ་རྒྱུས་ཀྱིས་ར་སྤྲོད་གསལ་པོ་བྱུང་བར་བལྟས་ན། སང་ཉིན་གྱི་ཚན་རིག་ནང་དུ་རང་རེ་ཚོས་དེ་རིང་ལྟ་དུས་བསམ་མ་ཐུབ་པའི་ཁྱད་མཚར་བ་ཇི་སྙེད་ཅིག་ཡོད་པ་དང་། སང་ཉིན་གྱི་རིག་གཞུང་ནང་དུ་ང་ཚོས་དེ་རིང་རྩོད་གླེང་དྲག་པོའི་ཐུན་མིན་གྱི་འཆར་སྣང་འགའ་ལ་འགྲེལ་བཤད་ཀྱང་བྱ་དགོས་སྲིད་ཀྱི་རེད། ཅེས་པའི་འདོད་ཚུལ་ལྟར་ན། དེ་ནི་ཚན་རིག་གི་གསར་བརྗེའི་དོན་སྙིང་ལྡན་པའི་ཚད་གཞི་གསར་པའི་མཛུབ་སྟོན་འདོན་པ་ཞིག་ཡིན་པ་སྙམ། 
  འདིར་དུས་གསུམ་རྒྱལ་བའི་ངོ་བོ་པད་མ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས། བཻ་རོ་ཙ་ན་སོགས་གཏེར་ཆེན་གྲུབ་བརྙེས་དུ་མས་གཏེར་སྦས་ཤིང་གནས་ཡིག་ལུང་བསྟན་ཞལ་བྱང་དང་། སྐུ་ལུས་ཕྱག་ཞབས་རྗེས་བཞག་པ་ངོས་འཛིན་གནང་ནས་གནས་སྒོ་འབྱེད་པ་སོགས་འཇིག་རྟེན་ཕལ་པའི་སྣང་ངོ་ལ་ཤོང་མི་ཐུབ་པ་ལྟ་བུ་བྱུང་ཡོད་ནའང་། ད་ལྟ་ཚན་རིག་གི་བསྟན་པའི་འདབ་མ་དཔག་བསམ་ལྟར་རྒྱས་པའི་སྐབས་འདིར་མིང་གྲགས་ཅན་གྱི་སྐྱེ་ཁམས་རིག་པ་བ་དང་། དངོས་ཁམས་རིག་པ་བ། ས་གཤིས་རིག་པ་བ་མང་པོས་གནའ་བོའི་ལོ་རྒྱུས་སོགས་ཅི་ལའང་མ་བལྟས་མ་དཔྱད་ཀྱི། ཡུལ་ལུང་དངོས་ལ་སྤྱོད་ནས་ཐད་ཀའི་ཚོར་མྱངས་དེ་གཙིགས་སུ་འཛིན་པའི་བརྟག་དཔྱད་བྱས་ཏེ་འགྲིན་དབྱངས་གཅིག་གྱུར་གྱིས་བོད་དུ་སྔོན་ཆད་གནས་རིར་གྲགས་པ་ཕལ་ཆེར་ཡུལ་ལྗོངས་རྩེ་གྲས་སུ་བརྩིས་ཏེ། དེར་གནས་པའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་འཚོལ་བཞིན་པ་དང་། གལ་སྲིད་དེ་ལ་གནོད་སྐྱོན་ཐེབས་ན་ཉམས་པ་སོར་ཆུད་བྱེད་རྒྱུ་ཤིན་ཏུ་དཀའ་བ་ཡིན་པ། གནོད་སྐྱོན་དེས་བྱུང་བའི་འཚེ་བའི་སྡུག་བསྔལ་ནི་བོད་ཡུལ་ཙམ་མ་ཡིན་པ། མ་མཐའ་ཡང་ཡ་གླིང་ལྷོ་ཤར་བཅས་ཚུད་པའི་ས་ཁུལ་གྱི་སེམས་ཅན་དང་བེམ་པོ་སོགས་ཀྱི་མྱོང་དགོས་པའི་ཤེས་བྱ་བརྗོད་བསྒྲགས་བྱེད་བཞིན་པ་ལ་བལྟས་ན། གནས་རི་བསྐོར་བའི་རིག་གནས་ཀྱི་ཁྲོད་དུ་གནའ་སྔ་མོ་ནས་ཐབས་སྣ་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་དགོས་པའི་དགེ་མཚན་དང་ཕན་ཡོན། སྐྱེ་ཁམས་ལ་གནོད་གཏོར་བྱས་ན་སྡིག་པ་དང་ཉེས་སྐྱོན་བྱུང་ཚུལ་བསྟན་པ་ནི། ཚན་རིག་གི་ལམ་ནས་གནས་རིའི་རིག་གནས་ཀྱི་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་ཟབ་མོ་ཡོད་པ་ཡིད་ཆེས་ཀྱི་ངེས་ཤེས་བརྟན་པོ་རྙེད་ཐུབ་པའོ། །དེ་ལྟར་གནས་རི་བསྐོར་བའི་རིག་གནས་ཀྱི་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་ཡོད་པ་འདི་ལྟ་བུ། མ་གཞི་འདུལ་བ་ལུང་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། དགེ་སློང་དག་བྱང་ཕྱོགས་གངས་རིའི་ཁྲོད་ན་ས་རྡོ་བེམ་པོས་ཀྱང་སེམས་ཅན་གྱི་དོན་བྱེད་པར་ཡོད་དོ། །ཞེས་གསུངས་པ་ལྟར་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཁྱབ་ཁོངས་སུ་འདུས་ཡོད་ནའང་ནང་ཚན་བྱེ་བྲག་གི་རིག་གནས་ཞིག་ཏུ་གྱེས་ནས་བཤད་པ་ནི། དམིགས་ཡུལ་ཆོས་ལུགས་དང་ཚན་རིག་དྲིལ་བསྒྲགས་དང་དེའི་ནུས་པར་སྒྲོ་འདོགས་བྱེད་འདོད་མ་ཡིན་པ། མི་རྣམས་ལ་གནད་དོན་ཆུང་ཆུང་ཞིག་བཏོན་ནས་བསམ་བློ་གཏོང་དགོས་པར་ཞུ་ཁུལ་ཡིན། ནོངས་པ་དང་ཉེས་པའི་ཚོགས་མཐའ་དག་ལ་བཟོད་གསོལ་ཞུ། སྐྱོན་སངས་དང་དགོངས་འཆར་ཇི་སྩལ་དགའ་བསུ་ཞུ་བ་ལགས་སོ། །བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག ། 
ལུང་ཁུངས།
༡ ཀརྨ་རྒྱལ་མཚན་གྱིས་ཕྱོགས་བསྒྲིགས་བྱས་པའི་མདོ་ཁམས་གནས་ཡིག་ཕྱོགས་བསྒྲིགས། སྤྱི་ལོ༢༠༠༥ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༢ སྟག་ཤམ་ནུས་ལྡན་རྡོ་རྗེས་མཛད་པའི་གཙང་གཤིས་རྡོ་རྗེ་གྲོ་ལོད་ཀྱི་གནས་ཡིག་དང་། ལྷོ་ལྡེམ་ཤུལ་གྱི་གནས་ཆེན་རྡོ་རྗེ་དྲིལ་དཀར་གྱི་གནས་ཡིག །
༣ ཇོ་སྲས་བཀྲ་ཤིས་ཚེ་རིང་གིས་མཛད་པའི་མཁའ་སྤྱོད་འབྲས་མོ་ལྗོངས་ཀྱི་གནས་ཡིག་ཕྱོགས་བསྡེབས་བཅས་སོ། །
 རྩོམ་པ་པོ་ངོ་སྤྲོད།
ཀརྨ་རྒྱལ་མཚན། (༡༩༥༣-) ཁམས་སྡེ་དགེའི་མི། ད་ལྟ་སི་ཁྲོན་མི་རིགས་སློབ་གླིང་དུ་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་བཞིན་མཆིས།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1