༄༅།།ཤར་མི་ཉག་གི་གནས་ཆེན་འབོ་གངས་དཀར།

ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-20


གངས་དཀར་རི་བོ། 
        ཕྱི་ལྟར་ཆུ་ཤེལ་ནོར་བུའི་མཆོད་རྟེན་བརྗིད། །
        ནང་ལྟར་གཞལ་ཡས་ཁང་བཟང་བྱིན་ཆགས་པ། །
        གསང་བ་བདེ་མཆོག་ལྷ་ཚོགས་འཁོར་བཅས་རྫོགས། །
        གནས་ཆེན་གངས་དཀར་རི་བོ་གཙུག་གི་རྒྱན། །
        དེའང་བོད་ཀྱི་གངས་ཆེན་བཞིའི་ཡ་གྱལ་མི་ཉག་འབོ་གངས་དཀར་རི་བོ་ནི། ཁམས་ཕྱོགས་ཀྱི་གངས་རི་དག་གི་ཁྲོད་དུ་ཀ་བ་ལྟ་བུའི་རི་དབང་ལྷུན་པོ་ལ་འགྲན་བཟོད་པའི་གངས་དཀར་ཤེལ་གྱི་ཅོད་པན་ཆེས་མཐོ་བས་རི་ཕྲན་ཐམས་ཅད་ཟིལ་གྱིས་གནོན་པ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བཀྲ་ཤིས་པའི་དགེ་མཚན་དུ་མ་ལྡན་པའི་དཔལ་བདེ་མཆོག་གི་ཕོ་བྲང་བཞི་བརྩེགས་ཀྱི་ནང་དུ་གནས་ཀྱི་སྲུང་མ་དགེ་བསྙེན་རྡོ་རྗེ་བློ་གྲོས་འཁོར་བཅས་དང་། འཕགས་པའི་གནས་བརྟན་ཡན་ལག་འབྱུང་འཁོར། དཔལ་འཁོར་ལོ་སྡོམ་པ། མཁའ་འགྲོ་ཆོས་སྲུང་ལ་སོགས་པ་ན་བུན་འཐིབས་པ་ལྟར་བཞུགས་པའི་གནས་ཁྱད་འཕགས་འདིར་འབྲེལ་ཚད་ཐམས་ཅད་ཐུབ་དབང་བཞུགས་གནས་བརྒྱད་དང་། པདྨའི་གནས་བརྒྱ་རྩ་སོགས་བསྐོར་བའི་ཕན་ཡོན་དང་མཚུངས་པ་སོགས། སངས་རྒྱས་གཉིས་པ་པདྨ་ཀ་རས་བསླུ་མེད་རྡོ་རྗེའི་ལུང་ལས་བཀའ་སྩལ་འདུག་པ་དང་། དཔལ་རྒྱལ་དབང་ཀརྨ་པ་རོལ་པའི་རྡོ་རྗེ་སོགས་ཀྱི་ཀྱང་གནས་མཆོག་འདིའི་མཚན་ཉིད་ཞིབ་ཏུ་གསུངས་ཤིང་ཆེ་བའི་ཡོན་ཏན་ལ་བསྔགས་པར་མཛད་པ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོ། གྲུབ་པའི་དབང་པོ་ཀུན་དགའ་རྒྱལ་མཚན། མཁན་ཆེན་རྨ་སེ་སྟོན་པ། རྣལ་འབྱོར་གྱི་དབང་ཕྱུག་ཞིག་པོ་གཉིས་མེད་རྡོ་རྗེ། མཁས་གྲུབ་ཆེན་པོ་འཇམ་དབྱངས་གྲགས་པ་སོགས་སྐྱེས་ཆེན་མང་པོ་ཞབས་ཀྱིས་བཅགས་ཤིང་རྫུ་འཕྲུལ་གྱི་བཀོད་པ་དང་གྲུབ་པའི་རྟགས་ལྷ་སྐུ་དང་ཕྱག་ཞབས་ཀྱི་རྗེས། དབྱངས་གསལ་གྱི་ཡིག་འབྲུ། ལས་སྒྲིབ་དག་བྱེད་ཀྱི་ཆུ་མིག དུང་དཀར་རང་བྱོན་སོགས་ངོ་མཚར་བ་དུ་མས་བྱིན་གྱིས་བརླབས་པའི་གནས་ཁྱད་དུ་འཕགས་པའོ། །
ཁ་བའི་ཅོད་པན་གྱིས་བརྒྱན་པའི་གངས་དཀར་རི་བོ། 
        གངས་རིའི་ཉེར་སྐོར་དུ་མི་ཉག་མཁས་པ་མི་ལྔའི་ཡ་གྱལ་མཚུངས་མེད་བྱམས་སར་བ་ཡེ་ཤེས་དཔལ་གྱི་སྒྲུབ་གནས་དང་། རབ་སྒང་གི་གྲུབ་ཐོབ་རྣམས་གསུམ་གྱི་ཡ་གྱལ་དཔལ་ཨ་ར་ཆོས་རྗེ་ཉི་མ་རྒྱལ་མཚན་གྱིས་བསྙེན་སྒྲུབ་མཛད་སྐབས་ཀྱི་བཞུགས་གནས། བོད་རབ་བྱུང་ལྔ་པའི་ཤིང་བྱ་སྤྱི་ལོ་1285ལོར་གྲགས་པའི་དཔལ་གྱིས་སྔར་ཡོད་པའི་སྒྲུབ་ཁང་དེ་རྒྱ་ཆེ་རུ་བསྐྱེད་ནས་འབོ་གངས་དཀར་དགོན་པ་ཞེས་གྲགས་པ་ནས་ད་བར་མི་ལོ་བརྒྱད་བརྒྱ་ལྷག་ཙམ་གྱིས་རིང་ལ་གངས་དཀར་སྤྲུལ་སྐུ་རིམ་བྱོན་གྱི་སྒྲུབ་གནས་དང་བཤད་སྒྲུབ་སོགས་རྒྱལ་བསྟན་སྤེལ་བའི་གནས་གཙོ་བོ་དང་། ཁམས་གསུམ་གྲགས་དགོན་ཞེས་བོད་རབ་བྱུང་དྲུག་པའི་ཆུ་བྱི་སྤྱི་ལོ་1372ལོར་མཁན་ཆེན་རྨ་སེ་སྟོན་པ་རིན་ཆེན་བཟང་པོས་བཏབ་པའི་དགོན་རྙིང་དང་སྒྲུབ་གནས་བྱིན་ལྡན་ཅན་དུ་མ་དེང་འང་མཇལ་རྒྱུ་འདུག །
འབོ་གངས་དཀར་དགོན། 
        དེ་ལྟ་གོང་དུ་ཇི་སྐད་བཤད་པའི་གནས་དང་རྟེན་དེ་དག་ལས་ལོག་ལྟ་དང་ཁྱད་གསོད་ཀྱིས་བརྙས་བཅོས་དང་ཇི་མི་སྙམ་དུ་འཛིན་པ་སོགས་སྡིག་དང་འདྲེས་པའི་བསམ་སྦྱོར་ཐམས་ཅད་སྤངས་ཏེ། དང་འདོད་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་ཀུན་ནས་བསླངས་ཏེ་ཕྱག་མཆོད་བསྐོར་བ་སོགས་བྱས་ན་དུས་ནམ་དུའང་དགེ་རྩའི་ཕན་ཡོན་གྱི་འགྱུར་སྟོབས་ཆེ་ཞིང་ལྷག་པར་གླང་ལོ་ནམ་ཤར་གྱི་གནས་འདུས་སྐབས་སུ་འོག་མིན་དག་པ་མཁའ་སྤྱོད་ཀྱི་ཞིང་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དཔལ་ཙཱ་རི་ཏྲ་སོགས་གནས་ཡུལ་གཞན་གྱི་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང་བཅས་པ་འདིར་འདུས་ཤིང་། རྩ་གསུམ་ལྷ་ཚོགས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་གནས་འདིར་ཕབ་པས། རྟོགས་པ་མཆོག་ཐོབ་པའི་རྣལ་འབྱོར་ཅན་རྣམས་ལ་དག་པའི་གཟིགས་སྣང་འབྱམས་ཀླས་པ་སྣང་བ་སྨོས་ཅི་དགོས་ཏེ། སྡིག་ཅན་ཤན་པ་སོགས་ཀྱང་ངན་སོང་དུ་མི་ལྷུང་ཞིང་མཐོ་རིས་ཐོབ་པ་དང་། ཚེ་འདིར་ལས་ཉོན་སྡིག་སྒྲིབ་བར་ཆད་ཐམས་ཅད་བྱང་ཞིང་བསྲབས་པས་ཚེ་རིང་ཞིང་ནད་མེད་པ་དང་། བསོད་ནམས་དང་ལོངས་སྤྱོད་ཀྱི་འབྱོར་པ་ཐོབ་ཅིང་། སྨོན་ལམ་གང་བཏབ་འགྲུབ་པ་དང་དམ་པའི་ཆོས་སྒྲུབ་པའི་སྐལ་བ་ཅན་དུ་འགྱུར་ཞིང་། ཕྱི་མ་བདེ་བ་ཅན་སོགས་དག་པའི་ཞིང་རྣམས་སུ་སྐྱེ་བས་སྒོ་ཐམས་ཅད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་འབད་པས་མངོན་པར་འདུ་བགྱི་བའི་སྒོ་ནས་དལ་བའི་རྟེན་བཟང་ལས་སྙིང་པོ་ལེན་པར་མཛོད། ཞེས་པ་གནས་ཡིག་རྙིང་པ་དག་ལས་གསུངས་སོ། །


        དེའང་འཇིག་རྟེན་ལུགས་ལ་གངས་དཀར་ལྷ་རྩེའི་གནས་བསྟོད་ཞིག་ལས། སྤོས་མཆོག་དམ་པ་ཨ་ཀར་ཙན་དན་ལྗོན། །ཚ་གྲང་ནད་སེལ་འཚོ་བྱེད་སྨན་གྱི་ཚལ། སྦ་མྱུག་ལ་སོགས་ཆུ་སྐྱེས་སྣ་ཚོགས་འཁྲུངས། །བྱ་ཚོགས་སྐད་སྙན་དུ་མ་རྒྱུན་དུ་སྒྲོགས། །གཡག་སོགས་ཁ་ཆེན་དུད་འགྲོ་སྣ་ཚོགས་འདུས། །སྟག་གཟིགས་གཅན་གཟན་རི་དྭགས་དུ་མ་ལྡན། །འདོད་ཡོན་རིན་ཆེན་མེ་ཏོག་སྤུང་པའི་ཚལ། །ལོངས་སྤྱོད་སྣ་ཚོགས་ཆར་བཞིན་འབེབས་པའི་གནས། །རིན་ཆེན་གཏེར་རྣམས་ཁྲོན་པའི་ཚུལ་དུ་སྦས། །ཕྱོགས་བཞིར་འཁྱིལ་བའི་གཡུ་མཚོ་སྔོན་པོ་ཞོན། ཡན་ལག་བརྒྱད་ལྡན་ཆུ་ནི་ལྷུང་ལྷུང་འབབས། །ཆུ་རྟ་ཆུ་གླང་དུང་དཀར་ལ་སོགས་པས། །དུས་དང་དུས་མིན་སྐད་སྙན་རྒྱུན་དུ་སྒྲོགས། །གཡུ་ཤེལ་གསེར་དང་དངུལ་གྱི་ཁུ་འཕང་དང་། །འཇའ་ཚོན་སྣ་ལྔ་གློག་དང་ན་བུན་འཁྲིགས། སྐད་རིགས་ཐ་དད་མི་རིགས་སྣ་ཚོགས་འདུས། །འོད་ཀྱང་ཡོན་ཏན་དཔག་མེད་བརྗོད་ལས་འདས། །ཞེས་གསུངས་པ་ལྟར་རང་བྱུང་སྐྱེ་ཁམས་ཕུན་སུམ་ཚོགས་པའི་མཛེས་ལྗོངས་འདིར། རྒྱལ་ཁབ་ཕྱི་ནང་གི་ཚན་རིག་པ་དང་། རི་འཛེག་པ། ཡུལ་སྐོར་ལྗོངས་རྒྱུ་བ། གནས་མཇལ་བ་སོགས་རྒྱུན་མི་ཆད་པའི་གནས་ཆེན་འདི་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྐྱེ་ཁམས་མཛེས་ལྗོངས་སྲུང་སྐྱོབ་བྱེད་སའི་གནས་མཆོག་ཡིན་ལ། འཛམ་གླིང་ནའང་སྙན་གྲགས་ཡོད་པའི་རི་ཞིག་ཡིན། ཉག་ཆུ་དང་རྒྱལ་མོ་དངུལ་ཆུ་གཉིས་ཀྱི་བར་ཤར་མི་ཉག་རིང་མོའི་ལྟེ་བ་དར་རྩེ་མདོ་དང་ཐག་ཉེར་ཡོད། གངས་རིའི་གཙོ་བོ་ཆགས་གནས་དེང་དར་མདོ་རྫོང་གངས་དཀར་ཤང་གི་ཁོངས་སུ་གཏོགས་ལ། དེའི་གནས་ལག་ནི་མི་རྒོད་མཚོ་དང་། ཕག་མོ་རི། ལྕགས་ཟམ་རྫོང་གི་གནས་མཆོག་དུང་དཀར་ལུང་པ་བཅས་སོ།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1