༄༅།།སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་བཤད་པ།

དཔལ་འཛོམས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-20



        སྤྱིར་སྙན་ངག་ཅེས་པ་ནི། རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ཚིག་སྦྱོར་དེ་དག་ལ་ཟེར། དེས་ན་དོན་གོ་སླ་ཞིང་ཉམས་མཚར་བའི་ཚིག་སྦྱོར་སྙན་ཞིང་མཛེས་པ་ཅན་དེ་ལ་སྙན་ངག་ཟེར་ཏེ། དཔེར་ན། གནའ་རྩོམ་དག་ལས། ས་སྐྱའི་ལེགས་བཤད་དང༌། མི་ལའི་མགུར་མཚོ། ཆགས་མེད་བདེ་སྨོན་ལྟ་བུ་དང༌། ཉེ་དུས་རྫ་དཔལ་སྤྲུལ་དང༌། འཇམ་མགོན་ཀོང་སྤྲུལ་གྱི་གསུངས་རྩོམ་དང༌། ལྷག་པར་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་གསུངས་རྩོམ་ལྟ་བུ་ནི་མཚན་ཉིད་དང་ལྡན་པའི་སྙན་ངག་གི་བསྟན་བཅོས་ཡིན་དགོས། འགའ་ཞིག་གིས་སྙན་ངག་ཅེས་པ་དེ་མངོན་བརྗོད་དང༌། ཚིག་གསར་མང་པོ་སྤུངས་བའི་ཚིག་ཚོགས། བརྗོད་དོན་གང་ཡིན་གསལ་པོར་རྟོགས་དཀའ་བ་ཞིག་དགོས་པར་སེམས་ཀྱང༌། གོ་དཀའ་བའི་ཚིག་སྦྱོར་ཅན་ལ་སྙན་ངག་ཅེས་པར་མི་འདོད་དེ། དོན་མ་གོ་བ་ལ་སྙན་པའི་ངག་ཅིག་གང་ནས་འབྱུང༌། འདིར་སྙན་ངག་གི་གཞུང་དང་སྙན་ངག་གི་བསྟན་བཅོས་གཉིས་ལ་ཁྱད་པར་ཡོད་དེ། སྙན་ངག་གི་གཞུང་ཞེས་པ་སྙན་རྩོམ་ཇི་ལྟར་འབྲི་ཚུལ་སྟོན་པའི་གཞུང་ལུགས་ཞིག་སྟེ། བརྗོད་བྱའི་དོན་གཅིག་ལ་བརྗོད་ཚུལ་གྱི་རྣམ་འགྱུར་མི་འདྲ་བ་དུ་མའི་སྒོ་ནས་སྙན་པའི་ཉམས་འདོན་ཚུལ་གྱི་སྒྱུ་རྩལ་བཤད་པའི་གཞུང་ལུགས་ཤིག་ཡིན་དགོས། སྙན་ངག་གི་བསྟན་བཅོས་ཞེས་པ་སྙན་ངག་གཞུང་དུ་བསྟན་པའི་ལུས་རྒྱན་གྱི་རྣམ་འགྱུར་མི་འདྲ་བ་དག་ལ་བརྟེན་ནས་བརྩམས་པའི་བཅད་ལྷུག་སྤེལ་མའི་བདག་ཉིད་ཅན་གྱི་བསྟན་བཅོས་དག་ལ་ཟེར། དེས་ན་སྙན་ངག་གི་གཞུང་དང་སྙན་ངག་གི་བསྟན་བཅོས་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་དགོས་ཏེ།
① སྙན་ངག་གི་གཞུང་ཡིན་ལ་སྙན་ངག་གི་བསྟན་བཅོས་མ་ཡིན་པའི་མུ་ནི།
སྙན་ངག་མེ་ལོང་མའི་གཞུང་ལྟ་བུ།
② སྙན་ངག་གི་བསྟན་བཅོས་ཡིན་ལ་སྙན་ངག་གི་གཞུང་མ་ཡིན་པའི་མུ་ནི།
སྐྱེས་རབས་དཔག་བསམ་འཁྲི་ཤིང་དང༌། ས་སྐྱའི་ལེགས་བཤད་ལྟ་བུ།
③ གཉིས་ཀ་ཡིན་པའི་མུ་ནི། བོད་མཁས་པའི་སྙན་ངག་གི་དཔེར་བརྗོད་སོགས་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་སྙན་ངག་གི་དཔེར་བརྗོད་ལྟ་བུ།
④ གཉིས་ཀ་མ་ཡིན་པའི་མུ་ནི། སུམ་རྟགས་ཀྱི་གཞུང་ལྟ་བུའོ། །
1 སྙན་ངག་ཤེས་པའི་དགེ་མཚན། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་སྙན་འགྲེལ་《སྙན་ངག་ལ་འཇུག་པའི་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།》ལས། “སྙན་ངག་གི་ཚིག་རྒྱན་སྦྱོར་ཚུལ་ལེགས་པར་ཤེས་ན། སྔོན་རབས་ཀྱི་ལོ་རྒྱུས་དང༌། རིག་གཞུང་རྩོམ་པ་སོགས་ལ་ཚིག་དོན་ཡིད་འཕྲོག་པའི་ངག་སྒོ་ཡངས་པོར་བྱེད་ནུས་པ་དང༌། རང་རེའི་སྤྱི་ཚོགས་ཀྱི་སྟེང་གི་མི་བཟང་དང་དོན་བཟང་རྣམས་གྲགས་པ་རིང་དུ་གནས་པར་མ་ཟད། སྐྱེ་བོ་མང་པོའི་ཁྲོད་དུ་རིག་གནས་ལས་བརྩམས་ཏེ་གཞུང་བཤད་པ་དང༌། སློབ་བུ་རྣམས་ལ་མཛུབ་ཁྲིད་བྱེད་པ། ཕས་ཀྱི་རྒོལ་བ་ལ་རྩོད་པ་དང་ཤགས་འགྱེད་པ། ཐ་ན་གྲོགས་ཕན་ཚུན་དང་འབེལ་གཏམ་གྱི་གླེང་མོལ་བྱེད་པ་ཚུན་གྱི་ཚིག་སྦྱོར་སྤེལ་བའི་ཚེ་ཡང༌། རང་ཚིག་སྔ་ཕྱི་འབྲེལ་ཆགས་པ། ཚིག་དོན་གྱི་ཆ་ལ་སྐྱོན་མེད་པ། བློ་མཆོག་དམན་ཀུན་གྱིས་གོ་སླ་བ། ཚོགས་པར་དབྱུང་དུ་མི་རུང་བའི་གྲོང་ཚིག་དང་ཕལ་སྐད་ཀྱིས་མ་བསླད་པ་སོགས་གོང་སྨོས་ཁྱད་ཆོས་དེ་དག་ཚང་བ་ཞིག་ཡིན་ན་ནི་སྙན་ངག་གི་ཉམས་རྩོལ་མེད་དུ་ཐོན་པར་འགྱུར་ལ། དཔེར་ན། གཞན་ཡིད་དགའ་བར་བྱེད་པའི་ཕྱིར་དུ་ཀུ་རེའམ་ངོ་མཚར་བའི་གཏམ་བརྗོད་པས། ཐོས་པ་ཙམ་གྱིས་འཛུམ་དམུལ་བར་བྱེད་པ་དང༌། དེ་བཞིན་དུ་གཞན་སྤ་བཀོང་བར་བྱེད་པའི་ཕྱིར་དུ་སྡིགས་མོའམ་མཚང་འབྲུ་བའི་གཏམ་སོགས་གླེང་ཙམ་གྱིས་སྐྱི་གཡའ་བར་བྱེད་པ་སོགས་ནི་སྙན་ངག་གི་ཚིག་སྦྱོར་འབའ་ཞིག་ལ་རེག་ལས་པ་ཡིན་ནོ།”ཞེས་གསུངས་སོ།
2 སྙན་ངག་མི་ཤེས་པའི་སྐྱོན། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་སྙན་འགྲེལ་《སྙན་ངག་ལ་འཇུག་པའི་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།》ལས། སྙན་ངག་གི་གཞུང་འདི་ལ་མ་སྦྱངས་ན། རང་གིས་བསྟན་བཅོས་སོགས་ཇི་བཞིན་རྩོམ་ཚུལ་མི་ཤེས་ཤིང༌། གལ་ཏེ་རྩོམ་ན་ཡང་ཚིག་རྒྱན་སྦྱོར་ཚུལ་གྱི་རྣམ་གཞག་མ་ཆགས་པའི་དབང་གིས་སྙན་ངག་མཚན་ཉིད་ཚང་བ་ཞིག་གཏན་ནས་མི་འབྱུང་ལ། གཞན་གྱིས་བརྩམས་པའི་བསྟན་བཅོས་སྙན་ངག་གི་རྒྱན་དང་སྦྱར་བ་རྣམས་ཀྱི་ཚིག་དོན་འགྲེལ་མི་ནུས་པར་མ་ཟད། སྟབས་ཉེས་ན་ཚིག་དོན་གྱི་གོ་བ་ལོག་པར་འགྲེལ་བས་རང་གཞན་ཚང་མར་གནོད་ཅིང༌། གཞན་ཡང་སྙན་ངག་གི་ཚིག་རྒྱན་མེད་པའི་གྲོང་ཚིག་རྐྱང་པའི་བསྟན་བཅོས་པོ་ཏི་ལོངས་པ་བརྩམས་ཀྱང་མཁས་པ་ལྟ་ཅི། སེམས་ཡོད་སུ་ཡང་མགུ་བར་མི་བྱེད་ལ། འཇིག་རྟེན་འདིར་རྩེད་མོའི་ཕྱིར་གླུ་གཞས་ཤིག་བཏང་ན་ཡང༌སྙན་ངག་གི་ཉམས་ཡོད་པའི་ཚིག་རྒྱན་ལ་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་བསྟོད་བསྔགས་ཆེས་ཆེར་བྱེད་པ་མངོན་སུམ་དུ་གྲུབ་པས། སྙན་ངག་ཤེས་པ་དང་མ་ཤེས་པའི་དགེ་མཚན་དང་སྐྱོན་ནི་དེ་ལྟར་ཡིན་ནོ་ཞེས་གསུངས་སོ།
3 སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། རང་བཞིན་གྱི་ངག་སྒོ་ཡངས་པ། མཐོང་རྒྱ་དང་ཉམས་མྱོང་མང་བ། སྔོན་གྱི་མཁས་པས་བརྩམས་པའི་སྙན་ཚིག་མང་པོ་ངག་ཐོག་ནས་སྐྱོར་ནུས་བཅས་གསུམ་པོ་ནི་སྙན་ངག་མཁས་པའི་རྨང་གཞི་ཡིན་ཏེ། སྙན་ངག་མེ་ལོང་མ་ལས།
རང་བཞིན་གྱིས་གྲུབ་སྤོབས་པ་དང་། །
མང་དུ་ཐོས་པ་དྲི་མེད་དང་། །
མངོན་པར་སྦྱོར་བ་མི་དམན་པ། །
སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །
        སྐྱེ་བོ་གང་ཞིག་རང་བཞིན་ཉིད་ཀྱིས་གྲུབ་པའི་ངག་སྒོ་ཡངས་ཤིང་སྐྱེས་ཐོབ་ཤེས་རབ་ཀྱི་སྤོབས་པ་དང་ལྡན་པ་དང་། སྤྱིར་ཤེས་བྱའི་གནས་ཀུན་དང་། ཁྱད་པར་དུ་སྙན་ངག་གི་བསྟན་བཅོས་དང་མིང་གི་མངོན་བརྗོད། བརྡ་སྤྲོད་པའི་བསྟན་བཅོས་དང་སྔོན་བྱུང་གི་གཏམ་རྒྱུད། ལོ་རྒྱུས་དང་ཟློས་གར་གྱི་རིགས་ལ་སོགས་པ་ལེགས་བཤད་ཀྱི་ཚོགས་མང་དུ་ཐོས་པ་ལ་བློ་ཐེ་ཚོམ་གྱི་དྲི་མ་མེད་པ་དང་། སྙན་ངག་མངོན་པར་སྦྱོར་བའི་གུས་སྦྱོར་གྱི་བརྩོན་འགྲུས་མི་དམན་པ་སྟེ་དེ་གསུམ་ནི་སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ཞེས་གསུངས་པ་ལྟར་རོ།
        མདོར་བསྡུས་ན། བློ་རིག་གསལ་ཞིང་ངག་སྒོ་ཡངས་པ་ནི་རྩོམ་རིག་ཕུན་སུམ་ཚོགས་པོ་ཡོང་བའི་རྒྱུ་དང་པོ་ཡིན། འཚོ་བ་དངོས་ཀྱི་ཉམས་མྱོང་མང་པོ་ཡོད་པ་དེ་ཉིད་རང་བཞིན་གྱིས་སྙན་ངག་ལ་མཁས་པར་འགྱུར་བའི་རྨང་གཞི་གཉིས་པ་ཡིན་ལ། སྔོན་བྱུང་གི་གཏམ་རྒྱུད་དང༌། མིང་གི་མངོན་བརྗོད་སོགས་མང་དུ་ཐོས་པ་དང༌། གཞུང་ལུགས་སྤྱི་དང༌། ལྷག་པར་སྙན་ངག་གི་གཞུང་མང་པོར་ལྟ་རྒྱ་ཆེ་ཞིང༌། དེ་དག་གི་དོན་ཡིད་ལ་འདྲིས་པར་བྱེད་པ་དང༌། གཞན་གྱིས་བརྩམས་པའི་སྙན་ངག་གི་ཚིགས་བཅད་མང་པོ་དབྱངས་སུ་གྱེར་ནས་ངག་ཏུ་འདོན་ཐུབ་པ་ནི་རྩོམ་རྩལ་ལ་གོམས་པར་བྱེད་པ་ནི་རྨང་གཞི་གསུམ་པ་ཡིན་ཞིང༌། རྨང་གཞི་དེ་དག་ཡོད་ན། ཇི་འདྲའི་དབང་པོ་རྟུལ་བ་ཞིག་ཡིན་ན་ཡང༌། སྙན་ངག་ལ་རང་ཤུགས་ཀྱིས་མཁས་པར་འགྱུར་བས་སྙན་ངག་གི་ཚིག་རྒྱན་སྦྱོར་ཚུལ་འདི་ཉིད་དེ་ཙམ་གྱིས་དཀའ་ངལ་ཡོད་པ་ཞིག་མ་ཡིན་ནོ།
        འོ་ན་སྐྱེས་ཐོབ་ཤེས་རབ་ཀྱི་སྙན་ངག་སྨྲ་བའི་རང་བཞིན་གྱི་སྤོབས་པ་མེད་ན་སྙན་ངག་བརྩམ་མི་ནུས་སམ་ཞེ་ན། དེའང་མ་ཡིན་ཏེ། གལ་ཏེ་སྔོན་གྱི་བག་ཆགས་སད་པའི་ཡོན་ཏན་སྐྱེས་ཐོབ་ཀྱི་སྙན་ངག་སྨྲ་བའི་སྤོབས་པ་དང་མི་ལྡན་པ་ཞིག་རྒྱུ་རྐྱེན་དང་པོ་མ་ཚང་པ་ཞིག་ཡིན་ནའང་། རྒྱུ་གཉིས་པ་མང་དུ་ཐོས་པ་དང་། རྒྱུ་གསུམ་པ་རྟག་སྦྱོར་གྱི་འབད་བརྩོན་ཆེན་པོས་སྙན་ངག་སློབ་གཉེར་ལ་བརྟེན་ན། དབང་པོའི་རིམ་པ་ལ་ཁྱད་པར་ཅི་རིགས་པ་ཡོད་ནའང་འབད་བརྩོན་གྱི་སྟོབས་ཀྱིས་སྙན་ངག་སྨྲ་བ་རྣམས་ཀྱི་རྗེས་སུ་བསྙེགས་པར་བྱེད་དོ།
        གོང་དུ་བརྗོད་པ་ལྟར་འབད་བརྩོན་བྱས་ན་བློ་རིག་གི་ཁྱད་པར་མེད་པ་མཐའ་ཐུག་སྙན་ངག་མཁས་པར་འགྱུར་སྲིད་པས། དེས་ན་སྙན་ངག་སྨྲ་བ་ལ་མཁས་པའི་གྲགས་པ་ཐོབ་འདོད་རྣམས་ཀྱིས་དུས་རྟག་ཏུ་ལེ་ལོ་དང་། སྙོམ་ལས་མེད་པ་འབད་བརྩོན་ཆེན་པོ་བྱ་ཞིང་།
        རིམ་པ་བཞིན་དུ་ངག་གི་ལྷ་མོ་དབྱངས་ཅན་ལྷ་མོ་ཡི་དམ་དུ་བརྟེན་པར་མ་ཟད། སྙན་ངག་གི་བསྟན་བཅོས་ཆེན་པོ་རྣམས་ལྟ་ཅི། ཕལ་བའི་སྙན་རྩོམ་ཆུང་ངུའི་རིགས་ལའང་ངལ་བ་ཁྱད་བསད་ཀྱིས་བལྟ་ཀློག་བྱས་ན་དུས་ནམ་ཞིག་གི་ཚེ། སྙན་ངག་མཁས་པའི་མདུན་སའི་གདན་གྲལ་ན་འདུག་པའི་ཐོབ་ཐང་རྙེད་སྲིད་དོ། །
        དེ་ལྟར་སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་གསུམ་གྱི་ཡ་གྱལ། སྔོན་གྱི་མཁས་པས་བརྩམས་པའི་སྙན་ཚིག་མང་པོ་ངག་ཐོག་ནས་སྐྱོར་ནུས་པ་རམས་འདེགས་ཀྱི་ཆེད་དུ་འདིར་སྔོན་གྱི་མཁས་པའི་སྙན་ཚིག་འགའ་ཞིག་ཟུར་བལྟའི་ཚུལ་དུ་བཀོད་པར།
1 སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་སྙན་ངག་དཔྱིད་དུས་ལ་བསྔགས་པ། ཀིང་ཤུ་ཀ་ཡི་ལྗོན་ཤིང་ལ། །ཁུ་བྱུག་ཕོ་མོ་སྒྲ་འབྱིན་པའི། །གེ་སར་རྒྱས་ལྡན་དཔྱིད་ཀྱི་དཔལ། །ངོ་མཚར་དུས་ཀྱི་དང་པོ་ལ། །ཅི་ཡང་དགའ་བར་བྱེད་པ་ཡི། །ཆུ་ཁུར་ཅན་གྱི་ཕྲེང་བྲེས་ཤིང༌། །ཇི་ཞིག་ལྟར་ན་ཆར་རྒྱུན་གྱིས། །ཉོན་མོང་ལྟ་བུའི་གདུང་བ་བཙིལ། །ཏི་རཿའི་ཚོགས་ཀྱང་དགའ་བྱེད་ན། །ཐུ་བོ་མཁས་པ་ལྟ་ཅི་སྨོས། །དེ་འདྲའི་ཡ་མཚན་མཐོང་པའི་དུས། །ནོངས་པའི་བཞིན་རས་འཕྱར་མི་འཚལ། །པིཥྤ་ལ་སོགས་རྣམ་པར་རྒྱས། །ཕུ་ཆུ་ལྷུང་ལྷུང་སྙན་སྒྲོགས་ཤིང༌། །བེ་ཏ་སཿརྣམས་རལ་པ་གསིགས། །མོག་པོར་བྱེད་པའི་རྡུལ་རྣམས་དྭངས། །ཙིར་ཙིར་འབོད་པ་བུང་བའི་གླུས། །ཚུ་རོལ་མཐོང་བ་དགའ་སྐྱེད་པ། །ཛེ་ཏིའི་ཚལ་མཚུངས་མཛེས་པ་འདི། །ཝོ་ཛི་ཧྭས་ཀྱང་སྨྲ་ནུས་མིན། །ཞི་བ་རྣམས་ཀྱང་ཡིད་སྲུབས་ཀྱི། །ཟུར་མིག་ལྷུང་བས་རྨོངས་བྱེད་ན། །འེ་ཞེས་བོས་ནས་གྲོགས་མོ་ལ། །ཡོ་ཛ་ན་སེམས་སྨོས་ཅི་དགོས། །རི་དྭགས་ལྟ་བུར་བག་ཡངས་སུ། །ལུ་གུ་རྒྱུད་ཀྱི་འཆིང་བ་བཏང༌། །ཤེས་པས་འདོད་པ་དེར་སྤྱད་ན། །སོས་ཀ་འདིས་ཀྱང་བྱང་ཆུབ་སྟེར། །ཧེ་ཧེ་བགད་མོ་འབྱིན་བཞིན་དུ། །ཨཽ་ཊའི་བདུད་རྩི་འཐུངས་བའི་དུས། །ཧེ་རུ་ཀ་གནས་དཔལ་སྤུངས་སུ། །ཨོ་རྒྱན་མཁན་པོའི་འབངས་དེས་བྲིས། ཞེས་ཡིག་མཁན་འགའ་ཞིག་ལ་ཡི་གེའི་དཔེར་སྩལ་བ་ལྟ་བུའང་དཔྱིད་དུས་ཀྱི་བསྔགས་པ་ཞེས་སོ། །
2 རྫ་དཔལ་སྤྲུལ་རིན་པོ་ཆེས་ཁྲམ་པའི་རིགས་ཀྱི་བྱ་སྤྱོད་ཀྱི་རང་བཞིན་བརྗོད་པ། 《གཏམ་པདྨའི་ཚལ་གྱི་ཟློས་གར།》ལས། ཁྲིམས་ཐོག་རྒྱལ་པོས་ཁྲམ་ཞིག་བྱེད། ཐབས་ཀྱིས་ཉེས་མེད་ཆད་པས་གཅོད། །བརྫུན་གྱིས་བྲན་ལ་ཉེས་པ་བགྲང༌། །གཡོ་སྒྱུར་རང་གཞན་ཕུང་ལ་སྦྱོར། །གདུགས་ཞབས་བླ་མས་ཁྲམ་ཞིག་བྱེད། །དམ་པའི་ཆོས་ལ་ཕག་གཅིག་གཡར། །མངོན་ཤེས་རྫུན་གྱི་འོལ་ཚོད་སྒྲོགས། །དབང་ལ་ནོར་གྱི་ཉོ་བཙོང་བྱེད། །མཐུ་ཡིས་དཔོན་ལ་ངོ་འཛིན་བྱེད། །ཆོས་ལ་གྲོང་པའི་རྐྱེན་བཟློག་བྱེད། །རི་ཁྲོད་སྒྲོམ་ཆེན་ཁྲམ་ཞིག་བྱེད། །རི་ཁྲོད་གནས་ན་རོ་ཉལ་བྱེད། །ཕལ་པས་མཐོང་ན་ལུས་ཚུགས་འཛིན། རང་ནོར་ཡོད་པ་གུད་དུ་སྦས། །སྦྱིན་བདག་དྲུང་དུ་ཁ་གསགས་བརྗོད། །སྐྱེ་བོ་ཕལ་གྱིས་ཁྲམ་ཞིག་བྱེད། །སེམས་ནི་རྫ་མཁན་འཕང་ལོ་འདྲ། །ཅི་དགོས་བལྟ་ཞིང་འཁོར་ལོ་བསྐོར། །གཏམ་ལ་མགར་བའི་ལག་ཆ་འདྲ། །གར་འགྲོ་བལྟ་ཞིང་བདེ་ཁ་བསྒྱུར། །བྱ་བྱེད་སོས་ཀའི་གནམ་དང་འདྲ། །ད་ལྟ་དཀར་ཡང་ད་ལྟ་གནག །
ཕྱི་ཐག་སྦྲང་བུའི་མཆུ་དང་འདྲ། །ཟ་ཚེ་ཡོད་དེ་ཚར་ཚེ་མེད། །ངོ་སྲུང་ཐང་ཀའི་རི་མོ་འདྲ། །སྔ་སོ་ལེགས་ཏེ་ཕྱི་སོར་མེད། །དད་འདུན་གློ་བའི་ཚོད་མ་འདྲ། ཁ་ལ་ཡོད་དེ་གཏིང་ལ་མེད། །ཆོས་པ་རྣམས་ཀྱིས་ཁྲམ་ཞིག་བྱེད། །ཐོས་བསམ་ལྕོང་མོའི་ལུས་དང་འདྲ། །མགོ་བོ་ཆེ་སྟེ་མཇུག་མ་ཕྲ། །དོན་གཉེར་སྦལ་པའི་ཁ་དང་འདྲ། །ཉན་དུས་ཡོད་དེ་སྒྲུབ་དུས་མེད། །རྫུན་གྱིས་བླ་མའི་མགོ་བོ་བསྐོར། །གཡོ་ཡི་ཆོས་མིན་ཆོས་སུ་བརྫུ། ། སྒྱུ་ཡིས་ཉམས་ལེན་ཁ་བཤད་བྱེད། །ས་སྟེང་ཁྲམ་པས་བཟུང་བའི་དུས། །བདེན་པའི་གཞུང་ལམ་གང་ནས་འཛིན། །རྒྱལ་ཁམས་ཟོག་པོས་གང་བའི་དུས། །མཁས་པའི་གཞུང་ལུགས་སུ་ལ་འཆད། །རྒྱལ་པོས་རང་ཁྲིམས་བཤིགས་པའི་དུས། །འབངས་ཀྱི་སྐྱིད་སྡུག་སུ་ལ་རེ། །བླ་མས་རང་དོན་གཉེར་བའི་དུས། །ཉམ་ཐག་གཞན་ཕན་སུ་ཡིས་བྱེད། །དཔོན་གྱིས་བྲན་འཁོར་བཅོམ་པའི་དུས། ཉམ་ཆུང་ཁ་འཛིན་སུ་ལ་རེ། །ཞེས་སོ། །
        གོང་གསལ་སྙན་ངག་འདི་དག་ནི་ལས་དང་པོ་པ་རྣམས་ལ་གོ་སླ་བའི་རིགས་ཀྱི་སྙན་རྩོམ་རྣམས་ཡིན་ལ། དེ་ལས་བརྗོད་བྱ་གཏིང་ཟབ་པ་དང༌། རྗོད་བྱེད་ཤིན་ཏུ་འཁྱོག་པོའི་སྙན་ངག་གི་ལམ་དུ་དྲངས་པའི་ཚུལ་ལ་གཟིགས་པར་འདོད་ན། ཁྱད་པ་འཕགས་བསྟོད་དང༌། ལྷ་ལས་ཕུལ་བྱུང་སོགས་རྒྱ་གཞུང་དང༌། བོད་དུ་ཆུ་འགུ་བླ་མས་མཛད་པའི་གུ་རུའི་རྟོགས་བརྗོད་དང༌། སི་ཏུ་ཆོས་འབྱུང་གིས་མཛད་པའི་རོལ་པའི་རྡོ་རྗེའི་རྟོགས་བརྗོད། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཙནྡྲ་གོ་མཱིའི་རྟོགས་བརྗོད་རྣམས་ལ་བལྟ་བར་བྱའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1