བོད་ལྗོངས་སུ་ད་ལོའི་དཔྱིད་དུས་ཀྱི་རི་འཛེག་བྱེད་སྒོ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 04-07


        རི་འཛེགས་མཁན་གཅིག་མཇུག་གཉིས་མཐུད་ངང་བོད་དུ་འབྱོར་བ་དང་བསྟུན། བོད་ཀྱི་ད་ལོའི་དཔྱིད་དུས་ཀྱི་རི་འཛེགས་བྱེད་སྒོ་འགོ་ཚུགས་ཡོད་པ་རེད། ཤེས་རྟོག་བྱུང་བར་གཞིགས་ན། ད་ལོའི་དཔྱིད་དུས་སུ་རི་འཛེགས་མཁན་300ལྷག་གིས་འཛམ་གླིང་ཐོག་མཐོ་ཤོས་ཡིན་པའི་ཇོ་མོ་གླང་མ་དང་། འཛམ་གླིང་ཐོག་མཐོ་ཚད་ཨང་དྲུག་པ་ཡིན་པའི་ཇོ་དབུ་ཡག འཛམ་གླིང་ཐོག་མཐོ་ཚད་ཨང་14ཡིན་པའི་ཤི་ཞ་སྤོང་མ་བཅས་ལ་འཛེགས་རྒྱུ་ཡིན་པ་དང་། དེའི་ཁྲོད་ཇོ་མོ་གླང་མའི་རྩེར་འཛེགས་རྒྱུའི་འཆར་གཞི་ཡོད་མཁན་མི་100ལས་བརྒལ་ཡོད་པ་རེད། 
        བོད་ལྗོངས་རི་འཛེགས་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་འགན་འཁུར་བ་བསོད་ནམས་ཀྱིས། རི་འཛེགས་བྱེད་སྒོ་དེ་སྤྱི་ཟླ་4པའི་ཟླ་སྟོད་ནས་འགོ་འཛུགས་རྒྱུ་དང་། སྤྱི་ཟླ་6པའི་ཟླ་འགོར་མཇུག་སྒྲིལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
        རི་འཛེགས་མཁན་གྱི་བདེ་འཇགས་འགན་ལེན་བྱ་ཆེད། བོད་ཀྱི་རི་འཛེགས་མཐུན་ཚོགས་དང་གནས་རི་མྱུལ་དཔྱད་ཀུང་སིས་ལས་དོན་མི་སྣ་བརྒྱ་ལྷག་རི་འཛེགས་མཁན་ལ་ཞབས་ཞུ་བྱེད་པར་མངགས་གཏོང་བྱས་ཡོད་པ་རེད། དེ་མིན་དེ་སྔ་དང་མི་འདྲ་བར། ད་ལོའི་དཔྱིད་ཀའི་རི་འཛེགས་དུས་སུ་ཇོ་མོ་གླང་མའི་སྒར་ས་ཆེན་མོར་གློག་གི་དྲ་བ་ཁྲིད་ནས་གློག་འཁོ་འདོན་བྱ་རྒྱུ་ཡིན་པས། གློག་ཤུགས་དེ་བས་བརྟན་པོ་དང་སྟབས་བདེ། དྭངས་གཙང་བཅས་ཡོང་རྒྱུ་དང་རི་འཛེགས་མཁན་གྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཐུབ་རྒྱུ་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1