སེང་གཤོང་སྙིང་བྱམས་རྒྱལ།
1
ཁྱེད་ཀྱིས་ཁ་བ་ཅན་གྱི་སྣོད་བཅུད་ཞི་བདེའི་གཡབ་མོར་ཡིད་སྨོན་འཆོར་བ་ཡིན་ནའང་རུང་། ཁ་བ་ཅན་གྱིས་མ་ཡུམ་ཁྱེད་ཀྱི་འཇོ་སྒེག་རྒྱང་གཡེར་གྱི་བསླུ་བྲིད་ལ་ཡིད་སེམས་འཁྲི་བ་ཡིན་ནའང་ཆོག ཡང་ན་ཆོལ་གསུམ་ཞིང་གི་བསོད་ནམས་ཀྱི་བགོ་སྐལ་ཡིན་ནའང་འདྲ། མ་ཡུམ་ཁྱེད་ཀྱི་སྔོན་བསགས་ལས་སྨོན་ཉེ་བར་སྨིན་པ་ཡིན་ཡང་སྲིད། གང་ལྟར། ཁྱེད་སྲིད་པའི་གངས་རྒན་ཧི་མ་ལ་ཡའི་ཕ་རོལ་གྱི་གནམ་མཐའ་ནས་ཆས་ཤིང་། འཁྲེང་ཞེན་གྱི་མིག་མདངས་གཉོམ་པོ་ཁོ་ན་ཕ་གཞིས་དྲོན་མོར་ཟས་རིན་དུ་ཕུལ་ཏེ། བསོད་ནམས་ཞིང་གི་གཞི་འཛིན་གྱི་བག་མར་གོམ་ཁ་བསྒྱུར། དེའི་དུས། ཁྱེད་ཀྱི་ལང་ཚོས་སྙེམས་པའི་འཇོ་སྒེག་དང་ཐབས་ཤེས་ཀྱིས་ཕྱུག་པའི་འཇོན་ཐང་། བྱང་སེམས་ཀྱིས་སྣུམ་པའི་བསམ་སྦྱོར། འདོད་ཆུང་གིས་གཤིན་པའི་གཤིས་རྒྱུད་ལ་ཡི་རང་དང་འགྲམ་ཆུ་མི་ལྡང་བ་སུ་ཞིག་ཡོད་ཨང་།
ཞབས་ཟུང་གསེར་གྱི་འཁོར་ལོ་ར་བ་གངས་ཀྱི་ལྕགས་རིས་བསྐོར་པའི་གཞིས་ཁྱིམ་དུ་བསྒྱུར་པ་ནས། ཁྱེད་ཀྱི་བདེ་སྡུག་གི་སྲབ་སྐྱོགས་གངས་རིའི་ཕྱག་ལ་གཏད། སྐྱིད་སྡུག་བསྣོལ་མར་འཐབ་པའི་འཇིག་རྟེན་བྱ་བཞག་གི་འགྱུར་བ་རེ་རེས། ཁྱེད་ཀྱི་འདོད་ཐོག་ཏུ་ཆར་བ་བབས་མྱོང་ལ། མི་འདོད་སད་སེར་གྱི་ནག་ཐིག་ཀྱང་ཕབ་མྱོང་བས། དགའ་བའི་མེ་ཏོག་གི་འཛུམ་བག་ཞལ་ཁྱིམ་ལས་ངོམ་མྱོང་ལ། སྐྱོ་བའི་སྡུག་བསྔལ་གྱི་མཆི་མ་སྤྱན་ཟུང་ལས་བསིལ་མྱོང་། གང་ལྟར། ཁྱེད་ཀྱི་བསམ་སྦྱོར་གཉིས་ཀྱི་རྔུལ་ཆུ་དཀར་ནག་བསྟིམས་པའི་རྣམ་དཀར་འཕྲིན་ལས་ཀྱིས་གངས་རིའི་དཔལ་ཡོན་གྱི་ལོ་རྒྱུས་ལ་ཟུངས་ཁྲག་བསྣན་པ་སུ་ཡིས་བསྙོན། ཉི་མ་དང་ཆེས་ཉེ་བའི་ས་སྒང་རིལ་བོ་འདིར། གཞར་ཡང་བྲི་གང་མེད་པའི་བསམ་པའི་དཔལ་ཡོན་གྱི་ཆུ་གཏེར་ཞིག་ལྟེམ་ལྟེམ་དུ་འཁྱིལ་བ་ཁྱེད་ཀྱི་ཚེ་ནོམ་ཡིན་ལ། གཞན་གྱི་དྲིང་ལ་མི་འཇོག་པའི་ཞི་བདེའི་ཤེས་རིག་གི་ནང་རྫོངས་མནོག་མོ་ཡང་ཁྱེད་ཀྱི་ཟུངས་ཁྲག་གི་དྭངས་མའམ་ཉིང་བཅུད་མ་ཡིན་ནམ། “སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་ཀོང་མོའི་ཆུ་ལ་མཉམ་འཐུང”གི་ལོ་ཟླ་རིང་མོར། ཁྱེད་ཀྱི་ཐུགས་བསྐྱེད་དང་སྙོར་སྐྱོང་གི་མཐུ་སྟོབས་ལས། མཚན་མོའི་སྐར་ཚོགས་ཀྱི་གྲངས་ལ་འཕྱ་བའི་སྐྱེས་ཆེན་གྱི་ཕྲེང་བ་གངས་རིའི་མཁའ་ལ་འཛུམ་མྱོང་ཞིང་། ལྔ་ཟུང་རིག་པའི་གླེགས་བམ་གྱི་བྲག་རི་ཨ་སྔོན་སྟོབས་ཀྱིས་འགྱོག་པའི་ཀ་བར་བརྩིགས་པས། རྟེན་འབྱུང་རིག་པའི་བསྟི་གནས་སུ་བསྔགས།
ཁྱེད་ཀྱི་བྱིན་རླབས་ཀྱི་ཚན་ཁས་བརླམས་པས། སྣོད་ཀྱི་འཇིག་རྟེན་ལ་ལེགས་ཚོགས་ཀྱི་ཕྱྭ་གཡང་རང་འཁོར་དང་། བཅུད་ཀྱི་སེམས་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་རང་ཤར་ཡིན་མྱོང་། འདི་སྣང་འདོད་ཡོན་གྱིས་བསླངས་པའི་འགྲན་རྩོད་ཀྱི་ཚ་རླབས་དྲག་པོས། སྣོད་དང་བཅུད་ཀྱི་བར་དང་སེམས་ཅན་དང་སེམས་ཅན་བར་གྱི་འཆམ་མཐུན་ཆམ་ལ་ཕབ་ཅིང་། ཐ་ན་སྐྱེ་དགུའི་སེམས་ཁམས་བག་ལ་ཞ་བའི་དེ་རིང་ཡང་། ང་ཚོའི་མཐོན་མཐིང་གི་མཁའ་དབྱིངས་སུ་དྲི་བཞོན་གྱི་ཆིབས་པ་བཅིབས་པའི་ཆུ་འཛིན་གྱི་ཕོན་པོ་དལ་གྱིས་རྒྱུ་བ་དང་། རྫས་དུད་ཀྱིས་མ་རེག་པའི་སྔོ་ལྗང་སྤང་ཐང་གི་ཆུ་གཏེར་ངོགས་སུ་དཀར་སེར་དམར་སྔོའི་མེ་ཏོག་དང་དཀར་ནག་རྐང་བཞིའི་ལྦུ་བ་རྩེན་ཞིང་། ལྷུང་ལྷུང་དྭངས་གཙང་གིས་འབབ་པའི་ཡན་ལག་བརྒྱད་ལྡན་གྱི་འཇིངས་སུ་ཆུ་སྐྱེས་ཅི་དགར་རོལ་ལ། ཚང་ཚིང་ནགས་ཀློང་ཕྱུག་མོའི་རྫུབས་སུ་བྱ་བྱིའུས་གྲེ་འགྱུར་ངོམ་ཞིང་རི་སྐྱེས་མ་བུ་བག་ཡངས་སུ་རྩེན། ད་དུང་སྣོད་ཀྱི་འཇིག་རྟེན་དགེ་བཅུ་མཚན་མས་ཁེངས་ཤིང་། བཅུད་ཀྱི་སེམས་ཅན་འཚེ་མེད་ཞི་བདེར་རོལ། ངོ་མ། ཁྱེད་ཀྱི་ཐབས་ཤེས་ཟུང་འཇུག་གིས་གངས་རིའི་གཞིས་ཁྱིམ་བསྐྱངས་པ་མིན་ན། དེ་རིང་གཞི་ནས་ངའི་ངོ་གདོང་གཞན་ཞིག་ཡིན་ཡང་སྲིད། ཡིན་ནའང་། ཁྱེད་ཀྱི་ཆགས་སྡང་གི་རི་མོ་གསལ་བའི་སྒྱུ་འཕྲུལ་གྱིས་སུ་ཞིག་གི་ངོ་གདོང་ལ་ཐལ་བ་བཏབ་མྱོང་ཞིང་། གཞིས་ཁྱིམ་འདི་འཕུང་ལའང་སྦྱར་མྱོང་། ཐ་ན་ཆེན་པོ་ཚོའི་དབང་སྒྱུར་གྱི་ལག་རོགས་སུ་གྱུར་མྱོང་ལ། སྤྲང་པོ་ཚོའི་སྡུག་སྨྲེའི་འགྱུར་ཁུགས་སུའང་བབས་མྱོང་། དེ་ལས་ཀྱང་སྐྱ་སེར་བར་ལ་འཁྲུག་རྩོད་དང་ཕ་བུའི་བར་ལ་ཞེ་འགྲས། སྡེ་ཚོའི་བར་ལ་དམེ་གྱོད་བསླངས་མྱོང་ལ། གྲུབ་མཐའི་བར་ལ་གཞར་ཡང་སོས་ཐབས་མེད་པའི་དམར་པོ་ཁྲག་གི་འཁོར་ལོའང་བསྐོར་མྱོང་། ལྷག་པར་ཁྲག་དྲིས་བྲན་པའི་ཉག་ཕྲན་གཅིག་གིས་བཙན་པོའི་རྒྱལ་རབས་ཀྱི་ཕྲེང་ཐག་དུམ་སེར་བཅད་པའི་སྐྱོ་གར་གྱི་བྱུར་ཉེས་དེ་ཁྱེད་ཀྱིས་ད་དུང་བརྗེད་མི་སྲིད།
2
འདས་པའི་འཕེལ་འགྲིབ་དང་དར་རྒུད་ཀྱི་རི་མོ་ཡོད་ཚད་ལོ་རྒྱུས་ཀྱི་ཀློང་དུ་འཐིམ་ཞིང་། ཕྱིར་དྲན་གྱི་ངོགས་སུ་མཚར་སྡུག་འོད་སྟོང་འབར་བའི་ལོ་ཟླ་དེ་བརྩེ་བའི་དྲོད་ཀྱིས་འཁྱུད། འདི་སྣང་འདོད་ཡོན་གྱི་འགྲན་རྩོད་དྲག་པོའི་ཡོ་ལང་གིས་བསླངས་པའི་དུས་རབས་ཀྱི་ཉི་གཞོན་གསར་བ་འཛམ་གླིང་འཛིན་མའི་ལྷས་རར་བསུས་ཏེ། གཅིག་ལས་གཅིག་མགྱོགས་ཀྱི་བང་འགྲོས་སྐྱེན་པོས་འཇིག་རྟེན་ཕུན་ཚོགས་ཀྱི་བཙན་སར་བསྙེགས་པའི་གོམ་སྟབས་དང་རྒྱབ་གཟུགས་ཁྱེད་ཀྱིས་མཐོང་ཡོད་ངེས། ཡོད་ཚད་འདི་ལྟར་བཞུད་ཤུལ་དུ། ང་ཚོས་སྔར་བཞིན་དྲོད་ཡལ་བའི་ཕ་ནོར་ལ་སེམས་པ་གླན་ནས། ཨུ་ཚུགས་ཀྱིས་ཅི་ཞིག་བསྲུངས་ནས་སྡོད་པའི་ངང་ཚུལ་འདི་གླེན་རྟགས་ཤིག་མ་ཡིན་ནམ། ཁྱེད་ཀྱིས་ཀྱང་གངས་རིའི་གཞིས་ཁྱིམ་འདིའི་ཡོད་ཚད་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆུ་ཀླུང་ཆེན་མོའི་ཁམ་དུ་རྫོང་མི་འདོད་ཅིང་། ང་ཚོའི་མདུན་སྐྱོད་ཀྱི་རྡོག་སྒྲ་དེ་དུས་རབས་འཕེལ་འགྲོས་ཀྱི་གདངས་མཚམས་དང་མཐུན་ན་བསམ་ཡོད་དེ། གཞི་ནས་ཁྱེད་ཀྱི་བསམ་སྦྱོར་དང་ཕྱི་ནང་ཡོད་ཚད་དྲི་མེད་དྭངས་གཙང་གིས་བརླམས་པས་སོ།།
གངས་རིའི་གཞིས་ཁྱིམ་འདིའི་སྐྱིད་སྡུག་གི་ཆེད་དུ། ཁྱེད་ཀྱིས་མ་མྱངས་པའི་ཚོར་བ་དང་སྡུག་བསྔལ་ཅི་ཡང་མེད་ལ། རང་གི་ཡོད་ཚད་ཕངས་མེད་དུ་བསྟིམས་པའི་ངེས་དོན་གྱི་དཔའ་སྤོབས་དེ་ལོ་རྒྱུས་ཀྱི་ཁུགས་སོ་རེ་རེར་འོད་དུ་འཚེར་བ་དང་། ལུས་སེམས་གཉིས་ཀའི་ཟུངས་ཀྱིས་བྲིས་པའི་གསེར་འོད་ལམ་ལམ་གྱི་རི་མོ་དེ་དག་ང་ཚོའི་བསམ་པའི་རྩིག་ལྡེབས་སུ་གཏན་དུ་ཉར་ཡོད། འདས་ཟིན་པ་ཡོད་ཚད་འདི་ལྟར་འདས་ནའང་།
སྐོམ་གདུང་གིས་གཟིར་བའི་མིག་མདུན་གྱི་བྱ་བཞག་ལ་ང་ཚོས་ཇི་ལྟར་གདོང་གཏོད་དམ། མིག་ཟུང་ག་ལེར་བཙུམ་ཐེངས་རེར། སྐྱ་ཐིང་ཐིང་གི་མདུན་ལྗོངས་རབ་རིབ་ཅིག་སེམས་པའི་ལྡེབས་ངོས་སུ་འཆར་ཡོང་། གར་འགྲོ་འདིར་འདུག་དང་གོམ་ཟུང་གར་འཇོག་ལ་གདེང་གིས་ཕོངས་པའི་དམིགས་མེད་གཡམ་རྒྱུག་གི་རྒྱབ་གཟུགས་གཉོམ་པོ་ཡང་གསལ་ལེར་འཆར་ཡོང་། བརྩེ་མེད་ལོ་རྒྱུས་ཀྱི་མཆེ་སྡེར་རྣོན་པོས་ང་ཚོའི་འཁོས་ཆུང་གི་མངའ་ཐང་ལ་གཟས་པའི་ཉེན་ཚབས་འཆར་ཡོང་།
ནམ་ཞིག་མིང་བྱང་ཁོ་ན་ལས་རྗེས་ཤུལ་ཙམ་ཡང་ཕོངས་པའི་གཞིས་ཁྱིམ་ཞིག་གི་ཉམས་དམས་ཀྱི་ལུང་བསྟན་འཆར་ཡོང་། ད་དུང…… ཁྱེད་ཀྱིས་ཀྱང་སྣང་བརྙན་འདི་དག་ལ་སེམས་ཀྱི་མིག་ཟུང་གིས་ཅིས་ཀྱང་ལན་གཅིག་གཟིགས་རན།
ངས་ཁྱེད་ལ་གསོང་བོར་ཞུ་དགོས་པ་ཞིག་ནི། ངལ་དུབ་དང་རྒ་བའི་ཁུར་གྱིས་ནོན་པའི་སྡུག་བསྔལ་དང་། གཞིས་འཛིན་གྱི་ཁྲི་འཕང་གཞན་ལག་ཏུ་ཤོར་པར་དོགས་པ་ཡི་སེམས་ངལ། སེམས་ཀྱིས་སྐྱོར་ཞིང་མིག་གིས་འཚོས་པའི་གཞིས་ཁྱིམ་འདིའི་སྣང་སྲིད་ལ་འཁྲེང་བའི་དུངས་ཞེན། ལོ་རྒྱུས་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་མི་ནུས་པའི་གནོང་འགྱོད། ངོ་མ། ཁྱེད་ཀྱི་རིས་སུ་ཆད་པའི་ཁོག་སྡུག་གི་རུ་རྩི་ཡོད་ཚད་གཞིས་ཁྱིམ་འདིའི་ཚེ་སྲོག་རྟག་བརྟན་གྱི་གེགས་སུ་ལངས་ཡོད་པས། གཞིས་ཁྱིམ་འདིའི་ན་ཟུག་གི་ཟབ་ཚད་ལ་ཁྱེད་ཀྱིས་སེམས་མྱུལ་ཐེངས་ཤིག་ཅིས་ཀྱང་བྱེད་དགོས་ཨང་། ཆགས་གནས་འཇིག་སྟོང་གི་གོ་རིམ་ཧྲིལ་པོ་ཁྱེད་ཁོ་ནས་བདག་གིར་འཛིན་པ་ནི་སུ་ལའང་ཡིད་རྟོན་བྲལ་ཞིང་། ང་ཚོའི་མདུན་ལྗོངས་ལ་ཐུགས་རྗེའི་སྤྱན་གྱིས་མ་གཟིགས་པའི་འབྲས་རྟགས་ཡང་དག་ཅིག་ཡིན་ལ། དེ་ལས་ཀྱང་ཨུ་ཚུགས་མཐར་སྐྱེལ་གྱི་བསམ་སྦྱོར་དེ་རང་རློམ་དང་ཧམ་པས་བསླས་པའི་བྱུར་འདྲེན་གྱི་ལྕགས་ཀྱུ་ཞིག་ཅི་ལ་མིན།
ལོ་ཟླའི་རླུང་རླབས་ཀྱིས་ཁྱེད་ཀྱི་དུས་ཚིགས་ལྗང་ཁུ་དེ་ཕ་མཐར་དེད་ཅིང་། རྒུད་པའི་མི་སྡུག་གི་གཉེར་རིས་ཟབ་མོ་མོད་པོ་ཁྱེད་ཀྱི་གདོང་ལ་ཕབ། ད་ནི་ཟང་ཟིང་འཁོར་བའི་བྱ་བཞག་རེ་ཞིག་བཏང་སྙོམས་སུ་ཞོག་དང་། ངལ་དུབ་དང་ཚེགས་སྡུག་གིས་བསྣད་པའི་ལུས་སེམས་ཀྱིས་རྒ་བའི་དུས་ཀྱི་ཞི་ལྷོད་བག་ཕེབས་ལ་ཨེན་ཙམ་རོལ་ན་མི་ལེགས་སམ། གཞི་འཛིན་དབང་ཐང་གི་ཁྲི་འཕང་མཐོན་པོ་སེམས་ཀྱིས་བསྐྱུར་ཏེ། ལང་ཚོའི་ཟིལ་ཤུགས་ཀྱིས་སྙེམས་པའི་བག་གསར་གངས་རིའི་གཞིས་ཁྱིམ་གྱི་གཞིས་འཛིན་དུ་འཛུམ་གྱིས་བསུ་བའི་ཉེར་བསྡོགས་སུ་བཅུག་ན་མི་འགྲིག་གམ། དེ་ལས་ཀྱང་སྡེ་བཞི་རྫོགས་ལྡན་གྱི་ལོ་རྒྱུས་གསར་དུ་བསྐྲུན་པར། དཔའ་མཛངས་རྟུལ་ཕོད་ཀྱིས་བརྟས་པའི་བུ་རབས་ཚ་རྒྱུད་ཚོའི་མདུན་སྐྱོད་ཀྱི་རྡོག་སྒྲར་སེམས་ཀྱིས་ལོངས་སུ་སྤྱད་ན་མི་འོས་སམ།
ཁྱེད་ཀྱིས་རང་སེམས་ཐེ་ཚོམ་གྱི་སྒྲོག་ལས་སྒྲོལ་དང་། གནམ་སའི་བླ་འོག་བརྗེ་ཡང་ཆོག ང་ཚོ་ནམ་ཡང་ཁྱེད་ཀྱི་ཤ་ལས་ཆད་པའི་བུ་ཕྲུག་ཡིན་པས། ང་ཚོའི་རྩ་ལམ་ན་རྒྱུ་བའི་ཟུངས་ཁྲག་ཁྱེད་ལ་དབང་བ་གཏན་ནས་མི་བརྗེད། བསྐལ་པ་འཇིག་སྟོངས་ཀྱི་མཐའ་ལ་རེག་ཀྱང་རུང་། ང་ཚོས་གཞར་ཡང་ཁྱེད་ཀྱི་བྱམས་བརྩེ་དང་སྐུ་དྲིན་སེམས་ཀྱི་ཟབ་སར་ཉར་ཏེ། ཁྱེད་ཀྱི་སྐུ་ཚེ་བརྟན་ཞིང་དྲོད་ཁོལ་དང་གཏན་དུ་མི་འབྲལ་བའི་སྨོན་ལམ་ཤུགས་ཀྱིས་འདེབས་ངེས།
3
འཕེལ་འགྲིབ་དང་དར་རྒུད་ཀྱི་རྩིབས་སྟོང་གསེར་གྱི་འཁོར་ལོ་རེས་མོས་སུ་འཁོར་བའི་འཇིག་རྟེན་དཀར་ངོགས་འདིར། ང་ཚོས་དར་བའི་མངའ་ཐང་གི་སྟོན་ལྗོངས་སྣུམ་པོ་མིག་གིས་ལོངས་སུ་སྤྱད་མྱོང་ལ། རྒུད་པའི་སྐྱ་ཟད་སྔོ་རྡུགས་ཀྱི་དཔྱིད་ཟླ་རིང་མོའི་བྲོ་བ་སེམས་ཀྱིས་མྱངས་མྱོང་། སྔོན་ཐོན་དང་རྗེས་ལུས་ཀྱི་རི་མོ་གསལ་བའི་ལོ་རྒྱུས་ཀྱི་རྗེས་ཤུལ་ཟབ་མོས་ང་ཚོར་ཅི་ཞིག་ཚ་འདྲི་བྱེད་པ་དང་འདྲ། ངོ་མ། སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བསྒྱུར་པའི་དཔའ་མཛངས་རྟུལ་ཕོད་ཀྱི་བློ་གྲོས། རྒྱལ་ཁམས་ཆོས་བཞིན་བསྐྱངས་ཤིང་རང་ཁྱིམ་རང་བདག་མཛད་པའི་ཐབས་ཤེས་ཟུང་འཇུག་གི་རྣམ་དཔྱོད། ཁྱེད་ཉིད་གཞིས་ཁྱིམ་འདིའི་གཞི་འཛིན་གྱི་བདག་མོར་བསུས་པའི་གསར་གཏོད་ནང་འདྲེན་གྱི་དཀྱེལ་ཡངས། སྣོད་བཅུད་རྟེན་ཅིང་འབྲེལ་བར་བསྒྲིགས་ཤིང་འདོད་ཆུང་ཆོག་ཤེས་ཀྱིས་གཤིན་པའི་འཚེ་མེད་གཉུག་གཤིས་ཀྱི་ལྟ་སྤྱོད། ང་ཚོར་ཅི་ཡང་ཡོད་མ་མྱོང་བ་མིན་ནའང་། འདོད་ཡོན་ཕུན་ཚོགས་ཀྱི་སད་སེར་གྱིས་བསམ་པའི་དཔལ་ཡོན་གྱི་མེ་ཏོག་གི་ལང་ཚོར་རེག་དུས། ང་ཚོའི་སྙིང་ལ་ཚ་ཤུར་རྒྱུག་ཅིང་ཁོང་འདར་ཡང་ཡང་མི་རྒྱག་པའི་རང་དབང་ཕྲོགས། སྟོབས་ལྡན་ནས་འཁོས་ཆུང་དུ་གྱུར་པའི་བརྒྱུད་རིམ་གྱི་ཉམས་མྱོང་རྒད་པོས། ང་ཚོར་མི་རྗེས་ཆོད་པར་མི་རྗེས་སྙེག་དགོས་པའི་དྲན་སྐུལ་ཡང་ཡང་བྱེད།
ལག་པ་བྲང་ཁར་བཞག་ནས་སྙིང་ཁར་མཛུབ་མོས་གནོན་དུས། མིག་ཟུང་དལ་གྱིས་ཟུམ་ནས་རང་ལ་ཚང་རྩིས་བྱེད་དུས། ང་ཚོར་ཕུགས་ནོམ་དང་རྒྱགས་ཕྱེ་ཅི་ཙམ་ཡོད་པ་རང་རྒྱུས་རང་ལ་མི་གསལ་ལམ། དེ་ལས་ཀྱང་མེད་མུག་ཆད་སྟོང་གི་རོལ་དབྱངས་སྐྱུར་མོས་སྙིང་ལ་ཙག་ཤེད་མི་འདྲེན་ནམ། ཁྱེད་ཀྱི་འདར་སིག་སིག་གི་གཟུགས་གཞི་དང་ཡང་ལྕི་ཤོར་པའི་གོམ་པའི་འདེགས་འཇོག བཀྲག་མདངས་ཉམས་པའི་མིག་འོད་སོགས་རྒ་བའི་ཁུར་གྱིས་ནོན་པའི་སྣང་བརྙན་དང་། རིག་གནས་གསར་བའི་ཟུངས་བཅུད་ཀྱིས་ཕོངས་པའི་སྐྱ་ཐིང་ཐིང་གི་བཞིན་མདངས། སྒུག་བརྟེན་སློང་གསུམ་གྱིས་ཉི་མ་འཁྱོལ་ཐབས་བྱེད་པའི་འཚོ་གཞེས་ཀྱི་གནས་བབ་སོགས་གཞིས་ཁྱིམ་འདིའི་སྐྱོ་ལྷང་ལྷང་གི་ངོ་གདོང་སོགས་མཐོང་དུས། སེམས་ཀྱི་ཡོལ་རས་སུ་ཅི་ཞིག་འཆར་འོང་ངམ། གང་ལྟར་ལྷ་ཁང་རྙིང་བར་རྟེན་བཤད་གསར་བ་དང་ཕ་མེས་ཀྱི་ཆེ་བར་གསེར་ཞལ་འབུལ་བ་ཁོ་ནས་ཅིས་ཀྱང་ཕ་ཤུལ་ཟིན་དཀའ་བས། ད་ནི་བསམ་གཞིག་གི་ཚ་འདྲིའི་མདའ་ཁ་རང་ལ་གཏད་དེ། གོམ་པའི་འདེགས་འཇོག་འདི་ནས་རྒྱང་དུ་འཐེན་པའི་མ་འོངས་ཕུགས་འདུན་གྱི་བཤུལ་ལམ་དུ་སྤོ་བར་རྩོམས། ཁྱེད་འཚབ་མི་དགོས། མ་ཡུམ་ལགས། ཁྱེད་ཀྱིས་སེམས་ཁོང་གི་སྐྱོ་སྨུག་མཐའ་ལ་སྐྲོད་དང་། མིག་མཐའི་མཆི་མ་ཕྱིས་ཏེ་རྒྱང་རིང་གི་མདུན་ལྗོངས་ལ་ལན་གཅིག་གཟིགས་དང་། སྣང་ཡུལ་ཡོད་ཚད་ཀྱི་ཟུངས་ཁྲག་གི་རྒྱུ་བ་ད་དུང་དཀག་མེད་ཅིང་། ཡན་ལག་དང་ཉིང་ལག་ཐམས་ཅད་འཁྱག་རེངས་སུ་གྱུར་མེད་ལ། ཁྱེད་ཀྱི་ཚེ་ནོམ་དུ་རློམ་པའི་ང་ཚོའི་མ་རྩ་སྟེ། གཞིས་ཁྱིམ་འདིའི་སྣོད་བཅུད་ཀྱི་བཞིན་ན་མངོན་པའི་སྐྱོ་ཉམས་ཉི་ཚེའི་ཟབ་སར་འོད་ཟེར་གྱིས་འཁྱུད་པའི་རྨི་ལམ་སྣུམ་པོ་ཞིག་སྦྲུམ་པ་མི་མཐོང་ངམ། ད་དུང་འཕྱིས་མི་འདུག་སྟེ། སང་ཉིན་གྱི་ནམ་ཟླ་དེ་རིང་ལས་དྲོ་ཞིང་། མཚར་སྡུག་འོད་སྟོང་གི་གངས་རིའི་གཞིས་ཁྱིམ་གྱི་ལོ་རྒྱུས་གསར་དུ་རྩོམ་པར། ང་ཚོས་ཅིས་ཀྱང་མཁས་མཛངས་འཇོན་གསུམ་གྱིས་གཞིས་ཁྱིམ་སྐྱོང་བའི་བག་གསར་ཞིག་མྱུར་བ་མྱུར་དུ་བསུ་བར་རན།
ཕྱི་སྣོད་འཇིག་རྟེན་གྱི་བཀོད་པ་ནས་ནང་བཅུད་སེམས་ཅན་གྱི་བསམ་སྦྱོར། སྔོན་བྱོན་མེས་པོའི་མཛད་འཕྲིན་ནས་དེང་གི་རྗེས་རབས་ཚོའི་དཔའ་མཛངས། ཕྱིའི་ཟས་སྤྱོད་གོམས་གཤིས་ནས་ནང་སེམས་ཀྱི་དགའ་ཁ་འཁྱེར་སོ། མདོར་ན་དམ་པའི་ལྷ་ཆོས་ནས་འཇིག་རྟེན་མི་ཆོས་དར་ལུགས་གང་ལ་དེད་ཀྱང་། ང་ཚོར་རང་ཉིད་ལོ་རྒྱུས་ཀྱི་ཁམ་དུ་འདེད་དགོས་པའི་གནས་ལུགས་ཤིག་ཡེ་ནས་མེད་པས། རིག་པའི་ལང་ཚོ་རྒྱས་ཤིང་ཚན་རིག་གི་ཁོ་ལག་རྫོགས་པ། ལག་རྩལ་གྱི་འཇོན་ཐང་གིས་ཕྱུག་ཅིང་རྒན་བཀུར་ཆུང་བྱམས་ཀྱི་སྒེག་ཉམས་དོད་པ། ནང་མིར་འཆམ་ཞིང་ཕྱི་མིར་མཐུན་པའི་མཛངས་མའི་ཡོན་ཏན་གྱིས་ཕྱུག་པ་ཞིག་ཡིན་ན། རིགས་རུས་ཆོ་འབྲང་གི་མཐོ་དམའ་ནས་རིགས་རྒྱུད་སྐྱི་ལྤགས་ཀྱི་དཀར་ནག་གང་ཡིན་རུང་། གངས་རྒན་ཧི་མ་ལ་ཡའི་ཕ་རོལ་ནས་མཚོ་རྒན་ཞི་བདེ་རྒྱ་མཚོའི་ཕ་མཐའ་སྟེ་ས་ཐག་རིང་ཐུང་གང་ཡིན་ཡང་། དུས་རབས་ཉེར་གཅིག་པའི་ཉི་ཤར་གྱི་རྩེ་མོ་དང་རྟེན་འབྲེལ་གྱི་མགོ་མ་འདིར། གངས་རིའི་གཞིས་ཁྱིམ་འདིའི་གཞི་འཛིན་གྱི་བག་མར་བསུ་བའི་སྟ་གོན་ལ་འཇུག་པར་རིགས།
དྲིན་ཆེན་ལ་དྲིན་ལོག་ལྟ་བུའི་སྙན་དུ་གཟན་པའི་ཚིག་འབྲུ་འདི་དག་གིས་ཁྱེད་ཀྱི་ཐུགས་ལ་སྐྱོ་སྨུག་བསྐྱིལ་ཡང་སྲིད་མོད། ང་ཚོ་གཞི་ནས་འཇིག་རྟེན་དཀར་ངོགས་འདིར་མི་རུ་སྐྱེས་ཤིང་མི་རྗེས་ཆོད་དགོས་པའི་གནས་ལུགས་ཀྱི་ཉི་འོད་ནམ་ཞིག་གསལ་དུ་སོང་ཚེ། ཁྱེད་ཀྱི་ཁོག་སྡུག་དང་ཕྲག་དོག་གི་སྨུག་སྤྲིན་ཡང་དུས་དང་འགྱུར་བའི་བྱེད་པོས་སྤྱུགས་པའི་གདེང་ཚོད་ང་ཚོར་ཡོད་པས། ད་ནི་ངལ་དུབ་ཀྱི་ཁུར་བོ་སར་ཕོག་སྟེ་སོས་དལ་གྱི་ངལ་གསོ་ཕྲན་ཙམ་གནོངས་དང་། མ་ཡུམ་ལགས།
(རྩོམ་འདི་སྦྲང་ཆར་ལས་བཤུས།)