སྙན་ངག་ཐུང་ངུ་ཁག་བཞི།

དུང་བུ་ཆོས་འབུམ་རྒྱལ། (རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


སྙན་ངག་ཐུང་ངུ་ཁག་བཞི།

 

                                                 དུང་བུ་ཆོས་འབུམ་རྒྱལ། (རྨ་ལྷོ)

 

                   རུམ་བྲོ།

 

 

རི་བོའི་སྨུག་པ་ཁྱོད་ལ་སྦྲུམ་ཡོད

ཞེ་ཆགས་དུས

ཁྱོད་རང་ནང་སེམས་ལས་ཕྱིར་ལོག་མ་ཤེས

སྨུག་པའི་སྤྲིན་པ་ཁྱོད་ལ་འཐིམ་ཡོད

སེམས་འཁྲུགས་དུས

ཁྱོད་རང་འདས་དོན་གྱི་འཚང་ཁ་ཤིག་ཤིག་གིས་གཅིར

སྤྲིན་པའི་ཆར་བ་ཁྱོད་ཀྱིས་རུམ་ཡོད

སྐྱོ་བའི་དུས

ཁྱོད་རང་ཉིད་ཀྱི་མིག་ཆུས་ཁུར་འགྲོ

ཆར་བའི་འཇའ་ཚོན་ཁྱོད་ཀྱིས་ཉར་ཡོད

དགའ་བའི་དུས

ཁྱོད་ནི་རང་ཉིད་ཀྱི་བཀྲག་མདངས་ལ་ཡིད་སྨོན་སྐྱེས

                                                               ༢༠༡༦.༡༡.༡

 

                    རེ་སྒུག

སྨུག་ཞྭ་གྱོན་པའི་རི་བོ

རེ་སྒུག་གི་ན་ཟུག་བསྲན་པ་ལྟར

ཁུ་སིམ་མེར་ཙོག་འདུག

རླུང་བུ་ནི་འདུག་བཟོད་མེད་པར་ཤུར་ཤུར་ཕར་ལ་གཡུག

ཤུར་ཤུར་ཚུར་ལ་གཡུག

 

ཁྱོད་ནི་རྐང་འདྲེད་ཤོར་ཐེངས་གཅིག་གིས་རྒྱང་རིང་ཞིག་ལ་ཤུད་སོང་བ་ལྟར

ཆུ་མིག་གིས་རྗེས་སྙེག་གིན

བཞུར་སོང

ཤག་སྒྲ་ནི་བྲེལ་ཤ་ལངས་པ་ལྟར

བར་མེད་དུ་མཆེད་འོང

               སེང་གེ

 

ཡ་ཆུང་ན་འཚོ་བའི

མེ་རུ་སྤྲུལ་བའི་སེང་གེ་དེ

ནགས་ཀྱི་ཁ་ཟས་སུ་གྱུར་ཉིན་ནས

ཡལ་གའི་གྲིབ་རིས་ནི

རལ་གྲི་ལྟར་ལྷུང་འོང་བ་དང་འདྲ

ཉི་འོད་ཕོག་དུས་དངངས་སྐྲག་ལྕི་ཨང

ལྗོན་པ་དང་ལྗོན་པའི་བར་ནས

ནང་སེམས་ནི་ཆུ་འདམ་ལ་འདྲེས་སོང

ནགས་རྫུབས་འདི་བརྒལ་ཐབས་བྲལ་ཞིང

མི་ཚེ་ལ་འཁྱག་པ་ཐེབས་འགྲོ་ཨང

                                                    ༢༠༡༦.༣.༢༥

 

              རི་བོ་གཉིས།

 

རི་བོ་གཉིས་ཀྱིས་དཔུང་བ་གཤིབ་པ་ན

ཕུ་ནས་བཞུར་བའི་ཆུ་ཕྲན

གཙང་གཞུང་ལ་འདྲེས

རྡོ་བའི་སྟེང་གི་དྲེག་པ་སེར་པོ་སྒུལ་གྱིན

ཤབ་ཤུབ་ཀྱི་སྙིང་གཏམ་སེམས་ལ་བཏང

 

འུ་གཉིས་རི་བོའི་གཟུགས་སུ་ཞུགས་ནའང

ས་འགུལ་ཐེངས་ཤིག་ལ

དཔུང་རྡང་གི་སྦྲེལ་མཚམས་ཤོ་བར་གྱུར

བརྩེ་སེམས་ཀྱི་ལག་འཇུ་གྲོག་རོང་གིས་བཅད

གྲོག་རོང་དེ་ལས

བར་ཐག་གིས་དྲངས་པའི་ཆུ་ཕྲན་གྱི་གྱ་གྱུ་རྒྱང་ལ་འཐེན

ཤག་ཤག་ཤག་ཤག་ངང

                                                       ༢༠༡༥.༨


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1