པེ་ཅིང་གི་ལོ་མ།
མུན་པ། (ཟི་ལིང)
ལོ་དེའི་སོས་ཀར
རྨི་ལམ་དུ་ཉི་འོད་འཚེར་བའི
ཉི་ཟེར་ཕྲ་མོའི་ཕྲ་མོར་ཁྱོད་སྣང་བའི
ཡུལ་པེ་ཅིང་གི་ལོ་མ་ཞིག
ང་ལ་བཀལ་བ་ཚོར
ཡུ་བ་སྐམ་ལ་ཉེ་བའི མི་ཚོགས་ཀྱི་ཁ་རླངས་ཀྱིས་སྦོས་པའི
པེ་ཅིང་གི་ལོ་མ་དེ་ཁེར་ཧྲེང་ངེར རྡོ་གཅལ་དུ་ལྷུང་བ་རྨིས
སེམས་ཀྱི་ཨ་ལོང་གི་སྣེ་རུ
གོམ་པ་གང་ཙམ་གང་ཙམ་གྱིས་ཉེ་བར་བཅར་ཚེ
གདུག་རྩུབ་ཀྱི་རླུང་དེ་གཡུག་ཐེངས་ཤིག་གིས
འཕྲལ་མར ང་དང་བར་ཐག་སྟོང་གིས་ཆོད་པར་བདས་བྱུང
ཡུལ་པེ་ཅིང་ནས་བདག་གི་གཅེས་སུ་འོས་པ་དེ
རླུང་དེས་ཐག་རིང་དུ་ཁུར་ཏེ
ཞི་བདེ་རྒྱ་མཚོ་ཆེན་མོར་འཕྲད་ན་བསམས
2016.12.20ཟི་ལིང་དུ།