ཆུང་མ།
རོ་ནག་པོ། (དཀར་མཛེས)
ཆུང་མ སྲུང་འཁོར་བཞིན་གྱི་ཁྱོད་ཁོ་ན
ངའི་སེམས་ཀྱི་ས་ཆེན་བཀབ་པའི་ནམ་མཁའ་ཡིན
ནམ་མཁའ་སྔོན་མོ་འདིའི་ཐུ་འོག་ཏུ
ངས་ཉི་མ་ལང་ཚོ་ཅན་དེར་སྙིང་ཉེ་རུ་བོས
སྤྲིན་པ་བརྩེ་དུངས་ཅན་ཞིག་བསྟི་གནས་སུ་བརྩིགས
སེམས་ཀྱི་ལས་ཐག་ཁྱོད་དང་འབྲེལ་ཉིན་ནས
འཁོར་བའི་ཆ་ཤས་རེ་རེ་ཡང
བློས་མི་ཐོངས་པ་གྲངས་མེད་ཅིག་སྟེ
སྤང་གི་མེ་ཏོག གངས་རྔའི་ཆུ་མོ
མདོར་ན་ཐམས་ཅད་ངས་བློས་མི་ཐོངས
ནམ་རྒྱུན ང་ནི་སྤོབས་པ་དེ་འདྲ་ཆུང་ནའང
རང་གིས་རང་ལ་འཁོར་བའི་མཚལ་ཐིག་བཏབ་སྟེ
དུས་ཚོད་ཀྱི་དམ་བཅའ་གཏན་ནས་མ་བོར་བར
འཁོར་བའི་དམིགས་སར་བྲེལ་གྱིས་འགྲོ་ཡི་ཡོད
གལ་ཏེ རྨི་ལམ་གྱི་ཁ་དོག་སྔར་ལྟར་མ་འགྱུར་ན
ང་ལ་ངལ་གསོ་ཨེན་ཙམ་ཡང་མེད་ཆོག་སྟེ
རྣམ་ཤེས་ཀྱི་མཛེས་པ་མཐའ་དག་ཁྱོད་ཡིན་པ་ནས
འཇིག་རྟེན་མདའ་མོ་ལྟར་ཚ་བར་མ་ནུས
འཚོ་བ་བཟོད་དུ་མེད་པའི་རྡོག་ཁྲེས་ཤིག་མ་ཡིན
ཆུང་མ ཁྱོད་ལ་ཁོམ་སྐབས་རེ་བྱུང་ཚེ
ལན་རེར་ང་ལ་སེམས་གསོ་ཞིག་གནོངས
མ་འོངས་པར་ཞིབ་འདང་ཞིག་བརྒྱབ་ན
ལོ་ཟླའི་ཁ་ཁོག་སུ་ལའང་མི་གསལ་བས
ངས་མིག་ཆུ་མང་པོ་འཆོར་སྲིད་ལ
ལམ་གྱི་ག་ཤེད་ཅིག་ནས་ལུས་ཀྱང་ངེས