གར་མ།
རྣོ་ཟུར། (མགོ་ལོག)
སྐར་འོད་རྩྭ་ཐང་གི་ཟིལ་བ་རེ་རེའི་ངོས་སུ་འཁྱུག་དུས
ཕྱེ་མ་ལེབ་ཀྱི་གཤོག་པ་ལས་སྲབ་པའི་དར་གོས་གྱོན་པའི་ཁྱོད
ང་ཡི་མིག་གི་རྒྱལ་མོའི་ཟིལ་ཤུགས་བཅོམ་ནས་འབྱོན
མཉེན་ལྕུག་དེས་འཇིག་རྟེན་གྱི་འདོད་ཆགས་ཡོད་ཚད་ཡོམ་ཡོམ་བྱ་བ་ནི
མིག་ནང་དུ་འཛུལ་བའི་གྲ་མར་ཕུར་ཕུར་བྱས་པ་དང་ཧ་ཅང་འདྲ
དཔྱི་སྒང་གི་མེ་ཏོག་དེས་ནི་དབང་བོ་འདར་དུ་བཅུག
ནུ་ཁེབས་ཀྱིས་ཐུམ་ཞིང་མ་ཐུམ་པའི་འདབས་སུ་བརྩེ་བའི་ཚེ་སྲོག་ཅིག་བཏགས
འདི་ནི་ས་འོག ས་སྟེང་ཀུན་ཏུ་སྤྲོ་བ་སྟེར་བྱེད་ཀྱི་བདུད་རྩི་ཅི་ཞིག་ཡིན
རྐང་གདུབ་ཀྱི་སིལ་སྒྲ་སྙན་མོས་སྙན་ངག་གི་མཐར་ཐུག་རྙེད་ལ
ཟུར་མིག་གི་འོད་ཀོར་དེ་ཡིས་མཛེས་སྡུག་གི་ཡང་སྙིང་རྙེད་ཟེར་ན
ང་འཆུགས་མེད ནོར་མེད
དོ་ནུབ་ང་བཟི་དོན་ནི
མཛེས་སྡུག་དང་སྙན་འཇེབས་ཀྱི་མཐར་ཐུག་རྙེད་པས་མ་ཡིན་ནམ
ང་བསམ་གཞིག་གིས་བཟི
ང་དྲན་གདུང་གིས་བཟི
༢༠༡༦.༡༡.༢༧མཚན་མོར།