ལོ་ཟླ།
ཀརྨ་དབང་གྲགས། (ལྷོ་ཁ)
མཛུབ་བར་ནས་ཤོར་རྗེས
རྒྱབ་ངོས་ནི་ཕ་མཐའ་བྲལ་བའི་བྱེ་ཐང་ངོ
ཡང་ན མེ་ཡིས་བར་མེད་འཚིག་པའི
ཐལ་བ་སྤར་མོ་གང
སྐྱེ་དུས་ནས་འཁྱེར་བའི
རིང་ཞིང་ཐུང་བའི་ལྕེབ་ཐག
ཡང་ན ཆུ་མོས་གང་དུ་འཁྱེར་བའི
ལོ་མ་སེར་པོའི་ངུ་ངག
མ་ཎི་འདྲེན་མཁན་ཚོ་ཨང
མི་ཚོགས་ཀྱི་ཕྲེང་བ་དེའི་སྣེ་མོར
འཆི་བདག་གི་ཕོ་ཉས་བསྒུགས་འདུག
ཁྱེད་ཀྱི་ཆང་གླུ་དེ
ཉན་གྱིན་དུ་མིག་ཆུ་ཐིགས་པ་གཅིག་རེད
ས་རུ་ལྷུང་བའི་ལོ་རྒྱུས་ཀྱི་ལྡེ་མིག
ནམ་མཁའ་ལྟ་བུའི་མཐོ་སར་ཅེར་བའི་པྲ་ཆལ་དག་གིས
རྒྱབ་ངོས་ཀྱི་སྒོ་མོ་དེ་གཏིང་བརྗེད་དུ་བཏང་བ་འདྲ་སྟེ
བཙའ་ཡིས་ཟིན་པའི་སྒོ་ཟྭ
རླུང་གིས་གཙེས་ཤིང་ཆར་གྱིས་བརྡུངས་འདུག
རྡོག་རོལ་གྱིས་ཐལ་ཁྲོད་དུ་བོར་བའི་གསེར་གྱི་ལྡེ་མིག་དེ
ལྡེ་མིག་ཅི་ལ་ཡིན
ས་རུ་རུལ་བའི་ལྡེ་མིག་དེ
བརྩེ་དུངས་རུལ་བའི་རྒད་མོ་དེའི
གཞོན་དུས་ཀྱི་འོ་ཞིག