དགུན་ཁ། ཡི་གར་འོང་། (ཞར་བཀོད་གཅིག)
གཅན་ཆེད་འབར། (མངའ་རིས)
དགུན་ཁ་ཡི་གར་འོང་། ཕ་ཡུལ་གྱི་དགུན་ཁ་ཡི་གར་འོང་།
ཐ་ན། ཚོན་གྱིས་མ་སྤྲས་པའི་སྐྱ་ཐིང་ཐིང་དེའང་ཡིད་དུ་འོང་སྟེ། རི་ཀླུང་སྐྱ་ཐིང་ཐིང་། མཁར་གྱང་སྐྱ་ཐིང་ཐིང་། སྲང་ལམ་སྐྱ་ཐིང་ཐིང་། མི་རྣམས་སྐྱ་ཐིང་ཐིང་། སུ་དང་གང་གིས་མ་བསླད་པའི་སྐྱ་ཐིང་ཐིང་གི་ཕ་ཡུལ། སྐྱ་ཐིང་ཐིང་གི་ཕ་ཡུལ་གྱི་དགུན་ཁ་ཇི་འདྲའི་མཛེས་ཨང་།
སྨུག་པ་སྲབ་བུ་ཞིག་གིས་ཡོངས་སུ་བཟུང་ཡོད་ལ། ཆབ་རོམ་ནར་མོ་ཞིག་གིས་ཁྱོན་ནས་བཀླུབས་པའི་ཕ་ཡུལ། ཕ་ཡུལ་དུ་ཙག་བསེར་བུ་ཞིག་རྒྱ་སྟག་ངར་མ་བཞིན་ལྡང་སྟེ་ཕ་ཡུལ་གྱི་རྐང་མར་ཁེངས་ཤིང་། མི་ཚོགས་ཀྱི་ཞལ་རས་ཕྱིད་ནའང་། ཕ་ཡུལ་གྱི་དགུན་ཁ་འདི་ཇི་འདྲའི་སྙིང་དུ་སྡུག་སྟེ། སྨུག་པ་སྲབ་བུ་དེ། ཆབ་རོམ་ནར་མོ་དེ། ད་དུང་ཙག་བསེར་བུ་དེ། དེ་དག་ནི་ཚོན་གྱིས་མ་བཏབ་པའི་ཕ་ཡུལ་ཏེ། ཕ་ཡུལ་གྱི་སྐྱིད་སྡུག་གི་རི་མོ་ཁོ་ན་ཡིན་ལ། ཕ་ཡུལ་གྱིས་སླར་ཡང་ཕ་ཡུལ་རྙེད་སོན་བྱུང་བའི་མཚན་མ་དེ་མ་ཡིན་ནམ།
དགུན་ཁ་འདིར། ས་གད་པ་དང་རྡོ་གད་ནའང་། དུད་ཁྱིམ་གྱི་མེ་ལྕེ་དམར་ལྷེམ་ལྷེམ་དུ་ཡོད་ཅིང་། ཕོ་སྤྱང་གི་གདོང་བ་གད་པ་དང་མོ་སྤྱང་གི་ནུ་མ་གད་ནའང་། བྱིས་པ་ཚོའི་འཛུམ་མདངས་མེ་ཏོག་གི་ཐོའུ་བཞིན་ལྷུག་ལྷུག་ཏུ་བཞད། དགུན་ཁ་འདིར་ལྕགས་ཀྱི་བ་མ་ཐབ་ལ་འཛུགས་དགོས་ནའང་། ཕ་ཡུལ་ནི་བྲེད་དངངས་དང་ཁྲལ་ཁྲུལ་མེད་པར་སྒམ་བརླིང་གིས་ཁྱོགས་ཤིང་། ཚུལ་འཆོས་དང་གཡོ་སྒྱུ་མེད་པར་ཞི་དུལ་གྱིས་གནས།
དགུན་ཁ་འདིར། ཕ་ཡུལ་ནས་རྣ་བ་ཀྲོག་ཀྲོག་གིས་མཉན་ན། འབུ་སྲུན་གྱི་དབུགས་རྒྱུན་ཐོས་འོངས་ཤིང་། མིག་ཟུང་ཀེམ་ཀེམ་གྱིས་བལྟས་ན། སྲང་ལམ་གྱི་དོན་སྙིང་མཐོང་འོངས་ཏེ། ད་དུང་ལག་པས་ནོམ་ཉུག་བྱས་ན་རི་ཀླུང་དང་མཁར་གྱང་། སྨུག་པ་དང་ཆབ་རོམ་གྱི་མ་བཅོས་པའི་རེག་བྱ་མྱོང་ཐུབ། ཐ་ན། རྩེ་གཅིག་གིས་ཉམས་སུ་མྱངས་ན་རྩེ་གཅིག་ཏུ་བཞུགས་པའི་ཕ་ཡུལ་གྱི་མ་ནོག་པའི་རང་བཞིན་མྱོང་ཐུབ་སྟེ། ལྷེམ་ལྷེམ། ལྷེམ་ལྷེམ་བྱེད་པའི་ཕ་ཡུལ་གྱི་དབུགས་རྒྱུན་ཡང་ཐོས་ཐུབ།
དགུན་ཁ་འདིར། སྐྱ་ཐིང་ཐིང་གི་ཕ་ཡུལ་དང་སྐྱ་ཐིང་ཐིང་གི་དགུན་ཁའི་པང་
དུ་གནས་པའི་སྐྱ་ཐིང་ཐིང་ཡོད་ཚད། དེ་དག་གི་མ་བཅོས་པའི་སྐྱ་ཐིང་ཐིང་གི་སྒྲ་དབྱངས་ཇི་འདྲའི་སྙན་ཞིང་མ་བཅོས་པའི་སྐྱ་ཐིང་ཐིང་གི་གཟུགས་དབྱིབས་ཇི་འདྲའི་མཛེས་ཨང་། དགུན་ཁ་འདིར། ངས་ཕ་ཡུལ་གྱི་ལྷིང་འཇགས་ཡོད་ཚད་ཀྱི་དོན་སྙིང་རྟོགས་ཤིང། ངས་ཕ་ཡུལ་གྱི་གཅེར་བུ་ཡོད་ཚད་ཀྱི་ཕྱི་ནང་མཐོང་འོངས།
དགུན་ཁ་འདིར། ང་རང་ཕ་ཡུལ་དང་ཐག་ཉེ་རུ་གྱུར་ཅིང་ཕ་ཡུལ་ང་དང་ཐག་ཉེ་རུ་སྙེན་གྱིན་འདུག་ལ། ཏག་ཏག་དགུན་ཁ་འདིར། ངས་ད་གཟོད་དགུན་ཁ་ཡི་གར་འོང་ཞིང་། དགུན་ཁའི་དུས་ཀྱི་སྐྱ་ཐིང་ཐིང་གི་ཕ་ཡུལ་དེ་བས་ཀྱང་ཡིད་དུ་འོང་བ་ཚོར།
༢༠༡༧ལོའི་ཟླ༧པའི་ཚེས༣ནས༨བར།
གནམ་གྲུའི་ནང་གི་མགྱོགས་བྲིས།
སྤྲིན་གྱི་བང་རིམ་དུ་ལྷ་དང་ལྷ་མོའི་ཚོགས་ཡོད་པའི་བག་ཆགས་དེ་ད་དུང་ཐོར་མི་འདུག སྐབས་འདིར། ང་ཡང་ལྷ་དང་ལྷ་མོའི་ཚོགས་བཞིན་གནམ་གྲུར་བསྡད་དེ་སྤྲིན་གྱི་བང་རིམ་རྒལ་གྱིན་ཡོད། བྱིས་པ་དེའི་སེམས་ནང་གི"ལྷ་ཡུལ"ནས་སྐྱོད་ཀྱིན་ཡོད།
གནམ་གྲུའི་སྒེའུ་ཁུང་ནི་མིག་ཟུང་ཆུང་ཆུང་ཞིག་དང་འདྲ། ངས་མིག་ཟུང་ཆུང་ངུ་འདི་ལས་ནམ་མཁའ་ཆུང་ངུ་ཞིག་དང་སྤྲིན་པ་ཕང་ཕུང་དག་མ་གཏོགས་མཐོང་གིན་མི་འདུག་པས། ང་རང་འཇིགས་ཡེར་བར་བྱས་བྱུང་སྟེ། ཆག་གྲུམ་དུ་འགྱུར་བཞིན་པའི་ས་ནག་གི་སྒལ་གཞུང་དུ་ང་ཡིས་མཐོང་བ་འདི་ལས་མོད་ཅིང་ང་ཡིས་རིག་པ་འདི་ལས་རྒྱ་ཆེ། ཐ་ན། འདུ་འཛི་དང་ཇག་རྐུན། གཡོ་སྒྱུ་དང་ཕྲག་དོག གནོད་སེམས་དང་བརྣབ་སེམས་རབ་ཏུ་བདོ་ནའང་ང་ཡིས་མཐོང་སྙིང་ཏེ་བོར་འདོད་པའང་འདི་ཡིན་ཏེ། ང་ཡིས་དུས་ཚོད་ཀྱི་རྣང་མ་རུ་སྐྱེས་སྟོབས་ཀྱི་དཔལ་འབར་བའི་མི་ཡུལ་གྱི་གདུག་རྩུབ་དག་ལ་མིག་གིས་འཚོ་འདོད་ཅིང་། ང་ཡིས་ནམ་ཞིག་ལ་དུས་ཚོད་ཀྱི་གས་སྲུབས་ནས་ཉམ་ཆུང་གིས་འཚར་སྲིད་པའི། མི་ཡུལ་གྱི་དགེ་བའི་མེ་ཏོག་གི་གོ་རིམ་ལ་སེམས་ཀྱིས་གཤིབ་འདོད།
བྲེ་སྒམ་དུ་བླུགས་པའི་ནས་འབྲུ་བཞིན། གནམ་གྲུའི་འཁོར་སྒམ་དུ་ང་ཚོའི་དབར་བར་ཐག་མེད་ནའང་། མི་ཡུལ་ནས་ཀྱང་ལག་རྡང་སྦྲེལ་མ་མྱོང་བ་ཇི་བཞིན་གནམ་གྲུ་འདི་རུའང་རླབས་ཆེ་བའི་ལག་འཇུ་ཅི་ཡང་མེད་པར། འགྲུལ་བཞུད་ལམ་གྱི་མི་རྣམས་དབེན་སིམ་མེར་སྡོད་པ་དེ་ནི་པུར་སྒྲོམ་དུ་ཉལ་བ་དང་མཚུངས་ལ། ཉི་མར་བསྐམས་ཟིན་པའི་ས་བོན་བཞིན། མི་ཡུལ་ནས་ང་ཚོས་རང་ཉིད་སྐྱེ་རྒྱུ་ཡོད་པ་བརྗེད་ཡོད་ཀྱང་། བར་ཐག་ཅི་ཡང་མེད་པའི་འཁོར་སྒམ་དུའང་མི་རྣམས་ཀྱིས་རང་ཉིད་ལ་མཛེས་སྡུག་གང་རུང་ཞིག་སྐྱེ་རྒྱུ་ཡོད་པ་ཡོངས་སུ་བསྙེལ་ཚར་འདུག
ད་ལྟ། གནམ་གྲུ་འདིའི་ནང་གི་མི་རྣམས་ཀྱིས་རིག་རིག་མིག་གིས་ལྐོག་ལྐོག་སུད་སུད་དུ་ཅི་ཞིག་ལ་ལྟ་བཞིན་མཆིས། ཚང་མས་དོགས་པ་དང་བཅས་ཕར་ལྟ་ཚུར་ལྟ་བྱེད། མ་གཞི་མི་ཡུལ་ནས་ཀྱང་ང་ཡི་ཉེ་དུ་རྣམས་ཀྱི་དམིགས་ཡུལ་མི་དྲང་བར། མཚམས་མཚམས་སུ་ང་ལ་འཕུལ་ཐོ་རྡེག་པ་དང་། མཚམས་མཚམས་སུ་རིག་རིག་མིག་གིས་ལྐོག་ལྐོག་སུད་སུད་དུ་ང་ལ་ལྟ་བཞིན་ཡོད་ནའང་། ངས་ཅི་མི་སྙམ་པར་ང་ཡི་ཉེ་དུ་དག་རང་ཉིད་ཀྱི་ལག་ཟུང་གི་འཇིག་རྟེན་དུ་བཞག་སྟེ"ལྷ་ཡུལ"ལ་བསྲིངས་མྱོང་།
གློ་རྡེག་ཏུ། བློ་བཟོ་བདེ་བོ་ཁྱོན་ནས་མ་བྱུང་། གནམ་གྲུ་འདི་ནི་འབྱམས་ཀླས་པའི་འཇིག་རྟེན་ཞིག་དང་འདྲ་ལ། མི་རྣམས་ཀྱི་ལུས་སེམས་ཀྱང་རྟ་མོག་མོག་གི་སྤུ་བཞིན། དབྱེ་འབྱེད་དང་ཚང་རྩིས་བྱེད་དཀའ་ན། དེ་ལས་ཀྱང་ངའི་སྙིང་ཉེ་ཞིང་མཐའ་མི་མངོན་པའི་མི་ཡུལ་ན་དུས་ཚོད་འདི་གའི་རིང་ལ་དཔོག་དཀའ་བའི་དོན་དག་ཅི་ཞིག་འབྱུང་བཞིན་ཡོད་དམ། ངས་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་གཏོང་མི་འདོད་ལ། ངས་སྐར་ཆ་རེ་རེར་ཡང་སྔར་བཞིན་མི་ཡུལ་འདིའི་དགྲ་ཟུན་དང་དགེ་སྡིག་གི་ས་བོན་མཐའ་དག་ལག་མཐིལ་དུ་བཞག་སྟེ་གཅེས་སྐྱོང་བྱེད་འདོད་ཨང་། ངས་སྐར་ཆ་རེ་རེར་ཡང་སྔར་བཞིན་མི་ཡུལ་འདིའི་ལེགས་ཉེས་ཀྱི་སེམས་དང་སེམས་བྱུང་མཐའ་དག་གི་རྒྱུན་ལ་སེམས་པ་གཏད་དེ་ཞིབ་ཀྱིས་བླགས་འདོད་ཨང་།
གནམ་གྲུ་འདི་ད་དུང་ཡང་སྤྲིན་གྱི་བང་རིམ་རྒལ་གྱིན་འདུག གནམ་གྲུའི་ནང་གི་མི་རྣམས་ཀྱིས"ལྷ་ཡུལ"ནས་ཁུ་སིམ་མེར་གཉེར་མའི་མདུད་པ་ཤུགས་ཀྱིས་རྒྱག་གིན་འདུག གློ་བུར་དུ། ང་རང་ཐང་ལ་འབབ་འདོད་བྲོ་བྱུང①། གནམ་གྲུའི་ནང་གི་མི་རྣམས་ཀྱི་སྔུན་ལ་ས་སྒང་དུ་འབབ་འདོད་བྲོ་བྱུང་།
༢༠༡༧ལོའི་ཟླ༧པའི་ཚེས༦ནས༧བར།
མཆན།
①བྲོ་བྱུང་། བསམས་བྱུང་ལ་བྲོ་བྱུང་ཟེར་བ་ནི་མངའ་རིས་ཀྱི་ཡུལ་སྐད་དུ་འབྱུང་།