ལྷ་ས།
ངའི་དབྱངས་དང་གསལ་བྱེད་ཀྱི་གོང་བ།
ས་དམར་གྲགས་པ། (ལྷ་ས)
ཉི་མ་སྐམ་སོང་བ་ནི་འོད་ཟེར་ལ་ཆུ་ཡི་ར་བ་མེད་པས་རེད། ཆང་གི་བཟི་ཁ་ནས་འོད་ཟེར་རྙིད་མི་སྲིད་དོན་སངས་རྒྱས་ལ་ཕྱག་རྒྱ་མི་འདྲ་བ་ཁྲི་སྟོང་ལས་འདས་པས་རེད།
ཞོགས་པ་དེར། རང་གི་རྐང་ལག་དྲུད་དེ་རྒྱང་མི་རིང་བའི་གཟུགས་ཀྱི་ཕུང་བོ་གྲུབ་སའི་ཡུལ་ཁམས་གང་དེར་ལམ་ལ་ཆས། ལག་པ་མགོར་བཞག་སྟེ་པོ་ཏ་ལར་ཁོང་དགོད་ཅུང་ཙམ་བྱས་པ་ཡང་། ལུས་ཀྱི་གོས་ཕུད་དེ་གྱེར་ཚིག་ཡ་མེད་ཅིག་གི་རྟེན་འབྲེལ་དང་། ལྕེ་རྩེར་རྭ་ལྟར་སྐྱེས་པའི་གཏམ་གྱི་སོ་སྒོ་གཉིས་ཆག་པས་མ་ཡིན། བདེ་གཡང་ལྷ་མོ་ཞེས་པའི་བརྡ་དོན་གང་ལ་ཚིག་གིས་རྒྱན་ཡང་ངག་འཆལ་བྱུགས་པའི་མིང་གི་གོ་མཚོན་མིན་པས། ལྷ་ས། རུས་པའི་སྲུབས་ཀ་ན་ཞོ་ལྟར་ཆགས་པའི་ང་རྒྱལ་འདི་འུ་གཉི་གའི་ཡིན།
རྒྱུ་མ་བྲང་ལ་འབྱར་བའི་རྡོ་བ་དང་། མིད་པ་ཐན་པས་བཟུང་བའི་ཆུ་བོ། གངས་རི་ནི་ཕྱིས་ནས་མ་ཟད་པའི་ཡིད་ཀྱི་རུས་མཛོད་ཙམ་དུ་ཟད། ཐ་ན་ལུས་ཀྱི་བ་སྤུ་རེ་རེ་ལས་སྟོང་ཉིད་ཀྱི་མཚན་ཁ་གསོལ་དོན། དམྱལ་བ་ཞེས་པའི་མིང་ཞིག་གིས་མིའི་རིགས་ལ་ཞེད་སྣང་སློང་བས་སོ།།
ཆག་སྒོ་ཡི་མེ་ལོང་ངོས་ནས་ཤི་སོང་བའི་ཆང་མ་དེ་དང་བདག་གི་མིག་འོད་གཅིག་པུ། མཚུངས་པ་གསལ་བྱེད་ཀྱི་སྒྲ་ལས་མ་དག་པའི་དབྱངས་ཀྱི་ང་རོ་ཙམ། ལག་པ་རྡོ་ལ་བརྐོས་པའི་བར་སྐོར་གྱི་འོད་ཟེར་དང་སྨུག་པའི་གསེང་གི་ལོ་ཏོག་གི་སྙེ་མ། ཆུ་ལས་བཙགས་པའི་ཤེས་རབ་ཀྱི་ངག་སྒོ། ཁྲུང་ཞུ་མའི་རུམ་ཁའི་བརླན་བཤེར། སངས་རྒྱས་ཀྱི་མཚན་སོགས་མངལ་ལས་བྱུང་བའི་སྒོ་ང་ཞིག་གི་ཤུན་སྐོགས་བཞིན་ཆག་རྗེས། གན་མཛོད་བདག་མེད་ཅིག་གི་སྒོ་ཁའི་ཁྱི་གུ་དག་ཚོང་བར་གྱུར།
བྱང་ཐང་ནས་ན་གོར་མོ། མཚོ་སྔོན་པོ། ཤི་ན་དྲན་སྲིད་པའི་གཏེར་ལེན་ཁ། ཙོང་ཁའི་ཉེ་འཁོར་གྱི་ཞིང་ས་མིང་མེད་དེ་དག རེབ་གོང་གི་རྨི་ལམ། གང་ནས་ཆས་ཀྱང་ཕ་ཡུལ་བཞིན་ཡིད་ལ་འཆར་བའི་ལྷ་ས། རུས་པ་སྲ་མོ་ཞིག་གི་སྒྲོག་གུ་ལྟར་སྣང་ཡང་། རྡུལ་མཚོན་གྱི་ས་ལས་འབུས་པའི་འཁོར་བའི་ངོ་བོ་ལས་རི་རྒྱབ་ཀྱི་ཉི་མ་ལ་ཨག་ཚོམ་དཀར་པོ་ཞིག་བྲིས།
མེ་འོད་ཀྱི་ཉེ་སར་བཅར་བའི་སྤྱང་ཀི་ཞིག་གི་མཆེ་བར་རྩྭ་ཡི་ལྗང་བུ་འགོས་པ་ཡིས། རྟེན་འབྲེལ་མ་ལུས་འཛོམས་པའི་ཆོས་ཀྱི་ཟིལ་བ་ཁྲོམ་ཁྲོམ་དུ་འོད་ཟེར་ཞིག་རྙེད། རྟ་ཕོའི་རྨིག་སྒྲ་འཇགས་པའི་རླུང་ནག་རལ་བ་ཅན་དང་། མཚན་མོའི་མེ་ཏོག རུས་པའི་རྡུལ། ཆང་གིས་རུང་བ་གང་དེ་དྲན་པ་ཉེར་བཞག་གི་དཀྱིལ་འཁོར་ལས་ཆར་བས་བངས། རྒྱུ་སྐུད་ཕྲ་མོ་ཞིག་གི་ངག་རྒྱུན་ལས་ལྷ་ས་གར་ལ་རོལ། བདེ་གཡང་ལྷ་མོ་བསང་གིས་བཀྲུས་པ་ཡིས། ངག་གི་གཙང་པོས་ཚིག་གི་ཀོ་གྲུ་དེད།
གྲིབ་མར་སྤར་འབྲད་བྱས་པའི་རྨ་ཁ་རུ། མེ་སྒོང་བརྒྱབ་ཀྱང་རླུང་བུ་འགུལ་མེད་དུ་ཤུལ་ནས་ལུས། སེང་གེ་ལ་སོགས་སྤང་ནས་ཤི་བའང་། ལྷགས་རླུང་འགམ་པའི་མིད་པ་རུ་སྙིང་ལ་རེག་པའི་ལག་པ་ཞིག་སྐྱེས། ཡུལ་འདིའི་མིང་གི་བརྡ་སྤྲོད་ཀྱི་ཐག་པ་མ་ཆད་པར་པོ་ཏ་ལ་གཅིག་པུ་ངག་སྒོ་རུ་འགྲེང་སྟེ་ལྷ་ས་ལུག་ཤ་ཚོན་པོ་ཞིག་ལྟར་མིའི་རིགས་ཀྱི་མིག་ལ་བཤམས། ཆུ་འོ་མ་ཅན་དེ། ས་རི་མོ་ཅན་དེ། མི་རུས་པ་ཅན་ཞིག་གི་ཤ་དང་ཁྲག་ལ་བཅོལ།
གསེར་གྱི་རི་ལ་ལྕགས་ཀྱི་མེ་ཏོག་འཁྲུངས། དེ་ཡི་ནང་དུ་ལྷ་མོ་སྟོང་རྩ་བརྒྱད། ཨ་ཧོ་ཞུས་པས་ཅི་ལ་ཕན། གནམ་ལ་སྐེ་འཛེགས་བྲིས་པ་ལྷ་དང་རྟེན་འབྲེལ་འཛོམས་པས་ཡིན། སྣང་བ་རྡོ་ལ་བཏབ། རྡོ་ལས་མེ་ཏོག་བཞད། ཆང་གི་རླངས་པས་བཙོས་པའི་ལྷ་ས། ལྷ་ཡི་མཚན་གསོལ་བའི་ར་ས། ང་དང་དམྱལ་བའི་སྒོ་མོར། སངས་རྒྱས་ཟེར་བའི་མིང་བརྡ་ཞིག་གིས་གྲུབ་ཅིང་ལུས་ངག་ཡིད་གསུམ་པོ། ཐར་བ་ཞེས་པའི་ཚིག་དེས་དོན་འདུས་པར་བྱས་ཡོད།
བྲང་གཞུང་གཏམ་གྱིས་བཀྲུས་ཀྱང་། སྔགས་ཀྱི་ཁང་བ་ལས་ཤོར་བའི་དོན་གྱི་རྒྱ་མཚོ། རྒྱ་མཚོར་མཐའ་མེད་པ་མིག་གི་བྱེད་ནུས་ཡལ་བས་ཡིན། ལུས་ལ་ཚེར་མ་སྐྱེ་དོན་ཁང་སྟོང་དེ་ཡི་མཐའ་ལ་ར་དང་སྒོ་མེད་པས་སོ།།
ཆ་ལ་ཆ་འགྲིག་གི་ཁ་དང་ལག་པ། དོན་ལ་འདི་འདྲིས་ཀྱི་ཚིག་དང་ང་རོ། སྒྲ་ཡི་སེན་མོས་མ་ཟིན་པའི་སྤྲིན་པ་དེ་དག་ཐགས་ལ་འདྲེན་དོན། ཙི་གུ་ལ་རྒྱལ་
ཁ་ཐོབ་པས་ཅི་ལ་ཡིན། མུན་པའི་རལ་བ་མིག་གིས་ཟིན་ཡང་ལག་པས་འཛིན་ཐབས་མེད་པས། ང་ཡི་སྒྲ་དང་བརྡ་སྤྲོད་ཀྱི་གོང་བ་ཆད།
ཆུ་མོ་མར་འགྲོ་ཞིག་ལ། ཉ་མོ་ཡར་འགྲོ་ཞིག་བཅོལ་དོན། ཚིག་མཛོད་བཀའ་རྒྱ་མ་ཞིག་གི་མིག་མཐའ་ནས་བཞུས་པའི་བདག་དང་བདག་གི་འགྲེལ་བ་མཚོན་པའི་ནམ་མཁའ་ཐེད་པོ་ཞིག་སྟེ། ཕུ་ཐག་མེད་པར་ཡུས་ཤིག་གང་ནས་འབྱུང་། བཀྲ་ཤིས་པའི་ཚུལ་གྱིས། ནམ་མཁའ་སྟོང་བ་འདི་ལ་སེམས་བསྐྱེད་པར་གྱིས་ཤིག
ལྷ་ས། འཁོར་བའི་ནང་གི་ལྷ་ས།
2017.8.16ཉིན་གྲུབ།