ཉིན་སྲིབ་བར་ནས།
མཚོ། (མཚོ་ལྷོ)
སྟོན་ལོ་གང་སར་ཐོར
རྒྱང་ནས་བལྟས་ན
ཉི་མའི་འོག་གི་ལོ་མ་སེར་ལམ་ལམ་བྱེད་ཀྱང
གྲིབ་མའི་ནང་གི་ལོ་མ་ནི་ནག་རོག་གེར་འདུག
ལྗོན་པ་གཅིག་གི་ཡལ་ག་ནས་སར་ལྷུང་ནའང
ང་རང་ནམ་ཡང
ཉིན་སྲིབ་ཀྱི་བར་དུ་འགྲེང་རྒྱུར་དགའ
ལུས་ཀྱི་ཕྱོགས་གཅིག་གྲིབ་མའི་ཞེ་ལ་ཉར་ཞིང
ཕྱོགས་གཅིག་ཉི་མའི་བྲང་ལ་སྦྱར
དགའ་སྐྱོ་ནི
ལོ་མས་ལྗོན་པ་བསྐྱུར་བའི་སྔ་རོལ་ཏུ
ས་ལ་ལྷུང་བའི་མེ་ཏོག་བཞིན
ད་ནི་བརྗེད་ལ་ཉེ
གཟིམ་པ་མེད་པའི་གྲོང་ཁྱེར་འདི
གཡུལ་ལས་རྒྱལ་བའི་དམག་དཔོན་ཞིག་དང་འདྲ་བར
རྩི་ཤིང་གི་ངལ་དུབ་ཁྲོད
ནམ་མཁའི་བྲང་ལ་དབུ་རྨོག་གཏད
ཉིན་མཚན་ཀུན་ཏུ
བང་སྒྲ་ཞིག་སྤྱི་བོར་འཐེན་པའི་མལ་ཁང་དུ
ངས་ནམ་ཡང་འདི་ལྟར་འདོད
ཉིན་སྲིབ་ཀྱི་བར་དུ་འགྲེང་ནས
ལུས་པོ་ནང་སེམས་དང་མཉམ་དུ་སོ་སོར་ཕྲལ་ཐེངས་རེར
ངས་ཕ་ཡུལ་གྱི་བྱིན་ཆགས
རྨི་ལམ་ལ་བསྐྱུར
ངས མཛའ་བརྩེའི་དགའ་སྐྱོ་ཡང
རྨི་ལམ་ལ་བཅོལ
ཡང་ན ད་ནས་བཟུང
ང་རང་ཉིན་སྲིབ་གཉིས་ཀྱི་བར་ནས་འགྲེང་ཐེངས་རེར
ངས་ཁྱོད་དང་ཉིན་གཉིས་ཕ་ཡུལ་དུ་བྱེད་ཅིང
ངས་གཞན་དང་སྲིབ་ལ་ས་མཐའ་རུ་འབོད་པར
བློ་ཐག་རྦད་ཆོད་བྱེད