ང་ཡི་རྟ་ཁ་འཁྲིད་པའི་མི།
བོད་གཞུག་སྐྱིད། (ཟི་ལིང)
འཚོ་བ་ནི་རབ་མེད་ཀྱི་གཙང་པོ་དེ་ཨེ་ཡིན
ལང་ཚོའི་འགྱུར་ཁུགས་ལ་སྟངས་སྟབས་སྣ་ཚོགས་ཤིག་མཆིས་སྲིད
མདུན་བསྐྱོད་ཀྱི་གོམ་འགྲོས་དལ་དྲགས་དུས
ང་ལ་ཕྱི་མིག་བལྟ་བའི་གོམས་གཤིས་ཤིག་གིས་མནར་འོང
ལམ་བར་ནས་མཚམས་རེར་ན་ཟུག་གིས་གཙེས་ཆོག་པར་ཞུ
རྩྭ་ཐང་ནི་དབྱར་གྱི་འཇོ་སྒེག་མནབས་པའི་བུད་མེད་ཅིག་ཡིན་སྲིད
ཨ་མ་ལྟ་བུའི་བྲང་གཞུང་ཡངས་པའི་མུ་མེད་ཀྱི་ཞིང་ཁམས་དེ་ཡིན་སྲིད
རབ་མེད་ཀྱི་གཙང་པོའི་དྭངས་ཤ་དང་སྙན་འཇེབས་ཀྱི་སྒྲ་དབྱངས་མ་ལུས
རྟ་གོང་གི་བུ་དང་བུ་མོའི་རྣམ་ཤེས་ལ་འཁྱིལ་ནས་བཞུར
སྣུམ་ཚོན་རི་མོ་ལྟ་བུའི་མོ་ལོ་བཅུ་དྲུག་གི་དབྱར་ལྗོངས་སུ
ང་ཁྱོད་དང་ལྷན་དུ་རྩྭ་ཐང་ནས་བསྡད་མྱོང
རྟ་ཕོས་མགོ་བོ་གུག་གུག་བྱེད་དུས
ཁྱོད་ཀྱིས་ང་ཡི་རྟ་ཁ་འཁྲིད་མྱོང་ཨང
ལྗང་མདོག་གི་མི་ཡུལ་ཐམས་ཅད
ལྷད་མེད་ཀྱི་བྱིས་བློའི་བར་ན་མཛེས་ཤིང་སྡུག
མཐོན་པོའི་རི་དང་དམའ་མོའི་སྤང
གཟར་མོའི་གཡང་དང་བདེ་མོའི་ཐང
འབྲི་མར་གྱི་ཁུད་དུ་གཅུད་པའི་རྩམ་པ་སྣུམ་པོ
བདག་གི་དྲན་ངོགས་ནས་ཡལ་རྒྱུ་མི་འདུག་ཨང
ཉ་མོ་ལྕགས་ཀྱུས་བསླུས་པ་ལྟ་བུའི་འཁོར་རྒྱུག་རིགས་ཤིག་ལས
ད་ནི་རྩྭ་ཐང་ལ་ལོག་ཐབས་མི་འདུག
གྲུ་བཞི་གླིང་བཞིའི་སྒོ་གླེགས་ཀྱི་ཧྲག་བར་རེ་ནས
ད་ནི་རྟ་ཕོ་ལ་ཞོན་ས་མི་འདུག་ཨང
རྩམ་པ་ནི་ང་ལ་མཚོན་ན་ཕྱེ་ཐུག་ལྟ་བུའི་ཁ་ཟས་རིགས་དེ་མིན་ཡང
འཁྲེང་ཞེན་དེ་ཡིད་ཀྱི་ཞིང་ཁམས་སྣུམ་པོ་རིགས་ཤིག་ལ་སྨོན་པ་དང་འདྲ
ན་ཚོད་སྨིན་སྟངས་ནི་གཏམ་རྒྱུད་ཀྱི་བྱུང་བ་མང་བའི་གོ་རིམ་དེ་ཡིན་སྲིད
གྱེས་བྲལ་དང་སྐྱེ་འཆིའི་ལོ་ཟླ་སེམས་ཀྱིས་མྱོང་བའི་འགྱུར་ལྡོག་རིགས་ཤིག་ཡིན་སྲིད
མཛེས་པ་དང་དྭངས་གཙང་གིས་གཏམས་པའི་དུས་ཚིགས་རིགས་ཤིག་སྟེ
འགྱུར་མེད་ཀྱི་དྲན་པའི་ཀློང་གི་གཡུ་ཆུང་དྲུག་དཀར་དང་འདྲ
2017.4. 18