མེ་ཏོག་ལ་ཚ་བས་གདུང་ཚུལ།
ཚེར་མའི་མེ་ཏོག (མགོ་ལོག)
ཞོགས་པ་ནས་ས་སྲོད་བར
སྤྲིན་པ་དཀར་པོ་གནམ་མཐར་འཁྱམས་ཤིང
སྤྲིན་ནག་དང་རླུང་བུ་ནི་ཉི་མའི་འོད་ཀྱིས་ཁྱུར་མིད་བྱས་རྗེས
རྩྭ་ཐང་ན་ཕུབ་པའི་སྦྲ་ནག་གི་ཆོན་ཐག་བསྐམས
རི་ལུང་ན་འགུལ་བའི་རྫི་བོའི་ལ་གཞས་འགགས
གངས་རིའི་ཐོད་ནས་ལྷུང་ལྷུང་གི་རྔུལ་ཆུ་བཞུར་ཏེ
ངུ་ངག་ཁོ་ནས་མཚོ་མོ་བསྐྱིལ
མཚོ་ཁ་ན་མེ་ཏོག་མི་འདུག
གངས་འདབས་ཀྱི་མེ་ཏོག་སེར་ཆེན་གཉིད་དུ་ཡུར
སྤང་ཁུད་ཀྱི་ཚེར་མའི་མེ་ཏོག་ལ་ཚ་གདུག་གི་ནད་ཡམས་ཕོག
གཉེན་ཉེ་ཚོར་ཕུགས་བསམ་མེད་ནའང
དུས་ཚིགས་འདིར
སླར་ཡང་ཁ་བ་དཀར་པོའི་འབབ་ཐེངས་དྲན
དྲན་པ་དེ་ཚ་གདུང་གིས་མེ་རུ་སྦར་བ་ལྟར
གཉེན་ཉེ་ཚོའི་ཕུགས་བསམ་དྲན་དུ་བཅུག
ཡིན་ནའང
ངའི་སྙན་ངག་གི་ཆར་བའི་འབབ་ཞོད་དཀོན་པས
དུས་ཚིགས་གཞན་ཞིག་གི་འབྱུང་འགྱུར་གླེང་མི་ཕོད
ཉི་འོད་ཀྱི་སྡིག་སྒྲིབ་ཧྲིལ་བོར་དཔྱངས་དུས
དུག་སྦྲུལ་ཞིག་གིས་མཇུག་མ་གཡོབ་ཀྱིན་འོང་བ་ལྟ་བུའི་ཚ་གདུང་འདིས
དམར་ཧྲེང་ཧྲེང་གི་ངའི་སྙིང་ཚིལ་དང་ཤ་ཚིལ་འཇིབ་སྟེ
སྐྱ་ཤུར་ཤུར་གྱི་མྱ་ངམ་ཐང་གི་རུས་གོག་ལྟ་བུར་བསྒྱུར་བས
མཚམས་ལན་རེར
ནམ་མཁའ་ན་ལྷེམ་ལྷེམ་འགུལ་བའི་གསེར་གྱི་ཀ་ཏོ་ར་ཞིག་དང་འཁྲུལ་བའི་ཉི་མ་འདི
ཐེ་ཚོམ་དང་སེར་སྣ་ཅི་ཡང་མེད་པར་ཤུད་དེ
མཚོ་མོའི་ཁུད་དུ་ལྷུང་ཡང་ལག་སྙོབ་བྱེད་མཁན་མེད་ན་བསམས
ཉི་འོད་ཀྱི་མཆུ་ཏོས་ཤུགས་ཀྱིས་གཙགས་ཏེ
མེ་ལྕེ་ལ་འཐམ་པའི་ཕྱེ་ལེབ་ཇི་བཞིན་ཞེད་སྣང་སྐྱེས་དུས
ཨ་སྔོན་གྱི་མཐའ་ནས་སྤྲིན་པ་བྱེའུ་མགོ་ཙམ་ཞིག་གིས་ང་ལ་ལག་པ་གཡུག་གཡུག་བྱ་རྒྱུ་བྱུང་ན
ངའི་ཤ་གསེང་རུས་གསེང་ལ་ཟུག་ནས་དགྲོལ་མི་ཐུབ་པའི་མདུད་པ་ཞིག་དང་འདྲ་བའི་ཚ་གདུག་དེ
བླངས་མི་ཚར་བའི་རོལ་དབྱངས་ཤིག་ཏུ་རློམ་ནས
དཀར་ལྡེམ་ལྡེམ་གྱི་སྤྲིན་པ་དེ་ལ་རེ་སྒུག་གི་སྒོ་གླེགས་དབྱེ་ངེས
སྔོ་རྩྭའི་གསེབ་ན་དྲི་བཟང་གིས་བཏུམ་པའི་ཁེར་རྐྱང་གི་མེ་ཏོག་འདི་ཚོ
སྡེ་ཆེན་པོའི་མཆུ་སྒྲོས་ན་དམར་ཞིང་སྣུམ་པའི་ཡིད་འོང་གི་མེ་ཏོག་འདི་ཚོ
དུས་ཚིགས་ཀྱི་རྩེད་ར་ནས
ཚ་གདུག་གི་རླུང་བུས་མི་གཅག་པར་སྨོན