མགྲོན་པོ།
སྟོང་སྐོར་ཀུན་རིག་མཚོ། (ལྷ་ས)
ལྕང་རའི་ལོ་འདབ་མཉེན་མོ།།
སྟོན་རླུང་བསིལ་མས་ཁྱེར་འདྲ།།
ཁུ་བྱུག་གདངས་དབྱངས་སྙན་མོ།།
མོན་ཡུལ་གཞུང་ནས་གྱེར་སོང་།།
ཡལ་གའི་བསིལ་གྲིབ་འོག་གི །
སྨྲ་མཁན་ནེ་ཙོའི་གཞས་ཆུང་།།
ཁ་རོག་འཁྱུག་ཙམ་གནང་དང་།།
གསོམ་དཀར་ཤིང་གི་ཁྲོད་ཀྱི།།
ལྷ་བྱ་ཁུ་བྱུག་སྔོན་མོའི།།
གཞས་ལས་ལྷག་པ་མི་འདུག །
སྟོད་ཀྱི་ལུང་བའི་ཕུ་ཆུས།།
མདའ་ཡི་ཁྲི་ཟམ་བསྙེགས་འདྲ།།
ལྷུང་ལྷུང་བཞུར་རྒྱུན་དལ་མོ།།
སྐྱིད་ཆུའི་གཞུང་ལ་འདྲེས་སོང་།།
ཆུ་མོའི་ཤུལ་ཏུ་ལུས་པའི།།
ལྟོ་དཀར་ཉ་ཆུང་གསེར་མིག །
འཁྱུག་རྩལ་རེ་ཞིག་ཞོག་དང་།།
རླབས་ཀྱི་རྒྱུན་ལ་འགྲོག་པའི།།
གྲུ་ཤན་རྟ་མགོའི་ཕྱི་མིག །
དེ་ལས་ལྷག་པ་མི་འདུག །