མདང་ནུབ་ཀྱི་ཁ་བ།

རྨེ་རུ་མགོན་པོ་སྐྱིད། (ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


 མདང་ནུབ་ཀྱི་ཁ་བ།

                                                   རྨེ་རུ་མགོན་པོ་སྐྱིད། (ཀན་ལྷོ)

 

 

        མདང་ནུབ

        སྟོན་མཇུག་གི་ཁ་བ་དལ་གྱིས་བབས་བྱུང

        ཁ་བའི་འདབ་མ་དཀར་པོ

        ཨ་ཕའི་ཐོང་གཤོལ་ལ་བབས་བྱུང

        ཨ་མའི་ཞིང་ཚུགས་སུ་བབས་བྱུང

        ཕ་ཡུལ་གྱི་རུ་སྡེ་ཁྲ་མོར་བབས་བྱུང

 

        སྐྱི་བསེར་རླུང་བུས་སྐྱོམ་པའི

        ཁ་བའི་རྣམ་ཤེས་ཕྲ་མོ

        བྲག་རིའི་རྩེ་དང་རྫ་ཆུའི་ཁུགས

        སྤང་རིའི་ཐེམ་དང་ནགས་རིའི་གཞུང

        གཡང་ཁྱིམ་ཚང་གི་ར་སྐོར་དང

        སྙིང་རྗེ་བའི་བྱི་ལ་དཀར་ལྡང་མའི་སྨ་རའི་ཐོགས་ལའང་བབས་འདུག

 

        མདང་ནུབ་ཀྱི་ཁ་བ་དེ

         སེམས་པའི་ཟབ་ས་རུ་བབས་བྱུང

         ཐིགས་ཆུ་གཙང་མའི་ཆབ་རྒྱུན་དེ་ཚོ

         ཁང་ཀླད་ནས་ཤོ་ཆུ་བརྒྱུད་དེ་ས་ངོས་སུ

         ག་ལེར་འཛགས་དུས

         ཨ་ཕས་ཐར་ཆེན་གསུངས་པའི་ཆོས་དབྱངས་རེད

         ཨ་མས་མ་ཎི་ཟློ་བའི་སྙན་དབྱངས་རེད

         ཕུ་བོའི་ངག་འཇམ་ཁ་བརྡའི་ཀློང་གི་འདང་ཞེན་ཟབ་མོ་རེད

         ཨ་ཅེའི་དགོ་དགོ་ངག་ལ་འགུགས་པའི་བཞོ་དབྱངས་དྭངས་མོ་རེད

         སྙན་འགྱུར་ཁྲི་འབུམ་རྒུམ་པའི་དབྱངས་རྟ་འཇམ་པོ

         སྙིང་གི་དཀྱིལ་ལ་བབས  སེམས་ཀྱི་གཏིང་དུ་འཐིམ

 

         མདང་ནུབ

         བལ་དཀར་ཁ་ཆུ་འཇོ་བའི་གདན་སྟེང་ནས

         ཚ་བེར་བེར་གྱི་མེ་ཕོར་རུམ་མཁན་དེ་ང་ཡིན

         མེ་ཕོར་སྟེང་གི་ཇ་དེམ་ལ་འོ་སྤྲིའི་མངར་ཁ་སྦྱིན་མཁན་དེ

         དྲིན་ཆེན་གྱི་ཕ་ལོ་ཡིན  བྱམས་ལྡན་གྱི་མ་ལོ་ཡིན

         དྲོད་ཀྱི་མེ་ཁ་དམར་ལྷེམ་ལྷེམ་དུ་འཕྱུར་བས

         ཁང་ཁྱིམ་དྲོན་མོའི་གདུང་མའི་གསེང་ནས་ཀྱང

         འོ་ཇ་དཀར་པོའི་རླངས་པ་ཐོལ་གྱིས་འཁོར

         དཀར་ཡོལ་འབྲུག་རིས་མ་ལས་ལྟེམས་པའི

         མངར་ལ་ཞིམ་པའི་འོ་ཇ་ཧུབ་ཀྱིས་འཐུང་དུས

         མཆུ་སྒྲོས་ནས་མིད་ཐག  ལུས་ཀྱི་རྩ་ལམ་རེ་རེ

         བདེ་སྐྱིད་དང་སེམས་འགུལ

         སྤྲོ་སྣང་དང་དགའ་བ་འབུམ་གྱིས་བརྟས་སོང

 

         མདང་ནུབ་ཀྱི་ཁ་བ་དེ   སེམས་པའི་ཟབ་ས་རུ་བབས་བྱུང

         བདེ་སྐྱིད་ཀྱིས་བབས་བྱུང

         ལྷག་བསམ་གྱིས་བབས་བྱུང

         དྭངས་གཙང་གིས་བབས་བྱུང

 

                                         ༢༠༡༧ལོའི་ཟླ༡༠བའི་ཚེས༡༠ཉིན་རྨེ་རུ་ཉིན་པ་ནས།


རྩོམ་ཡིག་སྔོན་མ།
བྱམས་བརྩེ།
རྩོམ་ཡིག་རྗེས་མ།
མགྲོན་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1