ང་རང་དགའ་བའི་ལྷུག་རྩོམ་ཞིག ---- ཁྱུང་བཟང་ལགས་ཀྱི་ལྷུག་རྩོམ་སྙན་ངག《མ་ཎི་ཁང་གི་འབོལ་གདན་སྟོང་བ》ཞེས་པའི་བཀླགས་ཚོར་ཉུང་བསྡུས།

འཆི་མེད། (རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


ང་རང་དགའ་བའི་ལྷུག་རྩོམ་ཞིག

                       ---- ཁྱུང་བཟང་ལགས་ཀྱི་ལྷུག་རྩོམ་སྙན་ངགམ་ཎི་ཁང་གི་འབོལ་གདན་སྟོང་བཞེས་པའི་བཀླགས་ཚོར་ཉུང་བསྡུས།               


                                                                      འཆི་མེད། (རྨ་ལྷོ)


    སྐྱེ་འཆི་ནི་ཚེ་སྲོག་ཅིག་མགོ་བརྩམས་པ་དང་མཇུག་བསྡུས་པའི་བརྒྱུད་རིམ་ཟློག་མེད་ཅིག་ཡིན་ན་ཡང་།  མི་མང་པོ་ཞིག་སྐྱེ་བ་གླེང་རྒྱུར་དགའ་བ་ལས་འཆི་བ་ཞེས་པའི་ཐ་སྙད་འདི་གོ་ན་མི་འདོད་ཅིང་ཐ་ན་འཇིག་རྟེན་འདིར་སྐྱེས་པ་ནས་མི་ཚེ་གང་བོར་ཐ་སྙད་འདི་ངག་ནས་ལན་གཅིག་སྨྲ་མི་ཐུབ་མཁན་ཡང་ཡོད་པ་རེད།

    མི་དེའི་རིགས་ནི་རྒྱུ་མཚན་ཅིའི་ཕྱིར་འཆི་བ་ཞེས་པའི་ཐ་སྙད་འདིར་དེ་འདྲའི་འཇིགས་སྐྲག་དང་རྣམ་རྟོག་སྐྱེས་པ་ཡིན་ནམ།  ཡང་ན་དེ་ཚོས་རང་ཉིད་ཀྱང་འཆི་དགོས་སྙམ་པའི་བསམ་བློ་ཙམ་ཡང་ཅིའི་ཕྱིར་དྲན་མ་ཕོད་པ་ཡིན་ནམ།  གུས་མོ་ངས་དེ་ལྟར་བསམ་བློ་གཏོང་སྐབས་སྙན་ངག་པ་ཁྱུང་བཟང་ལགས་ཀྱིམ་ཎི་ཁང་གི་འབོལ་གདན་སྟོང་བ》(༢༠༠༨ལོའི་སྦྲང་ཆར་དེབ་གསུམ་པའི་སྟེང་བཀོད་ཡོདཞེས་པའི་ལྷུག་རྩོམ་སྙན་ངག་འདི་ཡིད་ལ་དྲན་ཞིང་ལྷུག་རྩོམ་སྙན་ངག་འདིས་གང་ཞིག་རྗོད་ཀྱིན་ཡོད་པ་དང་།  དེ་དང་ཆབས་ཅིག་རྩོམ་པ་པོའི་ནང་སེམས་ཀྱི་འཇིག་རྟེན་ཧྲིལ་བོ་ཞིག་ཀྱང་གསལ་ལེར་མཐོང་ཡོང་།

    སྙན་ངག་པ་ཁྱུང་བཟང་ལགས་ཀྱི་ལྷུག་རྩོམ་སྙན་ངགམ་ཎི་ཁང་གི་འབོལ་གདན་སྟོང་བཞེས་པ་འདིས་བོད་མིའི་ཚེ་སྲོག་གི་ལྟ་བ་དང་དེའི་རིན་ཐང་བརྗོད་གཞིར་བཞག་ཅིང་།  རང་ཉིད་ཀྱིས་མ་ཎི་ཁང་ནས་འབོལ་གདན་སྟོང་བ་ཞིག་མཐོང་བར་རྐྱེན་བྱས་ཏེ།  རྩོམ་པ་པོས་རང་ཉིད་ཀྱི་མི་ཚེའི་ལྟ་ཚུལ་དེ་བརྗོད་ཡོད།

    བོད་མི་རྣམས་ནི་འདུས་མཐར་འབྲལ་བ་དང་སྐྱེས་མཐར་འཆི་བའི་ཚེ་སྲོག་འདི་ལ་ངོས་འཛིན་ཞིག་ཡོད་པ་ནི།  ནམ་ཞིག་རང་ཉིད་ལོ་རྒས་ཟུངས་ཟད་དུ་གྱུར་ཏེ་འཇིག་རྟེན་འདི་དང་ཁ་གྱེས་དགོས་པ་དང་།  འཇིག་རྟེན་འདིར་ཁ་གྱེས་

ནའང་ཚེ་སྲོག་ནི་སྒྱུ་མའི་ལུས་པོ་དང་མཉམ་དུ་མཇུག་བསྡུས་པ་ཞིག་མ་ཡིན་པར་སླར་ཡང་སྐྱེ་བ་གཞན་ཞིག་ལེན་དགོས་ཤིང་།  དེ་ཡང་ལས་དཀར་ནག་གི་བྱས་བསགས་ཀྱི་རྗེས་སུ་འབྲངས་ནས་སྐྱེ་བ་ཞིག་ལེན་དགོས་པ་ལས་རང་གི་ཅི་འདོད་བཞིན་དུ་སྐྱེ་བ་གཞན་ཞིག་ལེན་ཐུབ་པ་མ་ཡིན་པར་བསམས་ཡོད།

    སྐྱེས་པའི་རྗེས་སུ་འཆི་བ་དང་ཤི་བའི་རྗེས་སུ་སླར་ཡང་སྐྱེ་དགོས་པའི་སྐྱེ་འཆིའི་ལྟ་བ་དང་།  བྱམས་བརྩེ་དང་དྲང་བདེན་གཞི་རྩར་བྱས་པའི་མི་ཚེའི་ལྟ་བ།  སེམས་ཅན་མ་རུ་སྒོམ་པའི་རྒྱུ་འབྲས་ཀྱི་ལྟ་བ་བཅས་ཀྱིས་བོད་མི་རྣམས་ཀྱིས་རང་གི་ཕ་མར་བརྩི་བཀུར་དང་ཕ་མར་ཤ་རུས་ཀྱི་འདང་བརྩེ་ཟབ་མོ་ཞིག་བཅངས་ན་དེ་ནི་ཡ་རབས་ཀྱི་སྲོལ་དུ་བརྩི་བ་དང་།  ཕ་མར་དྲིན་ལོག་བྱེད་པ་དང་།  ཕ་མའི་བདེ་སྡུག་ལ་དོ་སྣང་མེད་པར་རྒན་གསོ་ཁང་དུ་སྐྱེལ་བ་སོགས་ནི་བོད་མི་ཞིག་ལ་མཚོན་ན་ངོ་གནོང་དགོས་པ་ཞིག་དང་།  རྒྱུ་འབྲས་མ་བརྩིས་པ་ཞིག་ཏུ་བརྩི་བ་རེད།

    གཙོ་བོ་སྲོལ་རྒྱུན་འདི་དང་བསམ་བློ་འདིའི་བཀའ་དྲིན་ལ་བརྟེན་ནས་མ་ཎི་ཁང་དུ་འདུས་པའི་ཨ་མ་རྒན་མོ་དེ་དག་ཀྱང་གདོང་ལ་སྣུམ་གྱིས་བྱུགས་ཤིང་ཚ་བོ་ལག་མགོར་ཁྲིད་ནས་རང་ཉིད་ཀྱི་ཚ་བོ་ཚ་མོའི་འཇོན་ཐང་གླེང་རྒྱུར་དགའ་ཆོག་པ་ལས།  ཚ་བོ་ཚ་མོ་ཟེར་ན་རང་ཉིད་སྐྲག་དགོས་ས་ཞིག་དང་དོགས་ཡེར་ཡེར་འདུག་དགོས་ས་ཞིག་མ་ཡིན་པ་ནི་ཅི་འདྲའི་བདེ་སྐྱིད་ཅིག་རེད་ཨང་།

    མ་ཎི་ཁང་གི་འབོལ་གདན་ཞིག་སྟོང་བར་གྱུར་པ་དེས་ཨ་མ་རྒན་མོ་ཚོར་དམིགས་བསལ་གྱི་སེམས་མི་སྐྱིད་པ་མེད་པར་ཡོད་ཚད་རྒྱུན་ལྡན་དུ་ལྟ་ནའང་སུ་ཞིག་འབོལ་གདན་ལས་བཞུད་ཟིན་པའི་རྗེས་སུ་ཁོ་ཚོས་ཀྱང་ལྷད་མེད་སེམས་ཀྱིས་མཆོད་མེ་དང་མ་ཎི་ཡིག་དྲུག་གི་དབྱངས་རྟས་སྐྱེལ་མ་གནང་བར་བྱེད་དོ།།

   སྙན་ངག་པ་ཁྱུང་བཟང་ལགས་ཀྱི་ལྷུག་རྩོམ་སྙན་ངགམ་ཎི་ཁང་གི་འབོལ་གདན་སྟོང་བལ་ཚིག་གི་ངོ་གདོང་ནས་བལྟས་ན་རྩོམ་པ་པོའི་གློ་བུར་གྱི་མཐོང་སྣང་ཞིག་བརྗོད་ཡོད་དེ།  རྩོམ་པ་པོས་ཕ་ཡུལ་གྱི་མ་ཎི་ཁང་གི་འབོལ་གདན་ཞིག་སྟོང་བར་གྱུར་པ་མཐོང་བའི་སྐབས་དེའི་སེམས་ཚོར་གྱིས་རྩོམ་པ་པོ་རང་ཉིད་ཕྱིར་འདང་གི་ཀློང་དུ་ཁྲིད་ཅིང་འདས་དོན་མང་པོ་ཞིག་དང་འབྱུང་འགྱུར་མང་པོ་ཞིག ཡང་ན་གོ་ཐོས་མང་པོ་ཞིག་གློག་བརྙན་བཞིན་སེམས་ལ་ཤར་བ་དེ་རེད།

    མ་ཎི་ཁང་གི་འབོལ་གདན་ཞིག་སྟོང་བར་གྱུར་པ་དེ་ནི་མ་ཎི་ཁང་དུ་འདུས་པའི་ཨ་མ་རྒན་མོ་རྣམས་ལ་མཚོན་ན་ཆེས་སྤྱིར་བཏང་གི་འཚོ་བའི་གོ་རིམ་ཞིག་ཏུ་གྱུར་ནའང་།  རྩོམ་པ་པོར་མཚོན་ན་ཆེས་རྒྱུན་ལྡན་གྱི་འབོལ་གདན་སྟོང་བ་དེས་ཆེས་རྒྱུན་ལྡན་མ་ཡིན་པ་མང་པོ་ཞིག་དྲན་དུ་བཅུག་ཅིང་བོད་མིའི་ཚེ་སྲོག་གི་ལྟ་སྟངས་དེར་ཡི་རང་དང་སྨོན་པ་ཤོར་བ་དང་བསམ་གཞིག་ཀྱང་གནང་ཡོད་པ་རེད།

    དཔེར་ན།"གྲོང་ཁྱེར་ན་བདག་མེད་དུ་འཁྱམས་པའི་རྒན་རྒོན་དག་གིས་མི་ཚོགས་ཀྱི་སྔུན་ལ་ལག་པ་འདར་འདར་དུ་བསྲིངས་པ"དང་མ་ཎི་ཁང་གི་སྒོ་ཁར"ཡ་ཐོད་སྣུམ་གྱིས་ཟིན་ཞིང་སེམས་ཁོང་དྲོད་ཀྱིས་བཟུང་བའི་ལོ་ལོན་རྣམས"ཀྱི་ཆེས་མཐའ་མཇུག་གི་གནས་མལ་མི་འདྲ་བ་དང་།  ཆེས་མཐའ་མཇུག་གི་བདེ་སྡུག་མི་མཚུངས་པར་བསྟན་པ་དེས་ནི་རྩོམ་པ་པོ་རང་ཉིད་ཐེ་བའི་སྤྱི་ཚོགས་ཤིག་གི་བདེ་སྐྱིད་ཀྱི་འོད་མདངས་དང་བོད་མི་རྣམས་ཀྱི་ནང་སེམས་ཀྱི་འཇིག་རྟེན་ཧྲིལ་བོ་ཞིག་གསལ་བོར་མཚོན་འདོད་པ་རེད།

    སྙན་ངག་གི་ངོ་བོ་ནི་མ་གཞི་ནས་བསྡུས་བརྗོད་ཤུགས་ཆེ་བ་བཞིན་སྙན་ངག་པ་ཁྱུང་བཟང་ལགས་ཀྱི་ལྷུག་རྩོམ་སྙན་ངགམ་ཎི་ཁང་གི་འབོལ་གདན་སྟོང་བའདི་ལའང་ཐད་ཀར་བལྟས་ན་མ་ཎི་ཁང་གི་འབོལ་གདན་ཞིག་སྟོང་བར་བུད་པའི་མཐོང་སྣང་ཙམ་བརྗོད་ཡོད་ན་ཡང་།  ཞིབ་ཏུ་བཀླགས་ན་ལྷུག་རྩོམ་སྙན་ངག་འདིས་རིག་གནས་མི་འདྲ་བ་གཉིས་ཀྱི་རྒྱབ་ལྗོངས་གཤིབ་བསྡུར་དང་།  སྲོལ་རྒྱུན་མི་འདྲ་བ་གཉིས་ཀྱི་རིན་ཐང་གི་ཁྱད་པར་གབ་ནས་བསྟན་ཡོད་པ་རེད།

    དེ་ཡང་བོད་མི་རིགས་ནི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་མི་རིགས་ཤིག་ཡིན་པ་དང་།  མི་རིགས་འདིར་གནའ་སྔ་མོའི་དུས་ནས་བཟུང་ད་ལྟའི་བར་ཆོས་ལུགས་དང་ཡ་རབས་ཀྱི་གོམས་སྲོལ་མང་པོ་ཞིག་དར་ཡོད་ལ།  ལྷག་པར་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱི་གསུང་རབ་སྣ་ཚོགས་བྲག་རི་བཞིན་བརྩིགས་ཡོད་པ་དང་།  དེ་དག་ཡོངས་ཀྱི་དགོངས་དོན་ནི།  ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི། དགེ་སྡིག་གི་རྣམ་བཞག བདག་བས་གཞན་གཅེས་ཀྱི་དགོངས་དོན་སོགས་ཡིན་ལ། ཁྱད་པར་དུ་ལས་དཀར་ནག་གི་རྣམ་སྨིན་དང་།  ངན་སོང་གི་སྡུག་བསྔལ་སོགས་ཁ་གསལ་གོ་སླ་བའི་སྒོ་ནས་བརྩམས་པའི་བསླབ་བྱ་དང་།  མགུར་མ་མང་པོ་ཡོད་

པ་དེ་དག་གིས་ཤན་ཞུགས་ཏེ།  དམངས་གཞས་ལྟ་བུ་དམངས་ཁྲོད་ཀྱི་རྩེད་རིགས་རྣམས་ཀྱི་བརྗོད་བྱ་ལ་ཡང་ལས་རྒྱུ་འབྲས་བརྩི་དགོས་པ་དང་དགེ་སྡིག་གི་བླང་དོར་བརྩི་དགོས་པ་སོགས་དང་འབྲེལ་བ་མང་པོ་ཡོད་པ་ཞིག་ཏུ་གྱུར་ཡོད་པ་རེད།    དེའི་སྟབས་ཀྱིས་བོད་མིའི་རིག་གནས་ནི་རྩ་བའི་ཆ་ནས་ལས་རྒྱུ་འབྲས་དང་

དགེ་སྡིག་གི་བླང་དོར་སྟོན་པའི་རིག་གནས་ཤིག་ཡིན་ལ།  རིག་གནས་དེ་འདྲ་ཡོད་པའི་མིའི་རིགས་ཀྱི་ཚེ་སྲོག་གི་མཐའ་མཇུག་ཀྱང"ཡ་ཐོད་སྣུམ་གྱིས་ཟིན་ཞིང་

སེམས་ཁོང་དྲོད་ཀྱིས་བཟུང་ཡོད་པ"དང་།  རིག་གནས་དེ་འདྲ་ཡོད་པའི་མི་རྣམས་ཀྱིས་ག་དུས་ཡིན་ཡང་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་

ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ལས"ང་ཁོ་ན་བདེ་ཞིང་སྐྱིད་པར་ཤོག"ཟེར་མི་སྲིད།  དཔལ་འབྱོར་རིག་པ་དང་།  དམག་དོན་རིག་པ།  ཆབ་སྲིད་དང་ཁྲིམས་ལུགས་རིག་པ་བཅས་མི་ཆོས་རིག་གནས་རྐྱང་པ་ལས།  ཆོས་ལུགས་རིག་གནས་ཀྱི་ལྟ་གྲུབ་མེད་པའི་མི་རིགས་མང་པོ་ཞིག་གི་ཚེ་སྲོག་གི་ཆེས་མཐའ་མཇུག་ནི།"བདག་མེད་དུ་ལུས་པའི་རྒན་རྒོན་དང"རྒན་གསོ་ཁང་ཞིག་ཏུ་ཡིད་ལ་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་ཁུར་དུ་ལྕི་བར་གྱུར་ཏེ་ཉི་མ་འཁྱོལ་དཀའ་བ་ཞིག་ལས་མ་འདས་པ་བརྗོད་པའི་གཤིབ་བསྡུར་འདིས་རིག་གནས་མི་འདྲ་བ་གཉིས་ཀྱི་ཧེ་བག་དང་དགེ་སྐྱོན་མཚོན་ཡོད་པ་རེད།

    རིག་གནས་མི་འདྲ་བའི་མི་རིགས་གང་དང་གང་ཡིན་ཡང་སྲོལ་རྒྱུན་ཡང་འདྲ་མི་སྲིད་པ་ཞིག་རེད།  དཔེར་ན་མི་རིགས་ཤིག་གི་སྲོལ་རྒྱུན་རིག་གནས་ནི།  མི་རིགས་གང་དེའི་དམངས་རྐྱང་བའི་ངོས་ནས་གྲུབ་པ་ཞིག་མ་ཡིན་པར་མི་རིགས་དེའི་རིག་གཞུང་དང་མཁས་པའི་ཞལ་གདམས།  བསླབ་བྱ་རྣམས་ཀྱི་ཤན་ཞུགས་པ་ལས་ཀྱང་གྲུབ་ཡོད་པར་གདོན་མི་ཟ་བ་ཞིག་རེད།

   དེའི་ཕྱིར།  བོད་མི་རིགས་ཀྱི་སྲོལ་རྒྱུན་ནི་རྒན་བཀུར་གཞོན་བྱམས་ཞེས་ཡོངས་སུ་གྲགས་པ་ལྟར་ཡིན་པ་ནི་སྙན་ངག་པ་ཁྱུང་བཟང་ལགས་ཀྱིསམ་ཎི་ཁང་གི་འབོལ་གདན་སྟོང་བལས་གསལ་བར་བསྟན་ཡོད་པ་དང་།  དེ་དང་ཆབས་ཅིག་ཆོས་ལུགས་རིག་གནས་སམ་ནང་བསྟན་རིག་གནས་ཀྱིས་ཟིན་མ་ཐུབ་པའི་སྲོལ་རྒྱུན་གཞན་དང་གཞན་གྱི་མངར་སྐྱུར་ཅི་འདྲ་ཡིན་པ་ཡང་ཟུར་ན་མཚོན་ཡོད་པས་ན་སྙན་ངག་པ་ཁྱུང་བཟང་ལགས་ཀྱི་ལྷུག་རྩོམ་སྙན་ངགམ་ཎི་ཁང་གི་འབོལ་གདན་

སྟོང་བཞེས་པ་ནི་གུས་མོའི་བསམ་ཚུལ་ལྟར་ན་རིག་གནས་ཤིག་དང་སྲོལ་རྒྱུན་ཞིག་གི་དགེ་མཚན་དང་རིག་གནས་དེས་བསྐྱེད་ཅིང་སྲོལ་རྒྱུན་དེས་བསྐྱངས་པའི་རྩོམ་པ་པོ་རང་ཉིད་ཀྱང་གདམ་ཀ་ཞིག་ན་མཐའ་གཉིས་སུ་དོགས་ནས་བསྡད་ཡོད་པ་ལྟ་བུ་ཞིག་མ་ཡིན་པར་རང་ཉིད་ཀྱི་བཞུད་ལམ་ན་རང་ཉིད་ནི་རྡོ་རིང་ཞིག་དང་འདྲ་བར་ཀྲོང་ངེར་འགྱིང་ཡོད་པའི་སྣང་བརྙན་ཞིག་དང་།  རང་ཉིད་ཀྱི་བཞུད་ལམ་དེར་བརྟན་བརླིང་གི་ཡིད་ཆེས་ཟབ་མོ་ཞིག་མངའ་བའང་མཚོན་ཡོད་པ་རེད།

   དེའི་ཕྱིར།  ལྷུག་རྩོམ་སྙན་ངག་འདིའི་དབབ་ས་གཙོ་བོ་ནི་མེས་པོའི་རིག་གཞུང་ལས་མཐོང་བའི་དགེ་མཚན་ལ་བསྔགས་ཤིང་མ་འོངས་ཕྱི་རབས་པ་རྣམས་ལ་རིག་གནས་ཀྱི་དགེ་མཚན་དང་དགོས་པ་བརྗོད་དེ་རིག་གནས་རྒྱུན་འཛིན་གྱི་རྟིང་སྐུལ་ལན་ཅིག་བྱས་པ་དེའོ།།

    སྙན་ངག་པ་ཁྱུང་བཟང་ལགས་ཀྱི་ལྷོད་ལ་བབ་ཆགས་པའི་གཤིས་ཀ་དེས་རང་ཉིད་ཀྱིས་རྩོམ་ཡིག་གང་བྲིས་ཐམས་ཅད་ཀྱི་བརྗོད་བྱ་དང་རྗོད་བྱེད་ཀྱང་ལྷོད་ལ་བབ་ཆགས་ཤིང་།  རྩོམ་པ་པོ་རང་ཉིད་ཀྱི་གཤིས་ཀའི་ཁྱད་ཆོས་དེ་རྩོམ་གྱི་མགོ་མཇུག་ཀུན་ལ་སིམ་ནས་ཡོད་པ་ནི།  ཁོང་གི་སྙན་ངག་གི་སྒེར་གཤིས་ཁྱད་པར་བ་ཞིག་དང་།  རྩོམ་པ་པོ་ཞིག་ལ་མཚོན་ན་རང་གི་བརྩམས་ཆོས་རང་ཉིད་ཀྱི་ཡིན་པའི་ཁྱད་རྟགས་ཤིག་ཀྱང་རེད། 

    སྙན་ངག་གང་དང་གང་ལ་མཚོན་ནའང་རྩོམ་པ་པོའི་ཕྱི་ནང་ལ་སྒྲིབ་གཡོག་མེད་པར་སྟོན་རྒྱུ་དེ་ནི་ཆེས་རྩ་བ་དང་ཆེས་གལ་ཆེ་བ་ཡིན།  ལྷག་པར་སྙན་ངག་གསར་བའི་འོས་འགན་ནི་རིགས་ཀྱི་ཞེན་པ་ཙམ་མ་ཡིན་པར་རྩོམ་པ་པོ་རང་ཉིད་སྒྲིབ་གཡོག་མེད་པར་བཤམས་དགོས་པ་དེ་རེད།  

    དེའི་ཕྱིར།  རྩོམ་པ་པོ་རང་ཉིད་ནི་སྙན་ངག་གི་བརྗོད་བྱའི་སྲོག་རྐང་ཡིན་པའི་ཁྱད་ཆོས་ནི་སྙན་ངག་པ་ཁྱུང་བཟང་ལགས་ཀྱི་སྙན་ངག་རྣམས་ལས་ཀྱང་གསལ་བོར་མངོན་ཐུབ།  གུས་མོ་བདག་ནི་ལོ་རབས་བརྒྱད་ཅུ་བ་ནས་སྙན་ངག་ལ་སློབ་སྦྱོང་དང་འབྲེལ་འདྲིས་བྱས་ཏེ་ཡོང་བའི་ཉམས་མྱོང་གི་ཁྲོད་ནས་སྙན་ངག་ཅེས་པ་དེ་མི་སྒེར་གྱི་འཚོ་བའི་གོམས་གཤིས་ཤིག་ཡིན་པའི་ལྟ་ཚུལ་སྐྱེས་པ་དང་།  གོམས་གཤིས་དེས་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་དང་འཚོ་བར་བརྒྱུས་པའི་རིན་ཐང་གི་ལྟ་བ་མཚོན་པར་བྱེད་དགོས་པ་ཞིག་ཡིན་པའི་ངེས་པ་རྙེད།

    རང་ཉིད་བརྗོད་བྱར་བྱས་པའི་སྙན་ངག་གི་མཛེས་པ་ངོ་མའང་རང་ཉིད་ཇི་ལྟར་བརྗོད་ཐུབ་མིན་གྱི་སྟེང་ན་ཡོད་པ་དང་།  རང་ཉིད་རང་ཉིད་ཡིན་པར་ཟུར་ངོས་གང་རུང་ནས་སྒྲིབ་གཡོག་མེད་པར་སྟོན་ནུས་ན་དེ་ལ་ཀློག་པ་པོ་དག་གིས་ཀྱང་ཡང་དང་བསྐྱར་དུ་བཀླག་རི་བའི་ཁྱད་ཆོས་ཤིག་ཡོད་པར་སེམས།  

    རྒྱུ་མཚན་དེར་བརྟེན་རང་ཉིད་སྙན་ངག་པ་རྣལ་མ་ཞིག་དང་།  རང་ཉིད་རྩོམ་པ་པོ་རྣལ་མ་ཞིག་གི་ལམ་དུ་འགྱུར་བ་མེད་པར་བསྐྱོད་པར་འདོད་ན་ངེས་པར་རང་ཉིད་བརྗོད་བྱར་བྱ་དགོས་པ་ལས།  རང་ཉིད་བརྗོད་བྱར་བྱ་རྒྱུ་གཙོ་གནད་དུ་མི་འཇོག་པར་བརྩམས་ཆོས་རྩོམ་སྐབས་རང་ཉིད་དང་འབྲེལ་བ་མེད་པའི་བྱ་དངོས་གཞན་གྱི་སྟེང་ནས་བརྗོད་བྱ་དང་ཚོར་བ་འཚོལ་བར་བྱས་ན་སྙན་ངག་གི་བླ་དང་སྲོག་སྟོར་བ་རེད།

    གལ་སྲིད་རང་ཉིད་ཀྱི་སྙན་ངག་བརྩམས་ཆོས་ནང་གནད་དོན་འདི་འདྲ་བྱུང་བའི་དབང་དུ་གྱུར་ཡོད་ཚེ་རང་ཉིད་སྙན་ངག་པ་རྣལ་མའི་འཚོ་བ་སྐྱེལ་མཁན་ཞིག་ཏུ་འགྱུར་དཀའ་བ་དང་།  སྙན་ངག་འབྲི་བའང་རང་ཉིད་ཀྱི་སོ་ཚིས་ཀྱི་དགོས་མཁོ་གཉེར་བའི་ཡོ་བྱད་ཙམ་དུ་བསྒྱུར་ནས་ཁ་ནས་སྙན་ངག་ཟེར་གྱིན་ཡོད་ནའང་དོན་གྱི་སྟེང་ནས་སོ་ཚིས་ཀྱི་ཁེ་ཕན་ཙམ་ལ་དམིགས་མཁན་ཞིག་ཏུ་གྱུར་པ་ལས་རང་ཉིད་ལ་སྙན་ངག་པ་ཞེས་པའི་ཡིག་འབྲུ་འདི་གསུམ་གདགས་སའི་གཞི་མེད་པ་ཡིན།

    སྙན་ངག་པ་ཁྱུང་བཟང་ལ་མཚོན་ན།  དེ་འདྲའི་སྙན་ངག་དང་རང་ཉིད་ལ་བར་ཐག་ཕྱེས་ནས་ཡོད་པ་ཞིག་མ་ཡིན་པར་སྙན་ངག་ལ་བློ་དཀར་སེམས་དཀར་

དང་།  རང་སེམས་ཀྱི་སྨོན་པ་དང་རང་ཡིད་ཀྱི་རེ་བ་ཡོད་ཚད་སྙན་ངག་ལ་བཅོལ་

མཁན་གྱི་སྙན་ངག་པ་རྣལ་མ་ཞིག་ཡིན་པས་ད་གཟོད་ཁོང་གི་སྙན་ངག་ལ་གཞན་དང་མི་མཚུངས་པའི་རང་ཉིད་ཀྱི་གཤིས་ཀ་དང་རང་ཉིད་ཀྱི་ཁྱད་ཆོས་མངོན་ཐུབ་ཡོད་པ་རེད།

    སྙན་ངག་པ་ཁྱུང་བཟང་ལགས་ཀྱི་ལྷུག་རྩོམ་སྙན་ངགམ་ཎི་ཁང་གི་འབོལ་གདན་སྟོང་བཡིས་དེ་ལྟར་རིག་གནས་མི་འདྲ་བ་དང་།  རིག་གནས་མི་འདྲ་བའི་མི་རིགས་སྣ་ཚོགས་ཀྱི་ཚེ་སྲོག་གི་རིན་ཐང་ལྟ་ཚུལ་སོགས་གབ་སྦས་བགྱིས་པའི་འབྲི་ཐབས་ལ་བརྟེན་ཏེ།  རང་ཉིད་ཀྱི་དུངས་སྣང་དང་གློ་རྡེག་གི་སྐྱོ་བ་གཉིས་དཀྱུས་གཅིག་ཏུ་བསྲེས་ནས་འདི་ལྟར་ཀློག་པ་པོའི་སྤྱན་ལམ་དུ་བསྟབས་ཡོད་པ་འདིས་བོད་ཀྱི་དུས་རབས་ཀྱི་གསར་རྩོམ་ལ་ཞབས་འདེགས་ཞུས་ཡོད་པ་དང་།  སྒོས་སུ་ཉག་ཕྲ་བའི་ལྷུག་རྩོམ་སྙན་ངག་ལ་གསོན་ཤུགས་རྒྱས་སུ་འཇུག་ནུས་པའི་སྨོན་འདུན་ཡང་ཞུའོ།།



རྩོམ་ཡིག་སྔོན་མ།
ཉམས་རྒུད།
རྩོམ་ཡིག་རྗེས་མ།
སྤྱིའི་དེབ་235པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1