ཉམས་རྒུད།
ཁ་བ། (ལན་གྲུ)
བུད་སོང ཉི་ཟླ་འཆའ་བའི་མེ་ཏོག་གི་སོ་སྒྲ་རྒྱང་དུ་བུད་སོང
ཐག་ཅི་ཙམ་རིང་ན་དེ་ཙམ་རིང་བར་སྨོན
--ཁ་བྱང་གི་འགྲེལ་སྟངས།
འཇའ་ཚོན་འཐུང་བའི་བརྩེ་དུངས་ཀྱི་ས་གཞི
ཚང་སྟན་མེད་པའི་དམར་རྗེན་གྱི་གདོས་བཅས
སེམས་ཀྱི་ཤ་རུས་ཐལ་བ་རྡུལ་དུ་བཟོ་བའི
ཙག་རླུང་གི་མཆེ་སྡེར་དབར་ན
ལྕགས་རྙིར་ཚུད་པའི་ཙི་གུའི་འཁུན་སྒྲ
མཚན་མོའི་མཇིངས་སུ
ས་རྡོ་ལ་འཐིམ་པའི་སྐྱོ་གར་ཞིག
སྡེ་ཆེན་པོའི་རྩེད་ར་ན
བཤད་ནས་མི་ཐུབ་པའི ངུས་ཀྱང་མི་མཚོན་པའི
ཞེན་ཆགས་འཁུར་བའི་རེ་སྨོན་གྱི་སྐར་མ་འོད་ཆེམ་ཆེམ
གསེར་གྱི་རི་བོ་ལས་ལྕི་བའི་ཁ་ཆད་བཙན་པོ
ལོ་ཟླའི་བཞུར་རྒྱུན་གྱི་སྐུད་སྣེ་ན
མེ་དང་ཆུ་ཡིས་ཡང་ཡང་སྒུལ
དོ་ནུབ
བདག་ལ་སུ་ཞིག་གིས
འཆི་གསོན་གྱི་ཁ་དན་ལྟ་བུའི་སྙིང་ཤ་སྦྱར་ཡོད
དག་ཞིང་ལྟ་བུའི དུར་ས་ལྟ་བུའི
བརྩེ་བའི་རྡུལ་སྟེང་གི་འཇིག་རྟེན་འདི་ཡ
མཛའ་གཞས་ལོང་བ་རུ
ཉི་མའི་གྲོང་ཁྱེར་བསྣུབས་པའི་རྦ་རླབས་དམར་པོ་འཕྱུར
དྲན་གདུང་ཚད་མེད་འཕྱོ་བའི་བྱང་ཁོག་ན
རྡོ་ལྕགས་ཀྱིས་གྱེར་བའི་གཞས་ཚིག་ཤི་བོས
ལུས་སེམས་ལ་ཨུ་ཁུང་བརྟོལ་ནས
སྣོད་བཅུད་འདར སྣོད་བཅུད་གཡོ
མེ་ལོང་བཀྱག་ན གློག་སྒྲོན་བཀར་ན
འདར་འཁྱུག་འཁྱུག་གི་སྣང་བའི་ཡ་ཁོག
ཁྲག་རིས་ཕབ་པའི་གཡང་ཏྲིའི་ཕོ་བྲང
དམར་ལྷོག་ལྷོག་གི་ལུས་པོའི་ལྷུ་ལག
རྡོ་ལ་ཐེབས་པའི་བྱུ་རུ་ཆག་རོ
བརྩེ་དུངས་གང་ན་ཡོད
རྩིབ་གུའི་བར་སྟོང་ལས་འུར་བའི་རླུང་གིས
དུར་བྱའི་གཤོག་ལྟེབ་ནས་བཞུར་བའི་གཏན་ཚིག་སྟེ
མི་རྟག་པ མི་རྟག་པ
སྤྲིན་གྱིས་ཟོས་པའི་ཟླ་བའི་རྣམ་ཤེས
རི་གྲོང་འདིའི་ལྷིང་འཇགས་ལས་ཤུབ་བེར་ངུ་དུས
སྒྲོལ་མ་ཞེས་པའི
ཉེ་འགྲམ་གྱི་སྨིན་མ་འབྲི་བཞིན་པའི་ཆུང་གྲོགས་མའི
སྒོ་གླེགས་ལ་གྲིབ་མ་ཁེན་འདོད
འདི་ནི
རི་རབ་དང་གཙང་པོའི་སྒལ་གཞུང་དུ་འཐོར་བའི
ལོ་འདབ་རེའི་སེམས་དང་ན་ཟུག་སྐྲང་ཚུལ
ལོ་ཟླ་མ་ཟེར བར་ཐག་མ་ཟེར
ཡོད་ཚད་ཀྱི་ཡོད་ཚད་སུམ་པའི་སྐར་ཆ་རེ་རེ
རི་མོ་བའི་ལྷད་པ་མེད་པའི
ཚེ་སྲོག་གི་ཚོན་ཁ་སྡེབ་སྟངས
བཤད་མ་ཚར་བའི་སྐད་ཆ
བཏོན་མ་ཚར་བའི་རེ་འདུན
འཇིགས་དངངས་ཚད་མེད་ཅན་གྱི་རྟ་ཕོས
འགྱེལ་མ་ལང་གིས་སྒ་སྲབ་དྲུད་ནས
ཤ་མ་རུས་ཀྱི་སྡོང་བོ་མང་བའི་འཇིགས་རུང་གི་གཡང་དུ་ལྕེབས
ད་གཟོད
བཞི་མདོའི་ལམ་དཀྱིལ་ན་དྲན་གདུང་གིས་ངུ་བའི་བུ་མོ
མ་གཞིར་ཤེལ་དམ་དུ་བཅུག་པའི་སྦྲུལ་གྱི་བེམ་པོ
མི་ཚེའི་དབྱར་གཞུང་གི་འགྲུལ་བཞུད
སྤོས་ཕོར་ལས་ལྡང་བའི་དུ་ཞགས་ཏེ
དུས་གསུམ་གྱི་ལས་སྐལ་སྐྱོམ་པའི
ཁོད་དོག་པའི་ནམ་མཁའ་རུ་འཁྱིལ་འཁོར་དུ་ཆགས
སྨོན་འདུན་ཞུ་ས བྱིན་རླབས་འཕྲོ་ས
ཤེལ་གྱི་སྒྲོལ་སྐུ་ལ་གས་ཆག་ཤོར་འདུག
ཚངས་དབྱངས་རྒྱ་མཚོའི་སྡོམ་ཁྲིམས་ཀྱི་གཤེད་མ
བཤན་གྲིའི་སོ་ཁ་རུ་ཆགས་པའི་མགུར་གླུ་དམར་པོས
རྨ་ཁ་ཁོ་ནའི་དོ་ནུབ་ཀྱི་རྨ་ཁ་ལྡེག
སྙིང་དཀར་ནག་གི་བང་རིམ་གྱི་ཆེས་སྙི་བའི་ཟིན་ཐོ་དག་ཀློག་དུས
དོན་དངོས
བདག་གི་དྲན་གདུང་ལྟ་བུའི་འཁོར་བ་འདིའི་ཕག་ནས
མིག་ཟུང་ཀེམ་ཀེམ་གྱིས
བདག་ལ་ཇོ་ཇོ་ཞེས་འབོད་མཁན་དེ་སུ་རེད
མཚན་མོ་འདི་རིང་བ་ལ
ཤར་ཕྱོགས་ཀྱི་སྐར་མ་མཛོ་འདོགས
གནས་ལ་བཞུད་པའི་བུ་མོའི་གའུ་བཞིན
གཙང་པོས་ཁྱེར་བའི་མེ་ཏོག་སྐེ་ལོ་མ
མཆོད་ཀོང་དུ་ཤི་བའི་ཕྱེ་ལེབ་ཐལ་མདོག་མ
ད་ནི་སྒྲོལ་མའི་རུམ་ཁ་དྲན་ཡང
ད་ནི་སྒྲོལ་མའི་འོ་དྲོད་དྲན་ཡང
ཚོད་ཚོད་དུ
བྱ་གླག་གིས་དེད་པའི་བྱེའུ་ལྗང་གུའི
འཇིགས་དངངས་དང་མིག་ཆུ་ལྟ་བུའི་གཤོག་སྒྲོ་རེ་རེ
སྦྲིད་ཁབ་བཞིན་བདག་གི་དབང་རྩ་རུ་ན་ཟུག་ཐིང་ཐིང
བཅོས་རྫིང་ནང་གི་གསེར་ཉ
དུས་བཞིས་བརྫིས་པའི་གྱོ་མོག་རལ་བོ
སྤྱི་འགྲོས་ཡ་ང་བ་ཞིག་གིས
བརྩེ་དུངས་ཀྱིས་བསྒྱུར་བའི་གདོན་འདྲེ་མཐོང་བས
སྒྲོལ་མའི་ཨག་སྐད་ནི
ཞེ་སེམས་གཏོར་བའི་གདུག་རྩུབ་ཀྱི་འགས་གཏོར
དོ་ནུབ
ངུ་བཞིན་པའི་ནམ་མཁའ་དང་ས་ཆེན
སྡོམ་ཐག་ལྟ་བུའི་བརྡ་འཕྲིན་གྱི་དུངས་བརྗོད་ཁུད་ན་འདར་ཞིང་འདར
ནད་ཡམས་ལྟ་བུའི་མེ་ལྕེ་ཞིག་གིས
བདག་གི་བླ་སྲོག་ཆགས་པའི་ཟིན་དེབ་འཆོས་སོང
འདི་ནི སྒྲོལ་མས་སྐྱེས་པ་གཞན་ཞིག་ལ་བཞག་པའི
ཁྲག་དྲི་འཐུལ་བའི་སྨོན་ཚིག་ཁ་མོ
དོ་ནུབ་ནི
ཆུ་དང་གཙང་པོའི་འཁྲེང་ཞེན་དེ་རྙོག་བཞིན་གདའ
མཚོ་དང་མཚེའུའི་འདང་བརྩེ་དེའང་སྐམ་བཞིན་གདའ
དོ་ནུབ་ཨ
བདག་གི་གནམ་ས་རྦད་དེ་འགྱུར་བའི་དུས་ལོག་རེད
གཏམ་གྱི་ཐ་མ།
ད་ནས་བཟུང
གཉེན་དཔང་དུ་བཞུགས་པའི
རང་བྱུང་ཁམས་ཀྱི་ཡོད་ཚད་རང་གནས་སུ་བཞུད་རོགས
གཏན་དུ་བཞུད་རོགས
2013.1.14