ཐོག་མར་བརྩམས་ཆོས་འདིའི་རྩོམ་པ་པོར་རྒྱུས་ལོན་ཏོག་ཙམ་བྱ་བ་ལ། རྩོམ་པ་པོ་རང་སྒྲ་ལགས་ཀྱི་དངོས་མིང་ལ་ཚེ་རྒྱལ་ཞུ་ཞིང་། ༡༩༦༤ལོར་མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་གི་འབའ་ཁ་སྒང་དུ་སྐྱེས། སྔ་ཕྱིར་ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་དང་། མཚོ་སྔོན་དགེ་ཐོན་སློབ་གྲྭ། མཚོ་སྔོན་སློབ་གསོ་སློབ་གླིང་སོགས་སུ་འགྲིམས་ཤིང་། ༢༠༠༥ལོར་མཚོ་སྔོན་མི་རིགས་སློབ་གླིང་ནས་རྩོམ་རིག་རབ་འབྱམས་པའི་དམ་བཅའ་བཞག རང་སྒྲ་ལགས་ཀྱི་བརྩམས་ཆོས་ལ《 གངས་འདབས་ཀྱི་གཏམ་རྒྱུད 》 ཅེས་པའི་བརྩམས་སྒྲུང་ཕྱོགས་སྒྲིག་དང་། ལོ་རྒྱུས་བརྩམས་སྒྲུང་རིང་མོ《 ཐོན་མི་སམ་བྷོ་ཊ 》 སོགས་ཕུལ་བྱུང་གི་བརྩམས་ཆོས་མང་དག་ཅིག་འདུག ཁོང་ནི་བོད་ཀྱི་རྩོམ་པ་པོ་སྔ་གྲས་ཤིག་ཡིན་ཞིང་། བོད་ཀྱི་རྐང་འཛིན་རྩོམ་པ་པོའི་གྲས་ལས་གལ་ཆེ་བའི་རྩོམ་པ་པོ་གཅིག་ཏུ་བགྲང་ཆོག་ལ། ད་ལྟའང་ཁོང་གིས་མུ་མཐུད་ནས་གསར་རྩོམ་གྱི་རྒྱུན་སྐྱོང་བཞིན་མཆིས། འདིར་ཁོང་གི་ཕུལ་དུ་བྱུང་བའི་སྒྲུང་ཐུང《 བྱི་ལའི་གཏམ་རྒྱུད 》 ཅེས་པ་ཅུང་ཟད་གླེང་བར་བྱ།
《 བྱི་ལའི་གཏམ་རྒྱུད》 ནི་ཟབ་ཚད་ལྡན་པའི་བརྩམས་ཆོས་ཤིག་རེད་ཅེས་པའམ་བོད་ཀྱི་རྩོམ་སྟེགས་ནས་གལ་ཆེ་ཞིང་ཐུན་མོང་མ་ཡིན་པའི་གོ་གནས་གལ་ཆེན་ཞིག་ཟིན་འདུག་ཅེས་པར། རྩོམ་འདིས་མི་གཤིས་(人性)གཙོ་གནད་དུ་བཟུང་སྟེ་གཤག་བཅོས་མཐིལ་ཕྱིན་པ་བྱས་པས་ཡིན་པ་མི་ཚད། ཚད་ངེས་ཅན་ཞིག་ནས་གླེང་ན་བོད་ཀྱི་བརྩམས་སྒྲུང་གིས་མི་གཤིས་རྙེད་པའི་ཐོག་མ་དེ་རེད་ཅེས་བརྗོད་ནའང་མི་ཆོག་པ་མེད་པར་འདོད། རྩོམ་པ་པོས་བྱི་ལའི་ཁྱད་ཆོས་དམ་དུ་བཟུང་ཞིང་། མི་དང་བྱི་ལའི་རང་གཤིས་གཤིབ་བསྡུར་བྱས་པ་བརྒྱུད། མིའི་གཉུག་གཤིས་སམ་མི་གཤིས་བཙོག་པོ་དག་གསོན་ཉམས་ལྡན་པའི་ངང་ཕྱིར་མངོན་ཡོད། སྤྱིར་མི་གཤིས་ཀྱི་ངོ་བོ་དགེ་སྡིག་གང་ཡིན་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་སོ་སོའི་ལྟ་ཚུལ་མི་མཐུན་པ་མང་དུ་མཆིས་ཏེ། ཡེ་ཤུ་ཆོས་ལུགས་ལ་དད་ཆེ་བའི་ནུབ་གླིང་པ་ཚོས་མི་གཤིས་ཀྱི་ངོ་བོ་ནི་སྡིག་ཅན་དུ་སྨྲ་ལ། རྒྱའི་རིག་གནས་ལས་གདོད་མའི་མི་གཤིས་ཀྱི་ངོ་བོ་ནི་དགེ་བའི་ངང་ཚུལ་དུ་འདུག་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་ལྟ་བས་ཤན་ཞུགས་ཆེ་བའི་བོད་ཀྱིས་སྤྱིར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པར་སྨྲ་ལ། ཡང་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པས་སེམས་ཅན་ཀུན་ལ་ཁྱབ་མཉམ་དུ་འཚང་རྒྱ་བའི་རིགས་ཁྱད་པར་ཅན་ཡོད་པ་འདོད་པར་བསྟན། གང་ལྟར་གདོད་མའི་སྲོག་ཆགས་ཀྱི་རང་གཤིས་དང་ཕྱིས་ཀྱི་སྤྱི་ཚོགས་ཀྱི་རང་གཤིས་བཅས་ཁྱད་ཆོས་གཉིས་ལྡན་གྱི་མི་ནི་དགེ་སྡིག་གཉིས་སྣང་གི་ཕུང་བོ་ཅན་ཞིག་དང་། འགལ་བ་འདུག་པའི་ཁྱད་ཆོས་དེ་གཉིས་མིའི་གདོད་མའི་རང་གཤིས་སུ་གཅིག་ལ་གཅིག་བརྟེན་གྱིས་གཞི་གཅིག་ལ་གནས་འདུག་པ་ནི་ཆོས་ཉིད་དུ་གྲུབ། མི་གཤིས་དེ་ཉིད་བརྩམས་སྒྲུང་གི་ལམ་ནས་མཚོན་པར་བརྩམ་ཚེ་དེར་དམིགས་བསལ་གྱི་རིན་ཐང་ངེས་པར་ལྡན་པ་སྟེ། “མི་གཤིས་ནི་བརྩམས་སྒྲུང་གི་ཆེས་མཇུག་མཐའི་ཟབ་ཚད་ཡིན་པས་སོ”ཞེས་རྒྱ་ནག་གི་རྩོམ་རིག་དཔྱད་བརྗོད་པ་དང་རྩོམ་པ་པོ་ཚའོ་ཝུན་ཞོན་གྱི་《 བརྩམས་སྒྲུང་ལ་འཇུག་པའི་སྒོ 》 ( 小说门 )ལས་གསུང་། བརྩམས་སྒྲུང་འདི་ལ་སྒྱུ་རྩལ་གྱི་ཆ་ནས་ཀྱང་སྔོན་ལས་ལྷག་པའི་ཐོལ་བརྒལ་ཆེན་པོ་ལྡན་པར་སྙམ། ཚའོ་ཝུན་ཞོན་གྱིས་《 བརྩམས་སྒྲུང་ལ་འཇུག་པའི་སྒོ 》ལས་“ཚགས་དམ་པའི་བྱུང་རིམ་བཀོད་སྒྲིག་ལས་ཕུལ་དུ་བྱུང་བའི་སྒྲུང་ཐུང་ཐོན་ཐུབ་ཀྱང་སྒྲུང་རིང་ལེགས་གྲས་བསྐྲུན་དཀའ་བ་ཡིན”ཞེས་པ་ལྟར། སྤྱིར་བཏང་གི་དབང་དུ་བྱས་ན་སྒྲུང་ཐུང་ལེགས་གྲས་ནང་མི་སྣ་ལས་བྱུང་རིམ་རྙེད་སླ་ཞིང་སྙེག་ཐུབ་པ་དང་། ལྷག་ཏུ་བྱུང་རིམ་ལ་དང་དོད་བྱས་ཟེར་མོད། 《 བྱི་ལའི་གཏམ་རྒྱུད》ནི་དེ་ལས་འདས་པ་ཞིག་སྟེ། འདིའི་ནང་དུ་ཕ་གྲགས་པ་འབྱུང་གནས་ཀྱིས་སྐེ་རྒྱན་ཉོས་པ་དང་ཨ་མཆོད་ཀྱིས་ཁོ་ཚང་ལ་རིམ་གྲོ་བསྒྲུབས་ཏེ་སྐེ་རྒྱན་གཡོ་ཐབས་ཀྱིས་ལེན་པའི་དོན་རྐྱེན་རེ་གཉིས་ལས་མགོ་རྔ་ཚང་ཞིང་མུ་ཏིག་བསྟར་ལ་བརྒྱུས་འདྲའི་བྱུང་རིམ་བཀོད་སྒྲིག་ནི་ཧ་ལམ་མེད། ཚུལ་འདི་ལས་སྒྲུང་འདིས་བོད་ཀྱིས་དེང་རྩོམ་གྱི་ཁྲོད་ནས་ཐོལ་བརྒལ་བྱུང་བའི་གྲུབ་འབྲས་མངོན་དུ་རུང་བ་བླངས་ཡོད་པ་མཚོན་ཐུབ། ལྷག་པར་དུ་བརྩམས་ཆོས་འདིའི་ཕུལ་དུ་བྱུང་བའི་ཆ་གཙོ་བོ་ནི་ཞིབ་འབྲི་ཆེན་པོ་གསུམ་བརྒྱུད་ཡོད་པ་སྟེ། བྱི་ལས་ཙི་གུ་འཛིན་ཚུལ་དང་བདག་པོས་རྟོལ་ཕྲུག་འཇིག་རྟེན་ལ་སླེབས་མ་ཐག་མ་བུ་ཁ་ཁ་ཕྱེས་པའི་སྐབས་དང་། མཛོ་མོ་བཤའ་སྐབས་སོགས་བརྗོད་དོན་སྔ་མ་སྔ་མས་ཕྱི་མ་ཕྱི་མ་དྲངས་འོངས་པ་དེ་ལས་མིའི་གདུག་རྩུབ་དང་འདོད་ཧམ་མཐོང་ཐུབ་ཅིང་། སྐྱོ་གར་གྱི་རང་བཞིན་ཡང་ཆེན་པོ་ལྡན་འདུག གལ་སྲིད་བརྩམས་སྒྲུང་གི་ཐབས་རྩལ་ལ་བྱང་བའི་རྩོམ་པ་པོ་ཞིག་ཡིན་ཚེ། ཀྱག་ཀྱོག་གི་བྱུང་རིམ་དང་མཚར་ལ་རིང་བའི་གཏམ་རྒྱུད་དེ་དག་སྤངས་ནས་ཕུན་སུམ་ཚོགས་པའི་ཡིད་བརྙན་དང་གནད་དུ་ཐིངས་པའི་ཞིབ་འབྲི་བཅས་ལ་བརྟེན་ནའང་སྒྲུང་ཐུང་ཕུལ་དུ་བྱུང་བ་མི་གྲུབ་པའི་ངེས་པ་ཁྱོན་ནས་མེད་པར་ར་སྤྲོད་བྱས་འདུག འདི་ནི་ཟབ་ཚད་ལྡན་པའི་བརྩམས་སྒྲུང་ཞིག་ཏུ་ཁོ་བོས་འདོད། ཕྱིན་ཆད་ནས་ཀྱང་འདི་ལྟ་བུའི་ཕུལ་དུ་བྱུང་བའི་བརྩམས་སྒྲུང་བརྩམ་གནང་ཡོང་བའི་སྨོན་འདུན་ཡང་ཡང་ཞུའོ།།