༄༅།། བོད་ཀྱི་རིག་གནས་འཕེལ་རིམ་ནང་གི་འཛམ་གླིང་རང་བཞིན་ལ་དཔྱད་པ།

དགྲ་ལྷ་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།དགྲ་ལྷ་བཟང་པོའི་ཆེད་རྩོམ་ཕྱོགས་བསྒྲིགས། སྤེལ་དུས། 02-07


          དེང་གསར་འགྱུར་ཆ་འཕྲིན་དར་རྒྱས་ཆེས་ཆེར་འགྲོ་བའི་དུས་སྐབས་འདིར། འཛམ་གླིང་ས་གནས་ཁག་དང་མི་རིགས་ཁག་གི་རིག་གནས་རང་སོར་མ་བསྡད་པར། ཕན་ཚུན་ཕོག་ཐུག་དང་འདྲེས་སིམ་ཤུགས་ཆེས་འགྱུར་བ་སྔ་ན་མ་མཆིས་པར་འགྲོ་བཞིན་ཡོད་པ་དང་། ཆབས་ཅིག་སྔར་མཐོང་ཐོས་དྲན་རེག་གང་ཡང་བྱུང་མྱོང་མེད་པའི་ཡ་མཚན་ཆེ་བའི་གནས་ཚུལ་མང་པོ་ཞིག་མིག་ཡིད་རྣ་བའི་ཡུལ་དུ་མངོན་སུམ་དུ་འཆར་རྒྱུ་ཡོད་པ་དེ་ཚོའི་ཐོག་ནས་ང་ཚོར་རང་མི་རིགས་ཀྱི་དར་རྒུད་སྐོར་ལ་བསམ་གཞིགས་མ་བྱེད་རང་བྱེད་ཀྱི་དྲི་བ་མང་དག་ཅིག་འཐོན་བཞིན་ཡོད། འོན་ཀྱང་རང་རེའི་མི་རིགས་འདི་ཉིད་མྱོས་བྱེད་ཀྱི་བཏུང་བར་དགའ་དྲགས་པས་བསམ་གཞིགས་བྱེད་ལོང་མ་བྱུང་བ་ཡིན་ནམ། ཡང་ཆོས་དད་ཆེ་བའི་རྐྱེན་གྱིས་བཏང་སྙོམས་སུ་བཞག་པ་ཡིན་ནམ། གང་ལྟར་ཚང་མས་བོད་ཀྱི་རིག་གནས་ཀྱི་མདུན་ལམ་དང་འབྲེལ་བའི་གནས་ཚུལ་དེ་དང་དེའི་སྐོར་ལ་བསམ་གཞིགས་ནན་ཏུར་མ་བྱས་ཚེ། མ་འོངས་པར་བོད་ཀྱི་རིག་གནས་འདི་ཡིན་ཞེས་མཛུབ་མོ་འཛུགས་ས་མེད་པ་ཞིག་ཆགས་པ་ཡིན་ན། སྤྱིར་འཛམ་གླིང་སྤྱི་དང་ཡས་སྒོས་མེས་པོ་དང་བུ་རབས་ཚ་རྒྱུད་རྣམས་ལ་ངོ་གནོང་དགོས་པ་ཞིག་ཡོང་ངེས་ཡིན་གཤིས། བློ་དམན་བདག་ནས་ཀྱང་རང་ཉིད་དུས་རབས་ཀྱི་མི་ཞིག་ཡིན་པའི་ཆ་ནས་དུས་རབས་འདིའི་ནང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེས་ཆེར་བྱ་བའི་གནད་དོན་འགའ་ཞིག་ལས། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ངོས་འཛིན་བསྐྱར་མ་བྱེད་ཕྱོགས་དང་བོད་ཀྱི་རིག་གནས་དང་འཛམ་གླིང་ས་གནས་གཞན་དང་མི་རིགས་གཞན་གྱི་རིག་གནས་བར་གྱི་ཕན་ཚུན་འབྲེལ་བ་ཇི་ལྟར་ཡོད་ཚུལ་བཅས་ཀྱི་སྟེང་ནས་བོད་ཀྱི་རིག་གནས་ཀྱི་འཛམ་གླིང་རང་བཞིན་ལ་དཔྱད་པའི་རྩོམ་ཡིག་ཐུང་ངུ་འདི་སྤེལ་བ་ལགས་ན། བློ་དང་ལྡན་པ་རྣམས་ནས་ཐག་གཅོད་རང་བཞིན་མ་ཡིན་པའི་དཔྱད་རྩོམ་འདིར་མ་དག་དག་བཅོས་དང་། ལོག་རྟོག་སུན་འབྱིན། བླང་དོར་འཇུག་ལྡོག་བཅས་ཀྱི་དགོངས་འཆར་ལྷུག་སྩོལ་གནང་བར་འཚལ།
དང་པོ། བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་དང་དབྱེ་བ་མདོར་བསྟན་པ།
          ང་ཚོས་རིག་གནས་ལོ་རྒྱུས་སྐོར་གླེང་འདོད་ན། དང་ཐོག་“རིག་གནས་”ཞེས་པའི་ཐ་སྙད་དེར་གོ་བ་ཆ་ཚང་བ་ཞིག་ལོན་དགོས། འོན་ཀྱང་“རིག་གནས་”ཞེས་པའི་ཐ་སྙད་དེར་མཚན་ཉིད་འཇོག་ཚུལ་སྣ་ཚོགས་བྱུང་བ་སྟེ། མིའི་རིགས་རིག་པའི་ཁམས་པ་གྲགས་ཅན་ཐའེ་ལོས“རིག་གནས་ནི་ཤེས་ཡོན་དང་། དད་མོས། སྒྱུ་རྩལ། སྤྱོད་ལམ། ཁྲིམས་ལུགས། གོམས་གཤིས། དེ་བཞིན་མིའི་རིགས་ཀྱིས་སྤྱི་ཚོགས་ཀྱི་ཁོངས་མིའི་ཕྱིར་སྤྱི་ཚོགས་སྟེང་ནས་བསླབས་ཡོང་བའི་ནུས་པ་དང་གོམས་གཤིས་སོགས་གཅིག་ཏུ་འདུས་པའི་རྙོག་འཛིང་གི་ཕུང་པོ་ཞིག་ཡིན་”ཞེས་བསྟན་པ་དང་། ཏིག་སུང་གིས“རིག་གནས་ནི་བྱེད་སྒོ་དང་། གོམས་གཤིས། དད་མོས་བཅས་ཚང་མ་ཚུད་པའི་སྤྱི་བསྡོམས་ཤིག་རེད་”ཅེས་ཟེར་བ།  ཨེར་ཨུ་ཏེ་ཡིས་“རིག་གནས་ནི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་གམ་ཡང་ན་ཡོ་བྱད་ལམ་ལུགས་བཟོ་བའི་བརྒྱུད་རིམ་ཞིག་རེད་”ཅེས་བརྗོད་པ། གཞན་ཡང་《མི་དང་རིག་གནས་》ཞེས་པའི་དཔེ་དེབ་ཀྱི་ནང་དུ་“རིག་གནས་ནི་མི་རིགས་ཀྱི་འཚོ་བའི་རྣམ་པ་ཞིག་རེད་”སོགས་མང་དུ་བྱུང་བ་ལྟར་དང་། དེ་བཞིན་བོད་ཡིག་གི་སྒྲ་བཤད་དབང་དུ་བྱས་ན། རིག་པར་བྱ་བའི་གནས་སམ་ཤེས་པར་བྱ་བའི་གནས་ཞེས་ཤེས་བྱེད་རིག་པ་བློས་ཤེས་བྱའི་གནས་ལུགས་ཀུན་ཤེས་པར་བྱ་བ་ལ་གོ་བར་འདུག་ཅིང་། གཞན་ཡང་ལོ་རྒྱུས་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ནང་མི་རྣམས་ཀྱི་འཚོ་བའི་སྤྱོད་སྟངས་ལ་རིག་གནས་ཞེས་ངོས་འཛིན་གྱི་ཡོད། དེ་ཡང་དགོས་མེད་འཚོ་བའི་སྤྱོད་སྟངས་ལ་རིག་གནས་ཞེས་ངོས་འཛིན་གྱི་ཡོད། དེ་ཡང་དགོས་མེད་ཚིག་རྙོག་བསྐྱུར་ཏེ་རྡོ་དོན་སྙིང་པོར་བསྒྲིལ་ཏེ་བརྗོད་ན། མིའི་རིགས་ཀྱི་བསམ་པའི་ལོངས་སྤྱོད་དང་དངོས་པོའི་ལོངས་སྤྱོད་ཡོད་དོ་ཅོག་རིག་གནས་ཀྱི་ཁོངས་སུ་འདུ་བ་ཡིན་ལ། སྟབས་བདེ་ཙམ་གྱིས་བཤད་ན། འགྲོ་བ་མིའི་འགུལ་སྐྱོད་ལ་རིག་གནས་ཞེས་བརྗོད་ཀྱང་ཆོག 
          དེས་ན་སྔར་སྲིད་པ་ཆགས་པ་ནས་ད་བར་གངས་ལྗོངས་ས་མཐོའི་སྟེང་དུ་འདུས་སྡོད་བྱེད་པའི་བོད་མི་རིགས་འདིས་ཀྱང་འཛམ་གླིང་གི་མི་རིགས་གཞན་དང་འདྲ་བར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བསམ་པའི་དཔལ་ཡོན་དང་དངོས་པའི་དཔལ་ཡོན་སྣ་ཚོགས་ཚུད་པའི་འཛམ་གླིང་ཡང་རྩེའི་རིག་གནས་གསར་སྐྲུན་བྱས་ཡོད་ལ། དེར་རྒྱ་མི་རིགས་ཀྱི་རིག་གནས་དང་འདྲ་བར་མི་ལོ་སྟོང་ཕྲག་ལྔ་ཡན་གྱི་ལོ་རྒྱུས་ཡོད་ཅེས་སྤོབས་པའི་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཆོག་པ་ནི་གནའ་རྫས་རྟོག་ཞིབ་ལས་ར་སྤྲོད་བྱས་ཡོད། དེ་ཡང་གནའ་རྫས་རྟོག་ཞིབ་བྱེད་སྐབས་ད་ཕན་བོད་ལྗོངས་ཁྱོན་དུ་ས་རིམ་འབྲེལ་བ་གསལ་བའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་ཤུལ་རྙེད་སོན་བྱུང་མེད་ནའང་། དིང་རི་དང་། ཤན་རྩ། རུ་ཐོག སྤུ་ཧྲེང་། སྐྱིད་གྲོང་སོགས་ནས་རྡོ་ཆས་རྙིང་མའི་ཁོངས་སུ་གཏོགས་པའི་རྡུང་བཟོས་རྡོ་ཆས་ཐོར་བུ་གསར་རྙེད་བྱུང་བ་དང་། གཞིས་རྩེ་དང་། ནག་ཆུ། ཤན་རྩ། དཔལ་མགོན། གཉའ་ནང་། འབྲོང་པ། རུ་ཐོག ས་དགའ་སོགས་ནས་རྡོ་ཆས་ཕྲ་མོའི་དམར་དཔེ་ངོ་གྲངས་ཆིག་སྟོང་ཙམ་གསར་རྙེད་བྱུང་བ། དེ་བཞིན་ཆབ་མདོའི་མཁར་རོ་དང་ལྷ་སའི་ཆུ་གོང་གི་རྡོ་ཆས་གསར་མའི་དུས་རབས་ཀྱི་གནས་ཤུལ་ནས་རྡོ་ཆས་དང་། རུས་ཆས། རྫ་ཆས། མཁར་ཤུལ་འབོར་ཆེན་གསར་རྙེད་བྱུང་བ་བཅས་ལས་བོད་མི་རིགས་ཀྱི་རིག་གནས་ལ་མི་ལོ་སྟོང་ཕྲག་ལྔ་ཡན་གྱི་ལོ་རྒྱུས་ཡོད་པར་བདེན་དཔང་བྱས་ཡོད།
          དེ་བཞིན་བོད་ཀྱི་ཡིག་ཐོག་རིག་གནས་ལ་ཡང་མི་ལོ་སྟོང་ཕྲག་གསུམ་ཙམ་གྱི་ལོ་རྒྱུས་ཡོད་ཅེས་སྨོས་ཆོག་སྟེ། 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་》ཞེས་བྱ་བ་ལས།
          “སྟག་གཟིག་དང་། ཞང་ཞུང་། རྒྱ་གར། བྲུ་ཤ་སོགས་ཀྱི་མཁས་པ་ཞང་ཞུང་སྟོང་རྒྱུད་མཐུ་ཆེན་དང་། སེ་ཤྭ་རི་དབུ་ཆེན། མེ་སྟག་ལྕ་ཙ་མཁར་བུ། ལྡེ་ཁྱིམ་ཚ་རྨ་ཆུ་བཞི་ཡིས་གཡུང་དྲུང་བོན་བསམ་གྱིས་མི་ཁྱབ་པ་ཞིག་ཞང་ཞུང་རྨར་གྱི་སྐད་ལས་པུར་རྒྱལ་བོད་ཀྱི་སྐད་དུ་བསྒྱུར།”
          ཅེས་དང་། ཞང་ཞུང་གི་ཡི་གེ་ནི་སྟོན་པ་གཤེན་རབ་མི་བོ་ཆེས་མཛད་ཚུལ་བོན་གྱི་ལོ་རྒྱུས་རྣམས་སུ་ཡོངས་སུ་གྲགས་པ་ལྟར། 《ལེགས་བཤད་རིན་པོ་ཆེའི་མཛོད་》ལས། “ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང་ཕུབ།།”ཅེས་སོགས་བྱུང་བ་ལས་ཀྱང་ར་འཕྲོད་ཐུབ། གཞན་ཡང་《གཟི་ཡི་ཕྲེང་བ་》ལས།
“བོད་ཀྱི་ཞང་ཞུང་རྨར་ཡིག་སྤྱད་པ་དེའང་བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སམ་དེའི་གོང་ཙམ་ནས་བྱུང་བ་ཡིན་དགོས།”
          ཞེས་བྱུང་བ་ལྟར་གནའ་རབས་མདོས་གཏོང་བ་དང་། སྲི་འདུལ་བ། གཡང་འབོད་པ། ཇུ་ཐིག་གི་མོ་རྒྱག་པ། སྨན་དཔྱད་བྱེད་པ་སོགས་ཀྱང་བརྡ་སྤྲོད་ཀྱི་མ་ཕྱི་ཡིག་རིགས་ཤིག་ལ་མ་བརྟེན་ཐབས་མེད་ཡིན་ལ། སྐབས་དེར་ཞང་ཞུང་རྨར་ཡིག་ལ་བརྟེན་ཡོད་པ་ནི་དོས་ཤུགས་གང་རུང་ནས་དཔོག་ཐུབ།
གོང་གསལ་གནས་ལུགས་ཀྱི་སྟེང་ནས། སྤྱིར་ཞང་ཞུང་ཚུད་པའི་བོད་ཀྱི་རིག་གནས་ལ་མི་ལོ་ལྔ་སྟོང་ཡན་གྱི་ལོ་རྒྱུས་དང་། བྱེ་བྲག་ཞང་ཞུང་ཚུད་པའི་བོད་ཀྱི་ཡིག་ཐོག་རིག་གནས་ལ་མི་ལོ་སུམ་སྟོང་ཙམ་གྱི་ལོ་རྒྱུས་ཡོད་ཅེས་ཆོད་བསྡོམས་བྱེད་ཆོག
          འོ་ན་བོད་ཀྱི་ལོ་རྒྱུས་ཐོག་ཞང་ཞུང་ཚུད་པའི་བོད་ཀྱི་རིག་གནས་ལ་དབྱེ་རིམ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། གཉུག་མའི་དུས་སུ་སྒྲུང་དང་། ལྡེའུ། བོན་གསུམ་ཙམ་དུ་དབྱེ་སྲོལ་བྱུང་བ་དང་། དེ་ནས་རིག་པའི་གནས་བཅུར་དབྱེ་སྲོལ་བྱུང་བ་ཡིན་འདུག དེ་ཡང་ཡོངས་གྲགས་ལྟར་ན་རིག་པའི་གནས་བཅུར་དབྱེ་བའི་སྲོལ་ནི་འཕགས་ཡུལ་གྱི་སངས་རྒྱས་ཆོས་ལུགས་བོད་ལ་དར་རྗེས་གཞི་ནས་བྱུང་བ་ཞིག་ཏུ་སྣང་ཡང་། བོན་པོ་རྣམས་ཀྱིས་སྟོན་པ་གཤེན་རབ་མི་བོ་ཆེའི་དུས་ནས་ཀྱང་ཡོད་པར་འདོད་དེ། 《སྨན་རྒྱུན་ཉི་མའི་དབང་པོ་》ལས།
          ལོག་རྟོག་ཚར་གཅོད་སྒྲ་དང་ཚད་མ་གཉིས།།
          སེམས་ཅན་རྗེས་བཟུང་བཟོ་དང་གསོ་བ་གཉིས།།
          ཡང་དག་ཀུན་ཤེས་གནས་ལུགས་ཟབ་མོའི་དོན།།
          འདི་ལྔ་ཤེས་ན་མཁས་པ་ཆེན་པོར་གྲགས།།
          ཞེས་དང་། རིག་པའི་གནས་ཆེ་བ་ལྔའི་ཡ་གྱལ་སྒྲ་རིག་པའི་ཁོངས་སུ་རིག་པའི་གནས་ཆུང་བ་ལྔ་འདུ་ཚུལ་སྐོར་ལའང་《ཀུན་གསལ་བྱམས་པའི་སྨོན་ལམ་》ལས།
          གྲངས་ཀྱི་གནས་རྣམས་ཤེས་པའི་སྐར་རྩིས་དང་།།
          རྩོམ་པའི་རྒྱན་དུ་གྱུར་པའི་སྙན་ངག་དང་།།
          མིང་གི་གནས་ལ་མི་རྨོངས་མངོན་བརྗོད་དང་།།
          བཅད་ལྷུག་ཚིགས་ལ་མི་རྨོངས་སྡེབ་སྦྱོར་དང་།།
          སྐད་རིགས་སྒྲ་ལ་མི་རྨོངས་ཟློས་གར་དང་།།
          ཞེས་སོགས་བྱུང་བ་དང་། 《རྒྱལ་རབས་གསལ་བའི་མེ་ལོང་》ལས་ཀྱང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐོར་བརྗོད་སྐབས།
          “རྒྱལ་བུ་དེ་ནར་སོན་དུས་བཟོ་དང་རྩིས་དང་། སྒྱུ་རྩལ་དང་རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་པས་བློན་པོ་རྣམས་ན་རེ། འོ་ཅག་ཚོའི་རྗེ་འདི་ནི་ཡོན་ཏན་དུ་མ་ལྡན་ཏེ། ཐུགས་ཤིན་ཏུ་སྒམ་མོ་ཟེར་བས། མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས།”
          ཞེས་སོགས་བྱུང་བས། དེ་ལྟར་ན་བོད་རྒྱལ་སྲོང་བཙན་སྒམ་པོའི་གོང་ནས་ཀྱང་བོད་ལ་རིག་པའི་གནས་ལྔའམ་བཅུར་དབྱེ་བའི་སྲོལ་ཡོད་པས་ངེས་ཤིང་། ཁྱད་པར་བོན་གྱི་བསྟན་པ་དར་བ་དང་བོན་དང་འབྲེལ་བའི་བཅུ་ཕྲག་རིག་པ་ཞིག་ཀྱང་ཡོད་དགོས་སྟབས། ཐུན་མོང་མ་ཡིན་པ་སྟེ་ནང་དོན་རིག་པ་ཕུད། དེ་བྱིངས་ཐུན་མོང་རིག་གནས་རྣམས་ལ་བན་དང་བོན་གྱི་དབྱེ་བ་ཆེར་མེད་པས་ཕྱོགས་ལྷུང་འཐེན་འཁྱེར་གྱིས་སྦུགས་འཐུམས་ནས་མ་བསྡད་པར་བརྗོད་གཞི་དེའི་ཐད་སླད་ཆར་ཕྱོགས་ཀུན་ནས་རྟོག་དཔྱོད་གནད་སྨིན་བགྱིས་ཏེ་ཆོས་བསྡོམས་ཡང་དག་པ་ཞིག་ཀྱང་འཇོག་དགོས་ངེས་ཡིན།
གཉིས་པ། བོད་ཀྱི་རིག་གནས་ཀྱི་སྒོ་དབྱེའི་རང་བཞིན།
          ཁོ་བོས་འདིར་བརྗོད་པར་བྱ་བའི་“སྒོ་དབྱེའི་རང་བཞིན་”ཟེར་བ་ལ་ནང་དོན་གཉིས་ཡོད་དེ། གཅིག་ནི་བོད་ཀྱི་རིག་གནས་ཀྱིས་འཛམ་གླིང་ས་གནས་ཁག་དང་མི་རིགས་ཁག་གི་རིག་གནས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་པའི་སྐོར་དང་། གཉིས་ནི་བོད་ཀྱི་རིག་གནས་ལ་འཛམ་གླིང་ས་གནས་ཁག་དང་མི་རིགས་ཁག་གི་རིག་གནས་ཀྱིས་ཤུགས་རྐྱེན་ཇི་ལྟར་ཕོག་ཡོད་ཚུལ་སྐོར་རོ།།
          ༡.རིག་གནས་ཀྱི་གཤིས་ཀ་ནི་ཕྱིར་ཕྱོགས་པ་ཞིག་ཡིན་དགོས་པས། སྒོ་དབྱེ་དང་སྤེལ་རེས་ནི་རིག་གནས་འཁྲུག་ཏུ་གཏོང་བ་དང་དར་རྒྱས་སུ་གཏོང་བའི་ལམ་བུ་ཉག་གཅིག་ཡིན་ན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་བོད་མི་རིགས་ཀྱིས་ཀྱང་འཛམ་གླིང་ཧྲིལ་པོའི་རིག་གནས་ཀྱི་འགྲོས་དང་བསྟུན་པའི་སྒོ་ནས་ཕྱི་འོང་རིག་གནས་ལ་སྒོ་དབྱེའི་རྣམ་འགྱུར་བཟུང་ཡོད་ལ། དུས་མཚུངས་ཕྱི་ཕྱོགས་རིག་གནས་ལ་ཤུགས་རྐྱེན་བཟོ་གང་ཐུབ་བྱས་ཡོད། མ་གཞི་བོད་ཀྱི་རིག་གནས་ཀྱིས་ཕྱི་ཕྱོགས་རིག་གནས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ལུགས་སྐོར་ཞིབ་པར་སྨོས་པའི་དགོས་པ་ཆེར་མ་མཐོང་ཡང་། སྐབས་འདིར་དགོས་པའི་དབང་དུ་མདོ་ཙམ་བརྗོད་ན། འཛམ་གླིང་ཐོག་བོད་ཡིག་ཁྱབ་སྤྱོད་བྱ་བའི་ས་ཁུལ་ནི་ཤིན་ཏུ་རྒྱ་ཆེ་བ་སྟེ། སྤྱིར་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སྟེ་བོད་རིགས་འདུས་སྡོད་བྱ་ཡུལ་གྱི་ས་ཁུལ་ནི་ཤིན་ཏུ་རྒྱ་ཆེ་བ་སྟེ། སྤྱིར་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སྟེ་བོད་རིགས་འདུས་སྡོད་བྱ་ཡུལ་གྱི་ས་ཁུལ་སྤྱི་དང་། བྱེ་བྲག་འབྲས་ལྗོངས་དང་། འབྲུག་པ། ལ་དྭགས། མོན་པ། ཤར་པ། རྟ་མང་སོགས་སུའང་བོད་ཀྱི་སྐད་ཡིག་ཡོངས་ཁྱབ་ཏུ་སྦྱོང་སྤྱོད་བྱེད་པ་ཕུད། དེ་མིན་སོག་པོའི་ཡུལ་དུའང་མདོ་སྔགས་ཆོས་དང་འབྲེལ་ཡོད་རྣམས་བོད་ཡིག་རང་གི་ཐོག་ནས་ཀློག་འདོན་བྱེད་པ་དང་། སྔར་འབར་མ་བ་རྣམས་ཀྱང་བོད་རིགས་ལས་མཆེད་པར་བཤད་སྟབས། འབར་མའི་སྐད་བོད་སྐད་བར་འབྲེལ་བ་ཧ་ཅང་ཟབ། དེ་བཞིན་ཨང་ཀིའི་སྐོར་ནས་བཤད་ནའང་། བོད་པའི་ཨང་ཀི་དེ་ཨ་རབ་ཀྱི་ཨང་ཀི་དང་འདྲ་འབྲེལ་ཆེ་ཞིང་། ཨ་རབ་ཨང་ཀི་དེ་ཡང་རྒྱ་གར་ནས་བྱུང་བ་ཡིན་པར་གྲགས་ན་ཆུ་མགོ་གངས་ལ་ཐུག་པ་ཇི་བཞིན། བོད་ཀྱི་ཨང་ཀི་དེ་རྒྱ་གར་བརྒྱུད་ཨ་རབ་ལ་ཕར་དར་བ་ཡིན་ནམ། ཡང་ན་རྒྱ་གར་གྱི་ཨང་ཀི་ཨ་རབ་དང་བོད་ཕྱོགས་སོ་སོར་དར་བ་སོགས་གང་ཡིན་བརྟག་དགོས་ཀྱང་། དོན་ལ་བོད་དང་། རྒྱ་གར། ཨ་་རབ་བཅས་གསུམ་གྱི་ཨང་ཀིའི་བར་འབྲེལ་བ་དམ་ཟབ་ཡོད་པར་ངེས་ཤིང་། དེ་བཞིན་གྲངས་འདྲེན་བྱེད་སྟངས་ཐད་ལའང་བོད་དང་ཉི་ཧོང་གི་གྲངས་གཅིག་གནས་བཅུ་བར་ཤིན་ཏུ་འདྲ་པོ་ཡོད་ཚུལ་སོགས་ཕྱོགས་མང་པོའི་ཐོག་ནས་འཛམ་གླིང་གི་ལོ་རྒྱུས་ཐོག་བོད་ཀྱི་རིག་གནས་ཀྱིས་ཨེ་ཤེ་ཡ་ཤར་ནུབ་དང་ཡོ་རོབ་ཤར་ནུབ་སོགས་འཛམ་གླིང་ས་གནས་ཁག་དང་མི་རིགས་ཁག་གི་རིག་གནས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ལུགས་མངོན་ཐུབ། དེ་ཡང་འཛམ་གླིང་གི་རྒྱལ་ཁབ་གང་ཞིག་དང་མི་རིགས་གང་གི་རིག་གནས་གང་ཞིག་ཡིན་རུང་ཆབ་སྲིད་དཔལ་འབྱོར་གྱི་རྨང་གཞི་དང་ཁ་བྲལ་ཏེ་རང་བཞིན་གྱིས་གྲུབ་པའམ་དར་རྒུད་དུ་སོང་བ་ཞིག་མིན་ན། བོད་ཀྱི་རིག་གནས་ཀྱིས་འཛམ་གླིང་ས་གནས་གཞན་དང་མི་རིགས་གཞན་གྱི་རིག་གནས་ལ་ཤུགས་རྐྱེན་ཐེབས་འགོ་ཚུགས་པའི་དུས་ནི་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་མངའ་ཐང་རྒྱས་འགོ་ཚུགས་པའི་དུས་སྐབས་ལ་ངོས་འཛིན་དགོས་པས། དེ་ཡང་ཐུ་བྷོད་བཙན་པོའི་སྐབས་ཙམ་ལ་རིགས་འདེབས་བྱས་ན་ཆོག་ཅིང་། 《ཡིག་ཚང་མ་ཧཱ་རུས་སྦལ་》ལས་“དེང་གི་དུས་ལ་སྟོབས་ཤུགས་ཧ་ཅང་ཆེ་བ་ནི་ཐུ་བྷོད་ལས་མེད་”ཅེས་དང་། 《ཐང་ཡིག་གསར་རྙིང་》ལས་ཀྱང་“ནུབ་འཇང་གི་ས་ཆར་ཐུ་བྷོད་ཀྱི་སྟོབས་ཤུགས་ནི་ཧ་ཅང་ཆེ་”ཞེས་པ། དེ་བཞིན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་》ལས་ཀྱང་།
          “རྒྱལ་པོ་སྲོང་བཙན་གྱིས་དབང་བསྒྱུར་བའི་རྒྱལ་ཁམས་ནི་ཤར་དུ་ལྷ་སའི་རྡོ་རིང་ལ་གསལ་བ་སྟེ་ད་ལྟའི་ལན་ཇོ་ཉེ་བའི་བར་དང་། ཡུན་ནན་གྱི་ས་ཆ་ཕལ་ཆེ་དང་བཅས་པ་དང་། ལྷོར་བལ་ཡུལ་དང་ཏི་ར་ཧུ་ཏའི་ཡུལ་གངྒ་ལ་ཐུག་པ་དང་། ནུབ་ཏུ་ནི་མངས་རིས་ཀྱི་ཁོངས་ཡོངས་སུ་རྫོགས་པ་བླ་དྭགས་དགུ་དང་བཅས་པ།  བྱང་དུ་ལི་ཡུལ་མཐོང་ཁྱབ་སྡེ་ལྔ་སི་ཉ་གྷ་ཡུ་གུར་དང་བཅས་ད་ལྟའི་ཨ་རུ་སིའི་རྒྱལ་ཁམས་སུ་འདབས་འབྱར་བ་འདི་ཙམ་སྟེ་རྒྱ་ནག་ཐང་གི་རྒྱལ་ཁམས་ལས་ཀྱང་ཆེས་ཆེ་བ་ཡིན་ནོ།།”
          ཞེས་བྱུང་ཞིང་། དེ་དག་ལས་ཐུ་བྷོད་བཙན་པོའི་སྐབས་ཆབ་སྲིད་དཔལ་འབྱོར་སོགས་ཕྱོགས་གང་ཅིའི་སྟོབས་ཤུགས་མངོན་ཐུབ་ཅིང་། དེ་ལྟ་བུའི་ཆབ་སྲིད་དཔལ་འབྱོར་གྱི་རྨང་གཞི་དང་ལྡན་པའི་བོད་ཀྱི་རིག་གནས་དེས་ཀྱང་མཐའ་བཞིའི་རྒྱལ་ཁམས་ཀྱིས་མཚོན་པའི་འཛམ་གླིང་མི་རིགས་ཁག་དང་ས་གནས་ཁག་གི་རིག་གནས་ལ་དངོས་ཤུགས་གང་རུང་ནས་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་པ་ནི། བལ་པོའི་སེའུ་མ་ཟོས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས།། ཞེས་པའི་དཔེ་ལྟར་རོ།།
          ༢.རི་རིགས་ཅི་འདྲ་ཞིག་གི་རིག་གནས་གང་ཞིག་ཡིན་རུང་། སའི་གོ་ལ་འདིའི་སྟེང་དུ་གནས་པའི་རིག་གནས་ཤིག་ཡིན་དགོས་ལ། སའི་གོ་ལ་འདིའི་སྟེང་དུ་གནས་པའི་མི་དང་མིའི་བར་ལ་དངོས་བརྒྱུད་ཕྲ་རགས་ཀྱི་འབྲེལ་བ་གང་རུང་ཞིག་ཡོད་པའི་གཏན་ཚིགས་ཀྱི་སྟེང་ནས། སའི་གོ་ལ་འདིའི་སྟེང་གནས་པའི་མི་རིགས་ཅི་འདྲ་ཞིག་གི་རིག་གནས་དེར་ཡང་མི་རིགས་གཞན་མའི་རིག་གནས་ཀྱི་ཤུགས་རྐྱེན་ཕྲ་རགས་གང་ཡང་རུང་བ་ཞིག་ཕོག་ཡོད་པར་གྲུབ་ཅིང་། རང་ཅག་བོད་མི་རིགས་རིག་གནས་དེ་ཡང་མི་རིགས་གཞན་གྱི་རིག་གནས་དང་འདྲ་བར་སྔར་མེད་པ་ནས་ཡོད་པར་གྱུར་པ་དང་། ཆུང་བ་ནས་ཆེ་བར་གྱུར་པ། འཐུས་སྒོ་མི་ཚང་བ་ནས་ཚང་བར་གྱུར་པ་ཞིག་ཡིན་དགོས་ན། ལོ་རྒྱུས་དུས་ཡུན་རིང་པོའི་ནང་རང་ཡུལ་རིག་གནས་དང་ཕྱི་འོང་རིག་གནས་བར་འགྲན་རྩོད་དང་སྤེལ་རེས་ཟམ་མ་ཆད་པ་ཞིག་བྱས་ཡོད་ལ། བོད་ཀྱི་རིག་གནས་ཀྱིས་ཕྱི་འོང་རིག་གནས་འཐེན་འགུགས་དང་མཉམ་འདྲེས་བྱས་པ་དེས་རང་ཉིད་གོང་འཕེལ་ཡོང་ཕྱིར་ཕན་འབྲས་ཆེན་པོ་ཐོན་ཡོད། དེ་ཡང་ལོ་རྒྱུས་ཐོག་བོད་ཀྱི་རིག་གནས་ལ་ཕྱི་འོང་རིག་གནས་ཀྱི་ཤུགས་རྐྱེན་ཇི་ལྟར་ཕོག་ལུགས་སྐོར་ལ་དུས་མཚམས་འདི་འདྲ་ཞིག་དབྱེ་ཆོག་པ་སྟེ།
          སྤྱི་ལོའི་དུས་རབས་བདུན་པའི་འོག་ཙམ་ནས་བཟུང་། ཞང་ཞུང་ཚུད་པའི་བོད་ཀྱི་རིག་གནས་ལ་རྒྱ་གར་དང་ཏ་ཟིག་རིག་གནས་ཀྱི་ཤུགས་རྐྱེན་ཕོག་ཡོད་ལ། དེའི་ནང་ནས་ཀྱང་ཏ་ཟིག་རིག་གནས་ཀྱི་ཤུགས་རྐྱེན་ཕོག་ཤུགས་ཆེ་ཙམ་ཡིན་པ་སྟེ། དབྱི་ཐ་ལིའི་སྐུ་ཞབས་ཐུའུ་ཆིས་མཛད་པའི་《བོད་ཀྱི་གནའ་རྫས་དཔྱད་ཞིབ་》ཅེས་པའི་ནང་།
          “གནའ་དུས་བོད་དང་དབྱི་རན་རིག་གནས་བར་འབྲེལ་བ་ཡོད་དེ། དེ་ཡང་གནས་སྤོ་དང་ཚོང་འབྲེལ་ལ་བརྟེན་ནས་བྱུང་བ་དང་། བོད་ཀྱི་སྒྱུ་རྩལ་དང་རྒྱན་ཆའི་བརྗོད་བྱ་གཙོ་བོ་དེ་ཡང་དེ་དང་ཆབས་ཅིག་དབྱི་རན་ནས་བྱུང་།”
ཞེས་འཁོད་པ་ལས་བོད་དང་དབྱི་རན་བར་གྱི་རིག་གནས་འབྲེལ་བ་མཚོན་ཐུབ་ལ། འབྲེལ་བ་དེ་ཡང་ཚོང་འགྲུལ་དང་དང་གནས་སྤོའི་ལམ་བུ་བརྒྱུད་ནས་བྱུང་བ་ཞིག་ཏུ་གསལ་བཤད་བྱས་ཡོད། དེ་ལྟའི་རིག་གནས་ཀྱི་འབྲེལ་བ་དེ་ཡང་བོད་རྒྱལ་གནམ་རི་སྲོང་བཙན་གྱི་རྗེས་སུ་གཞི་ནས་བྱུང་བ་ཞིག་ལས། དེ་ཡན་ཆོད་དུ་བྱུང་བ་ཞིག་ཆ་ལགས་ཏེ། 《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་》ལས།
“གནམ་རི་སྲོང་བཙན་སོགས་ཀྱི་ཡན་ཆོད་དུ་རང་རེའི་ཡུལ་འདིར་རྒྱལ་ཁབ་གཞན་གྱི་ཚོང་འགྲུལ་སོགས་ཀྱང་མེད་པར་ངེས་ལ། རང་མིས་ཀྱང་འཐག་ལེགས་པོ་མི་ཤེས་པས། ཕལ་ཆེར་རང་བྱུང་གི་སློག་པ་མནབས་ཡོད་པར་སེམས། རྒྱའི་གཏམ་རྒྱུད་ཅིག་ནའང་བོད་རྗེས་སློག་པ་གྱོན་པ་སོགས་ཡོད་སྐད། འབངས་རྣམས་ཀྱི་ཚུལ་ནི་སྔོན་གྱི་མིའི་སྐུ་འདྲ་དངོས་སུ་བཞུགས་པ་མགོ་ལོག་རྣམས་ལ་བལྟས་པ་ཙམ་གྱིས་གོ་ནུས། ཕྱིས་ཆོས་རྒྱལ་རྣམས་ཀྱི་དུས་མངའ་ཐང་ཤིན་ཏུ་ཆེ་བས་དར་གོས་ཕངས་མེད་དུ་ཡོད། རྒྱ་མཁར་ཆེན་པོ་བཅོམ་ནས་བོད་འབངས་ལ་དར་འགྱེད་གནང་བ་ཡང་ལོ་རྒྱུས་གསལ། དེ་དུས་རྗེ་བློན་རྣམས་ཕལ་ཆེར་ཏ་ཟིག་གི་རྒྱལ་པོ་སོགས་ཀྱི་ལད་མོ་གནང་གི་ཡོད་ཚོད་འདུག་ཅིང་། དབུ་ལ་དར་ཐོད་ཡོད། དེ་ཡང་རྒྱ་གར་བ་བཞིན་འཁོར་རྒྱ་ཆེ་བར་མི་དཀྲི་ཞིང་ཏ་ཟིག་པ་བཞིན་རྩེ་རིང་ལ་མཐོ་བར་དཀྲི། སྲོང་བཙན་གྱིས་ལེ་བརྒན་དམར་པོ་དབུ་ལ་དཀྲིས་པར་བཤད་པ་དེ་ཡང་སྔོན་གྱི་ཏ་ཟིག་རྣམས་བྱེད།”
          ཅེས་སོགས་ལས་བོད་འདིར་རྒྱལ་ཁམས་གཞན་གྱི་ཚོང་འགྲུལ་བྱུང་བའི་དུས་སྔ་ཤོས་ནི་གནམ་རི་སྲོང་བཙན་སྐབས་ཡིན་ཞིང་། དུས་དེ་ཙམ་ནས་བཟུང་རྒྱལ་པོའི་ཆས་ཀྱང་ཏ་ཟིག་གི་རྒྱལ་པོའི་ལུགས་སུ་བྱུང་བ་རྟོགས་ཐུབ། དེ་ཡང་སྐབས་དེ་དང་དེའི་དུས་ནས་བོད་ཀྱི་སྒྱུ་རྩལ་དང་རྒྱན་ཆའི་རིགས་ལ་དབྱི་རན་ནམ་ཏ་ཟིག་གི་ཤན་ཆེ་ཙམ་ཞུགས་སྲིད་ཀྱང་། དེའི་བརྗོད་བྱ་གཙོ་བོ་ནི་ཏ་ཟིག་གི་ཡུལ་ནས་བྱུང་བ་མ་ཡིན་ཏེ། གནའ་རྫས་རྟོག་ཞིབ་ལས་ཀྱང་ར་སྤྲོད་བྱས་པ་ལྟར་ན། བོད་ལ་རྡོ་ཆས་དུས་རབས་ནས་ཀྱང་སོ་སོའི་ཁྱད་ཆོས་ལྡན་པའི་རྒྱན་རིས་གྲུབ་ནས་ཡོད་ལ། ཁྱད་པར་ཆུ་གོང་གནའ་ཤུལ་གྱི་ས་འོག་ནས་ཐོན་པའི་རྫ་ལས་གྲུབ་པའི་སྤྲེལ་གདོང་དེའི་ཐོག་ནས་བོད་ཀྱི་མཛེས་རིས་སྤྱི་ཙམ་མ་ཟད། བརྐོ་བཟོ་དང་འཇིམ་བཟོའི་སྒྱུ་རྩལ་ལ་ཡང་མ་མཐར་མི་ལོ་སུམ་སྟོང་ནས་བཞི་སྟོང་བར་གྱི་ལོ་རྒྱུས་ཡོད་པར་ཁས་ལེན་ཆོག་པས། སྐབས་དེ་དུས་ནས་ཀྱང་ཕྱི་འོང་རིག་གནས་ལ་བརྟེན་མི་དགོས་པའི་བོད་ཀྱི་ཐོན་སྐྱེད་ངལ་རྩོལ་དང་འབྲེལ་བའི་སྒྱུ་རྩལ་གྱི་བརྗོད་བྱ་གཙོ་བོ་ཞིག་གྲུབ་ཡོད་པ་ནི་རིགས་པས་བརྟགས་ཚེ་རྟོགས་སླའོ།།
          སྤྱི་ལོའི་དུས་རབས་བདུན་པའི་རྗེས་ནས་བཟུང་། བོད་ཀྱི་རིག་གནས་ནང་དུ་སངས་རྒྱས་ཆོས་ལུགས་ཀྱིས་གཙོས་པའི་རྒྱ་གར་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཕོག་ཡོད། འདིར་བསྟན་“སངས་རྒྱས་ཆོས་ལུགས་ཀྱིས་གཙོས་པའི་རྒྱ་གར་རིག་གནས་”ཞེས་པ་ནི་ཧ་ཅང་ཁྱབ་ཆེ་བའི་སྒོ་ནས་བརྗོད་པ་ཞིག་སྟེ། དེའི་ནང་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་སོགས་ཀྱང་ཚུད་ཡོད། རྒྱ་གར་རིག་གནས་ཀྱིས་བོད་ཀྱི་རིག་གནས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཉེར་ལེན་ལ་བརྟེན་ནས། རྒྱ་ནག་གི་སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་རིག་གནས་ཀྱང་བོད་ཀྱི་རིག་གནས་ཁྲོད་དུ་སླེབས་ཡོང་བ་དང་སྦྲགས། བོད་ཀྱི་རིག་གནས་ལ་རྒྱ་ནག་ཞིང་ལས་རིག་གནས་ཀྱི་ཤུགས་རྐྱེན་ཡང་གང་ཙམ་ཕོག་ཡོད། འོན་ཀྱང་རྒྱ་ནག་ནས་ཡོང་བའི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དེ་བོད་དུ་རྐང་པ་བརྟན་པོ་ཚུགས་ཐུབ་མེད་ལ། ལྟ་བ་དེ་རིགས་ནི་བོད་ཙམ་མ་ཟད་སྐབས་དེའི་རྒྱ་གར་མཁས་པས་ཀྱང་ཁས་ལེན་མཛད་མེད། དེ་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ནའི་རྗེས་སུ་འབྲངས་པའི་སྟོན་མེན་པའི་ལུགས་དང་། རྒྱ་གར་གྱི་སློབ་དཔོན་ཀ་མ་ལ་ཤི་ལའི་རྗེས་སུ་འབྲངས་པའི་རྩེན་མེད་པའི་ལུགས་གཉིས་རྩོད་པའི་མཐའ་མར་སྟོན་མེད་པས་ཤགས་ལན་འཇལ་མ་ཐུབ་པས་ཕམ་པར་ཁས་བླངས་ཏེ་རྩེན་མེན་པར་མེ་ཏོག་འབུལ་དགོས་བྱུང་བར་མ་ཟད། བཙན་པོ་ཁྲི་སྲོང་ལྡེ་བཙན་ནས་ཀྱང་ཕྱིན་ཆད་བོད་དུ་སྟོན་མེན་པའི་ཆོས་ལུགས་སྤེལ་མི་ཆོག་པར། བོད་མི་རྣམས་ལྟ་བ་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་དང་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་དགོས་པ་སོགས་ཀྱི་བཀས་བཅད་པ་དང་། རྒྱ་གར་གྱི་མཁས་པ་ཡོངས་སུ་གྲགས་པ་བཙན་པོས་སྤྱན་དྲངས་ཏེ་སྦྱིན་བདག་བྱས་རིགས་ཀྱི་བསྟན་བཅོས་ལོ་ཙཱ་བ་མཁས་པས་བསྒྱུར་ཅིང་གཏན་ལོ་ཕབ་པ་དེ་རིགས་ལ་འཇུག་པ་ལས། བཙན་པོས་སྦྱིན་བདག་མ་བྱས་ཤིང་ལོ་ཙཱ་བ་མཁས་པས་གཏན་ལ་མ་ཕབ་པའི་ཆོས་ལ་འཇུག་པར་མི་རིགས་པའི་སྐོར་གྱི་བཀའ་གཙིགས་ཀྱང་གནང་བ་སོགས་ལས་ར་འཕྲོད་ཐུབ་ཅིང་། དེའི་སྐོར་རྒྱས་པ་ཆོས་འབྱུང་ཁག་ཏུ་གསལ་བས་འདིར་ཟློས་པར་མི་སྤྲོའི།། འོན་ཀྱང་བཙན་པོའི་དུས་དེ་ཤེད་དུ་རྒྱ་ནག་གི་རྩིས་དང་། སྨན་དཔྱད། སྣག་ཤོག དཀར་ཡོལ་བཟོ་རྒྱུ་སོགས་ཀྱི་ལག་རྩལ་བོད་དུ་དར་ཡོང་བ་དེས་བོད་ཀྱི་རིག་གནས་ལ་སྐུལ་འདེད་ཆེན་པོ་བྱུང་ཡོད་ལ། རིག་གནས་དེ་རིགས་ནི་བོད་དུ་རྐང་པ་བརྟན་པོ་ཚུགས་ཐུབ་པར་མ་ཟད། དུས་ད་ལྟའི་བར་དུ་ཡང་རྗེས་ཤུལ་མཐོང་རྒྱུ་ཡོད།
          དེས་ན་ང་ཚོས་དགོས་མེད་ཚིག་རྙོག་བསྐྱུར་ཏེ་རྡོ་དོན་སྙིང་པོར་བསྒྲིལ་ནས་བརྗོད་ན། ཐུ་བྷོད་བཙན་པོའི་དུས་སྐབས་དེ་དག་ཏུ་བོད་ཀྱི་རིག་གནས་ལ་ཕྱི་འོང་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་གསུམ་ཕོག་ཡོད་པ་སྟེ། གཅིག་ནི་སངས་རྒྱས་ཆོས་ལུགས་ཀྱིས་ལྟེ་བ་བྱས་པའི་རྒྱ་གར་ཆོས་ལུགས་རིག་གནས་ཀྱི་ཤུགས་རྐྱེན་དང་། གཉིས་ནི་ཐོན་སྐྱེད་ལག་རྩལ་གྱིས་གཙོ་བྱས་པའི་རྒྱ་ནག་ཞིང་ལས་རིག་གནས་ཀྱི་ཤུགས་རྐྱེན་། གསུམ་ནི་ཚོང་ལས་རིག་གནས་ཀྱིས་གཙོ་བྱས་པའི་ཏ་ཟིག་རྒྱན་ཆའི་རིག་གནས་ཀྱི་ཤུགས་རྐྱེན་བཅས་སོ།།
          མིའི་རིགས་ཀྱི་ལོ་རྒྱུས་ཐོག་གནའ་རབས་ཤེས་རིག་གི་དཔལ་འབར་མྱོང་བའི་ས་ཁུལ་ཏེ། གནས་བོའི་ཨེ་ཅིབ་དང་། གནའ་བོའི་རྒྱ་གར། ཆུ་བོ་གཉིས་རྒྱུགས་ཁུལ་བཅས་ཀྱི་རིག་གནས་ལ་གས་སྲུབས་བྱུང་བ་ལྟར། བོད་དུ་གླང་དར་མས་བསྟན་པ་བསྣུབས་པར་གྲགས་པའི་ལྕགས་བྱ་ནས་ཀླུ་མེས་ཀྱིས་ལྷ་སར་བསྟན་པའི་གཞི་དགེ་འདུན་གྱི་སྡེ་བཙུགས་པའི་ལོ་བར་ལོ་ཧྲིལ་པོ་བརྒྱ་དང་བརྒྱད་ནི་བསྟན་པ་སྔ་དར་དང་ཕྱི་དར་གྱི་བར་སྟོད་དུ་གྲགས་ཤིང་། གང་ལྟར་དུས་སྐབས་དེ་ནི་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཕྱོགས་གང་ཅིའི་ཐད་ཉམས་རྒུད་དུ་སོང་བའི་དུས་ཡིན་ན། སངས་རྒྱས་ཆོས་ལུགས་ཀྱིས་གཙོ་ཁྲིད་བྱེད་པའི་བོད་ཀྱི་རིག་གནས་ལ་གས་སྲུབས་བྱུང་ཡོད། སྤྱིར་ན་དུས་དེར་བོད་ཀྱི་རིག་གནས་ལ་ཕྱི་འོང་རིག་གནས་ཀྱི་ཤུགས་རྐྱེན་ཕོག་རྒྱུ་ལྟ་ཞོག སྔར་ཡོད་བོད་ཀྱི་རིག་གནས་རྣམས་ཀྱང་རྨེག་མེད་དུ་འགྲོ་བའི་དུས་ཡིན་པས་འདིར་ཞིབ་པར་གླེང་བའི་དགོས་པ་ཆེར་མི་མཐོང་།
          སྤྱི་ལོའི་དུས་རབས་བཅུ་པ་ཙམ་ནས་བཟུང་བསྟན་པ་ཕྱི་དར་དབུ་བརྙེས་ཤིང་། སླར་ཡང་རྒྱ་གར་སོགས་ནས་ནང་བསྟན་གྱི་མཁས་གྲུབ་ལོ་པཎ་རིམ་བྱོན་གྱིས་སངས་རྒྱས་བསྟན་པ་སྲོག་ཤིང་དུ་བྱས་པའི་རིག་གནས་སྒྱུ་རྩལ་སྐོར་ཁྱབ་སྤེལ་བྱས་ཤིང་། བོད་དུ་ཡང་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མང་པོ་བྱུང་། ཧ་ལམ་དུས་དེ་ཙམ་ནས་བོད་ཀྱི་རིག་གནས་སྒྱུ་རྩལ་ལ་རྒྱ་གར་དང་། ཀ་སྨིར། བལ་པོ་སོགས་ཀྱི་ཤུགས་རྐྱེན་ཆེ་ཙམ་ཕོག་པ་དང་། ཕྱིས་སོག་པོའི་རྒྱན་གོས་རིག་གནས་དང་། རྒྱ་ནག་གི་ཟས་རིགས་རིག་གནས་སོགས་ཀྱང་བོད་ཀྱི་རིག་གནས་ཁྲོད་དུ་སིམ་འཛུལ་བྱས་པ་བཅས་ལས་ད་ཡོད་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་འདི་ཆགས་པའོ།།
          སྤྱི་ལོའི་དུས་རབས་བཅོ་བརྒྱད་པ་དང་བཅུ་དགུ་པའི་ཚུན་ལ། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ཚན་རིག་ལག་རྩལ་སོགས་བྱ་འཕུར་བ་ལྟར་ཡར་རྒྱས་ཆེན་པོ་བྱུང་བ་དང་སྦྲགས་འཛམ་གླིང་ཤར་ཕྱོགས་ལ་ཤུགས་རྐྱེན་ཕོག་ཡོད་པ་ཇི་བཞིན། རང་ཅག་བོད་ལ་ཡང་ཕྱི་གླིང་གི་རིག་གནས་ཀྱི་སྤེལ་རེས་དང་ཕྱི་གླིང་བཙན་འཛུལ་བཅས་གཅིག་ཏུ་ཐོན་ཅིང། གནད་དོན་དེར་བློ་དང་ལྡན་པ་རྣམས་ཀྱིས་གཅིག་གནས་གཉིས་སུ་གྱེས་པའི་ལྟ་ཚུལ་འཛིན་བཞིན་ཡོད་ལ། བློ་འཁུམ་པ་རྣམས་ཀྱིས་མཐའ་གཅིག་ཏུ་རྨོངས་ཚོད་ཕྱིར་འབུད་ཀྱི་ལྟ་ཚུལ་བཟུང་ཡོད། གང་ལྟར་སྐབས་དེ་ཤེད་དུ་ཕྱི་གླིང་གི་ཆོས་སྤེལ་མཁན་དང་། ཚོང་པ། མྱུལ་དཔྱད་པ་ལ་སོགས་མི་ཉུང་བ་ཞིག་བོད་དུ་ཡོང་སྟེ་གནས་རྫས་རྟོག་ཞིབ་ཀྱི་བྱ་བ་ཐོར་བུ་བརྩམས་ཡོད་ཅིང་། དེ་ནི་དམིགས་ཡུལ་ལེགས་ཉེས་ཅི་ཡིན་ལ་མ་བལྟོས་པར་བོད་ཀྱི་རིག་གནས་ཁྱབ་ཁོངས་ནང་དུ་གནའ་རྫས་རྟོག་ཞིབ་རིག་པའི་སྟོང་ཆ་ཁ་སྐོང་བྱ་ཕྱིར་རྨང་གཞི་ལམ་ཙམ་བཏིང་བ་ཞིག་ཡིན། དེ་བཞིན་ཕྱི་རྒྱལ་གྱི་ཚོང་པས་ཀྱང་སྔར་བོད་ལ་མཐོང་མྱོང་དཀོན་པའི་གསར་སྐྱེས་ཀྱི་དངོས་པོ་མང་དག་ཅིག་དབོར་འདྲེན་བྱས་པ་ལས་བོད་ཀྱི་རིག་གནས་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཕྲ་རགས་གང་ཡང་རུང་བ་ཞིག་ཕོག་ཡོད་ལ། དེའི་སྐབས་བྱུང་བའི་དངོས་པའི་ཐ་སྙད་སོར་བཞག་སོགས་ཀྱི་འདྲེས་སིམ་རྗེས་ཤུལ་ནི་དུས་ད་ལྟའི་བར་དུའང་མཐོང་རྒྱུ་ཡོད། ཁྱད་པར་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་བོད་ལ་བཙུན་འཛུལ་བྱེད་བདེ་ཡོང་ཕྱིར་རིག་གནས་འདྲེས་སིམ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་མོད། འོན་ཀྱང་སྐབས་དེར་བོད་ཀྱི་སྐུ་དྲག་དང་འབྱོར་ལྡན་ཆེ་ཁག་འགའ་ཞིག་གི་ཁྲོད་དུ་ཤུགས་རྐྱེན་ཆེ་ཙམ་བྱུང་བ་མ་གཏོགས་མང་ཚོགས་ཀྱི་ཁྲོད་དུ་ཤུགས་རྐྱེན་དེ་ཙམ་ཕོག་མེད། དེ་ཡང་སྐུ་དྲག་དང་འབྱོར་ལྡན་པའི་ཁྲོད་དུ་འཛམ་གླིང་ནང་འགྲོ་ཁྱབ་ཆེ་ཤོས་དབྱིན་ཇིའི་སྐད་ཡིན་པ་དང་། བོད་ཀྱི་ཆབ་སྲིད་དང་། དམག་དོན། གློག་ལས། ས་གཏེར་སོགས་ཕྱོགས་གང་ཅིའི་ཐད་ནས་རང་རྐྱ་འཕེར་བ་ཞིག་དགོས་ན། ངེས་པར་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་བྱེད་དགོས་ལུགས་སྐོར་གླེང་བར་མ་ཟད། ལག་ལེན་དངོས་ཐོག་ནས་ཀྱང་དབྱིན་ཇི་དང་རྒྱ་གར་སོགས་སུ་དབྱིན་ཡིག་གིས་གཙོས་པའི་གློག་ལས་དང་། ས་གཏེར། གློག་འཕྲིན། ས་ཚད་ཐིག་ལེན། དམག་དོན་སོགས་སློབ་སྦྱོང་བྱེད་མི་མངགས་པར་མ་ཟད། བོད་དུ་ཡང་དབྱིན་ཇིའི་སློབ་གྲྭ་ཞིག་ཀྱང་བཙུགས་མྱོང་ཡོད། གང་ལྟར་སྐབས་དེ་ཤེད་དུ་ཕྱི་ནང་གི་རྒྱུ་རྐྱེན་མང་དག་ཅིག་ལ་བརྟེན་ནས་བོད་དུའང་དབྱིན་ཇི་དང་ཧྥ་རན་སི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་བསམ་བློའི་རླབས་རྒྱུན་སླེབས་པ་དང་སྦྲགས་ས་གནས་སྲིད་གཞུང་གི་ལམ་ལུགས་རྙིང་པར་བསྒྱུར་བཅོས་བྱེད་པའི་བསམ་བློའི་རླབས་རྒྱུན་ཞིག་ཀྱང་འཕྱུར་ཏེ། དཔོན་རིགས་མི་གྲངས་བརྒྱ་སྐོར་དང་སེ་འབྲས་དགེ་གསུམ་གྱི་འཐུས་མི་དང་བཅས་པའི་“སྐྱིད་ཕྱོགས་ཀུན་མཐུན”ཞེས་པའི་བསྒྱུར་བཅོས་ཚོགས་པ་ཞིག་ཀྱང་བཙུགས། མ་གཞི་སྒྲིག་འཛུགས་དེ་ལྟ་བུ་བོད་དུ་རྐང་པ་བརྟན་པོ་ཚུགས་མ་ཐུབ་པར་འཐོར་ཞིག་ཏུ་སོང་མོད། འོན་ཀྱང་དེའི་བསམ་བློའི་རླབས་རྒྱུན་དེས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་གཡོ་འགུལ་གང་ཙམ་ཐེབས་ཡོད་ལ། བོད་ལྗོངས་སུ་ཕྱི་གླིང་གི་ཡར་ཐོན་གྱི་བསམ་པའི་མྱུ་གུ་འབུས་པའི་མཐུན་རྐྱེན་ཞིག་ཀྱང་བསྐྲུན་ཡོད།
          གོང་གསལ་གནས་ཚུལ་དེ་དག་ལས་གསལ་བཤད་ཐུབ་པ་སྟེ། དེང་སྐྱེ་བོ་ལ་ལས། བོད་ཀྱི་རིག་གནས་ནི་ལོ་མང་རིང་འཇིག་རྟེན་དང་ཁ་བྲལ་ཏེ་བཀག་རྒྱའི་ནང་དུ་ལུས་པར་འདོད་པ་དང་། ཡང་ཁ་ཅིག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་རྒྱ་གར་གྱི་རིག་གནས་སྤོ་འགྱུར་བྱས་པ་ལས་གྲུབ་པར་སྨྲ་བ་གང་ཡིན་ཀྱང་། ལྟ་ཚུལ་དེ་རིགས་ནི་དོན་དངོས་དང་མི་མཐུན་ཞིང་སེམས་རྣལ་དུ་མ་བབས་པའི་སྣང་ཚུལ་ཙམ་དུ་ཟད་ཅིང་། དེ་ལས་ལྡོག་སྟེ་བོད་ཀྱི་རིག་གནས་དེ་ཡང་འཛམ་གླིང་མི་རིགས་ཁག་གི་རིག་གནས་སྤྱི་དང་འདྲ་བར་རང་ཉིད་རྨང་གཞིར་བྱས་པའི་སྟེང་རྒྱུན་མཐུད་དང་། སྤེལ་རེས། བླང་དོར་འཇུག་ལྡོག་སོགས་ཀྱི་བརྒྱུད་རིམ་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཟམ་མ་ཆད་པར་བརྒྱུད་པ་ལས་རིམ་བཞིན་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་སོང་བ་ཞིག་གོ།།
གསུམ་པ། སྲོལ་རྒྱུན་རིག་གནས་དང་དེང་རབས་འདུ་ཤེས་བར་གྱི་གནད་དོན།
          ང་ཚོས་བོད་ཀྱི་རིག་གནས་ལ་གདེང་འཇོག་བྱེད་སྐབས། མཐའ་གཅིག་ཏུ་སྔོན་ཐོན་ཡིན་ཞེས་ཤོད་མི་རུང་ལ། མཐའ་གཅིག་ཏུ་རྗེས་ལུས་ཡིན་ཞེས་དེ་བས་ཤོད་མི་རུང་། ཁོ་བོས་བལྟས་ན། རིག་གནས་ཅི་འདྲ་ཞིག་ཡིན་རུང་སྤྱི་ཚོགས་ཀྱི་ཆབ་སྲིད་དཔལ་འབྱོར་རྨང་གཞིར་བྱས་པ་ལས་ཐོན་པའི་རྒྱུ་མང་ཅན་གྱི་རྙོག་འཛིང་ཕུང་པོ་ཞིག་ཡིན་དགོས་པས། སྔོན་ཐོན་གྱི་རིག་གནས་དང་རྗེས་ལུས་ཀྱི་རིག་གནས་ཞེས་པ་ཡང་ཆབ་སྲིད་དཔལ་འབྱོར་གྱི་རིན་ཐང་འདུ་ཤེས་ཀྱི་སྟེང་ནས་གཏན་ལ་ཕབ་པ་ཞིག་རེད་འདུག་ལ། དེ་ཡང་ལྟོས་མེད་རྟག་མཐའ་ཅན་དུ་མ་གྲུབ་པར་ལྟོས་བཅས་རྟེན་འབྲེལ་དུ་གྲུབ་དགོས་པ་ཞིག་ཡིན་ན། སྤྱིར་གཞི་ཧྲིལ་པོ་གཅིག་ནང་གི་རིག་གནས་ལ་སྔོན་ཐོན་དང་རྗེས་སུ་ལུས་པའི་རྣམ་དབྱེ་འབྱེད་རྒྱུ་མེད་ཀྱང་། གཞི་ཐ་དད་པ་གཉིས་བསྡུར་ཚེ་ཡུལ་དུས་གང་ཡང་རུང་བ་ཞིག་ལ་དམིགས་ཏེ་སྔོན་ཐོན་དང་རྗེས་སུ་ལུས་པའི་དབྱེ་བ་རེ་ཡོང་ངེས་རེད། དེ་ལྟའི་སྔོན་ཐོན་གྱི་རིག་གནས་དེར་ཡང་རྒྱ་བསྐྱེད་དང་སིམ་འཛུམ་གྱི་བྱེད་ལས་ལྡན་པ་དང་། རྗེས་ལུགས་ཀྱི་རིག་གནས་ནི་ཟོན་སྐྱོར་དང་བག་འཁུམ་གྱི་གནས་སུ་ལུས་ཀྱི་ཡོད། མདོར་ན་སྔོན་ཐོན་གྱི་རིག་གནས་ནི་རང་དབང་གི་ཕྱོགས་སུ་འཕེལ་རྒྱུས་སུ་འགྲོ་བ་ཡིན་ལ། རྗེས་ལུས་ཀྱི་རིག་གནས་ནི་གཞན་དབང་གི་ཕྱོགས་སུ་ཉམས་རྒུད་དུ་འགྲོ་ངེས་ཡིན་འདུག དེ་ལྟའི་གནས་ལུགས་ཀྱི་སྟེང་ནས་བོད་ཀྱི་རིག་གནས་ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ། བོད་ཀྱི་རིག་གནས་དེ་ཡང་སྐབས་དེ་དང་དེའི་འཛམ་གླིང་མི་རིགས་ཁག་གི་རིག་གནས་དང་འདྲ་བར། སྐབས་རེར་སྔོན་ཐོན་དང་སྐབས་རེར་རྗེས་སུ་ལུས་པའང་མཐོང་ཐུབ། གང་ལྟར་སྔོན་ཐོན་དང་རྗེས་ལུས་གང་ཞིག་ཡིན་རུང་སྐབས་དེ་དང་དེའི་སྤྱི་ཚོགས་ཀྱི་ཆབ་སྲིད་དཔལ་འབྱོར་དར་རྒུད་ཀྱིས་ཐག་བཅད་པ་ཞིག་ཡིན་པ་ལས། མི་རྣམས་ཀྱི་འདོད་བློ་ལྟར་དུ་གྲུབ་པ་ནི་ཡེ་ནས་མ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། རིག་གནས་ཀྱི་དར་རྒུད་དེས་ཀྱང་སྤྱི་ཚོགས་ཀྱི་ཆབ་སྲིད་དཔལ་འབྱོར་ལམ་ལུགས་ལ་གཡོ་འགུལ་ཐེབས་ཀྱི་ཡོད། དཔེར་ན། བོད་ཀྱི་ལོ་རྒྱུས་ཐོག་བཙན་པོའི་དུས་སྐབས་སུ་ཆབ་སྲིད་དཔལ་འབྱོར་མངའ་ཐང་རྒྱས་པའི་ཉེར་ལེན་ལ་བརྟེན་ནས་བོད་ཀྱི་རིག་གནས་ལ་སྔར་བྱུང་མྱོང་མེད་པའི་དར་རྒྱས་ཆེན་པོ་བྱུང་མྱོང་བ་དང་། གླང་དར་མའི་སྐབས་སངས་རྒྱས་ཆོས་ལུགས་ཀྱི་གཙོ་ཁྲིད་བྱེད་པའི་བོད་ཀྱི་རིག་གནས་དེ་ཉམས་དམས་སུ་སོང་བའི་ཉེར་ལེན་ལ་བརྟེན་ནས་བོད་བཙན་པོའི་ཆབ་སྲིད་ལམ་ལུགས་འཐོར་ཞིག་ཏུ་སོང་བ་ཡིན། དེ་བཞིན་བསྟན་པ་སྔ་དར་གྱི་འགོ་ཙམ་ནས་བོད་ཀྱི་ས་གནས་སྟོབས་ཤུགས་ཚོ་ཁག་གི་ཆབ་སྲིད་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་ལ་བརྟེན་ནས་སངས་རྒྱས་ཆོས་ལུགས་ཀྱིས་གཙོ་ཁྲིད་བྱེད་པའི་བོད་ཀྱི་རིག་གནས་ཀྱང་ཉིན་རེ་ལས་མ་བསྡད་པར་དར་འཕེལ་དུ་སོང་བ་དང་། རིག་གནས་དར་འཕེལ་ཆེན་པོ་བྱུང་བའི་ཉེར་ལེན་ལ་བརྟེན་ནས་མཐར་དུས་རབས་བཅུ་གསུམ་པའི་གནང་བོད་ཀྱི་ཆབ་སྲིད་དཔལ་འབྱོར་ལམ་ལུགས་ཀྱང་གཅིག་གྱུར་གྱི་ཕྱོགས་སུ་འཕོ་འགྱུར་བྱུང་བ་ལྟ་བུ་རེད། ལོ་རྒྱུས་ཀྱི་གནས་ཚུལ་དེ་ལྟའི་སྟེང་ནས་ང་ཚོར་བསླབ་བྱ་ཞིག་ཐོབ་བྱུང་བ་སྟེ། སྤྱི་ཚོགས་ཆབ་སྲིད་དཔལ་འབྱོར་གྱི་རྨང་གཞི་ནི་རིག་གནས་གནས་སྟངས་ཀྱི་རག་ལས་ས་ཡིན་ལ། ཆབ་སྲིད་དཔལ་འབྱོར་དེ་ཉིད་ཀྱང་དར་ཞིང་རྒྱས་པ་ཞིག་ཡོང་དགོས་ན། ངེས་པར་རིག་གནས་ལ་གཙིགས་ཆེན་དང་རིག་གནས་ཀྱི་གོར་བུར་འགྲིལ་ཤུགས་ལ་དོ་སྣང་། རིག་གནས་ཀྱི་བཀག་རྒྱ་གཏོར་བ་སོགས་བྱེད་རྒྱུན་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཞིག་ཡིན།
          མདོར་ན་མི་རིགས་ཤིག་གི་སྐྱེ་འགག་གནས་འཇིག་དེ་ཡང་རིག་གནས་ལ་རགས་ལས་ཡོད་ལ། མི་རིགས་རིག་གནས་ཀྱི་རྨང་གཞི་དེ་ཡང་མི་རིགས་དེ་གའི་སྐད་ཡིག་དང་འབྲེལ་བའི་སྲོལ་རྒྱུན་རིག་གནས་དེ་ཡིན་གཤིས་། ང་ཚོས་ཚན་རིག་ལག་རྩལ་འཕེལ་རྒྱས་ཆེས་ཆེར་འགྲོ་བའི་དུས་སྐབས་འདིར་སྔར་ཡོད་ཀྱི་སྲོལ་རྒྱུན་མཐའ་དཔྱོད་ཀྱིས་རྒྱུན་འཛིན་བྱེད་དགོས་ལ། དེ་བས་སྲོལ་རྒྱུན་གསར་པ་ཞིག་ཀྱང་འཛུགས་སྐྲུན་བྱེད་དགོས། དེ་ལྟར་བྱས་ཚེ་ད་གཟོད་བོད་ཀྱི་རིག་གནས་ཀྱི་སྲོལ་རྒྱུན་དེ་ཡང་འཚོ་ཤུགས་ལྡན་པ་ཞིག་ཆགས་ཐུབ་ལ། དེ་ལྟའི་སྲོལ་རྒྱུན་གྱིས་རྨང་གཞི་བྱས་པའི་མི་རིགས་རིག་གནས་དེ་ཡང་སྔོན་ཐོན་གྱི་ཕྱོགས་སུ་བསྐྱོད་ཐུབ་སྙམ། གང་ལགས་ཤེ་ན། སྔོན་ཐོན་གྱི་རིག་གནས་གང་ཞིག་ཡིན་རུང་དེར་སྲོལ་རྒྱུན་གྱི་རྨང་གཞི་ཞིག་ངེས་པར་ཡོད་ལ། སྲོལ་རྒྱུན་དེ་ཡང་འཚོ་ཤུགས་ལྡན་པའི་སྲོལ་རྒྱུན་གསར་པ་ཞིག་ཡིན་པ་ལས། གོག་ཧྲུལ་གྱི་སྲོལ་རྒྱུན་རྙིང་པ་ཞིག་ཡེ་ནས་ཡིན་མི་སྲིད། དེའི་ཕྱིར་ང་ཚོས་དུས་རབས་འདི་དང་མི་རིགས་འདིའི་ཆེད་དུ་རིག་གནས་ཀྱི་སྲོལ་རྒྱུན་གསར་པ་ཞིག་འཛུགས་པར་བསམ་གཞིགས་བྱེད་དགོས་ལ། སྲོལ་རྒྱུན་གསར་པ་དེ་ཡང་འཛམ་གླིང་ལ་ཁ་ཕྱོགས་པ་དང་མ་འོངས་པར་ཁ་ཕྱོགས་པ་ཞིག་ཡིན་དགོས་ཀྱང་། མི་རིགས་རང་བཞིན་དེ་བརླགས་ན་མི་ཆོག གལ་ཏེ་མི་རིགས་རང་བཞིན་དེ་བརླགས་ཚེ། དེ་ལྟའི་སྲོལ་རྒྱུན་དེ་ཡང་གང་དྲན་དྲན་ཞིག་ཏུ་གྱུར་པས། དེ་ལྟར་བྱུང་ཚེ་ཐམས་ཅད་ངལ་བ་འབྲས་མེད་ལས་གཞན་ཡོང་རྒྱུ་གང་ཡང་མེད།
          དེ་བཞིན་སྲོལ་རྒྱུན་རིག་གནས་དང་དེང་རབས་འདུ་ཤེས་གཉིས་འགལ་ཟླར་ལངས་པའི་དུས་སྐབས་འདིར། ང་ཚོས་སྲོལ་རྒྱུན་རིག་གནས་དང་དེང་རབས་འདུ་ཤེས་བར་གྱི་འགལ་ཟླ་ཐག་གཅོད་ཇི་ལྟར་བྱ། འོ་ན་གཅིག་དོར་གཅིག་ལེན་བགྱིད་དམ། ཡང་ན་གཉིས་འཛིན་མཉམ་འཇོག་བགྱིད་དམ། ཁོ་བོས་བལྟས་ན་དེ་གཉིས་གང་གིས་ཀྱང་ཐག་མི་ཆོད་པས། དོན་ལྡན་གནད་འཕིགས་ཀྱི་ཐད་གཅོད་རང་བཞིན་ནི་སྲོལ་རྒྱུན་རིག་གནས་དེ་ཡང་སྲོལ་རྒྱུན་གསར་པའི་ཕྱོགས་སུ་ཁ་ཕྱོགས་པ་དང་། དེང་རབས་འདུ་ཤེས་དེ་ཡང་མི་རིགས་རང་བཞིན་ཅན་དུ་གྱུར་བར་བྱེད་རྒྱུ་དེ་རེད། གལ་ཏེ་དེ་ལྟར་བྱེད་ཐུབ་ཚེ། གཞི་ནས་སྲོལ་རྒྱུན་རིག་གནས་དང་དེང་རབས་འདུ་ཤེས་བར་གྱི་འགལ་ཟླའི་གནད་དོན་ཐག་གཅོད་ལེགས་པོ་ཡོང་ངེས་ཡིན་པར་མ་ཟད། ད་གཟོད་འཚོ་ཤུགས་ལྡན་པའི་མི་རིགས་རིག་གནས་ཤིག་ཀྱང་ཡོང་ཐུབ། དེ་ལྟར་བྱུང་ན་གཞི་ནས་རང་རེའི་རིག་གནས་ཀྱིས་རང་རེའི་མི་རིགས་འདི་ཉིད་བདག་སྐྱོང་ལེགས་པོ་ཐུབ་པར་མ་ཟད། འཛམ་གླིང་གི་སྔོན་ཐོན་མི་རིགས་གཞན་གྱི་རིག་གནས་ཀྱི་རྗེས་ཀྱང་ཟིན་ཐུབ། དེ་ནི་ཁོ་བོས་ཤོག་བུའི་སྟེང་དུ་ཐག་བཅད་པ་ཙམ་ཞིག་མ་ཡིན་པར། ཕྱི་རོལ་ཡུལ་གྱི་དོན་དངོས་ལས་ར་འཕྲོད་བྱུང་བ་ཞིག་ཡིན། ཁོ་བོའི་འདོད་ཚུལ་ལྟར་ན། མི་རིགས་ཤིག་གི་མ་འོངས་པ་དེ་གང་འདྲ་ཞིག་ཡོང་མིན་ནི་ད་ལྟའི་དཔལ་འབྱོར་ཚུད་པའི་རིག་གནས་ལ་རག་ལས་ཡོད་པ་དང་། ད་ལྟའི་རིག་གནས་དེ་ཡང་སྲོལ་རྒྱུན་རིག་གནས་ལ་ངོས་འཛིན་ཡང་དག་དང་རྒྱུན་འཛིན་གནས་སྨིན་བྱེད་ཐུབ་མིན་ལ་རག་ལས་འདུག་སྙམ། འོན་ཀྱང་དེང་ཆར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ངོས་འཛིན་དང་ཞིབ་འཇུག་བྱེད་མཁན་ཁྲོད་དུ་སྔར་བྱུང་རྣམ་ཐར་སྐྱོང་བའམ་ཕྱོགས་རེ་བའི་འདོད་ཚུལ་འཛིན་པ་མང་ཞིང་། སྲོལ་རྒྱུན་རིག་གནས་ཀྱི་འཛམ་གླིང་རང་བཞིན་དང་ལོ་རྒྱུས་རང་བཞིན་ལ་གནད་ལ་འཕིགས་པའི་རྟོག་དཔྱོད་བྱེད་མཁན་ནི་ཆེས་ཉུང་ཤས་ཤིག་ཏུ་ཟད། ཐག་ཉེ་ས་ནས་བཤད་ན་བོད་རིག་པའི་ཁྱབ་ཁོངས་ནང་དུའང་རིག་པའི་གནས་བཅུའི་སྐོར་ཕྱོགས་རྐྱང་པའི་ངོ་སྤྲོད་དང་ཞིབ་འཇུག་ལམ་ཙམ་བྱེད་པ་ཙམ་ལས། བོད་ཀྱི་རིག་གནས་དེ་འཛམ་གླིང་ཧྲིལ་པོའི་རིག་གནས་ཀྱི་ཁྱབ་ཁོངས་ནང་དུ་བཞག་སྟེ་ཞིབ་འཇུག་བྱ་རྒྱུ་མ་འདངས་སྟབས། དེང་འཛམ་གླིང་ཐོག་བོད་རིག་པར་ཞིབ་འཇུག་གི་ཚ་རླབས་འཕྱུར་བའི་དུས་འདིར་ད་དུང་རྣམ་གྲངས་ཆེན་པོ་འགའ་ཞིག་གི་ཐ་སྙད་ཐད་ལྷགས་བསྡད་པའི་རྙོག་དྲ་འགའ་ཞིག་སེལ་ཐུབ་མེད་པ་སྟེ། གནས་ཆེ་ས་ནས་བཤད་ན། གང་ཞིག་མཚན་ཉིད་རིག་པ་ཡིན་དང་གང་ཞིག་ཚད་མ་རིག་པ་ཡིན་སོགས་ཀྱི་སྐོར་ལའང་དོན་དམ་གནད་ལ་འཕིགས་པའི་ངེས་ཚིག་ཅིག་ཀྱང་འཇོག་ཐུབ་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་དེ་གཉིས་ཉ་ཉུང་མཉམ་བསྲེས་སུ་ལུས་ལྟ་བུའོ།། རྒྱུ་མཚན་དེ་དང་དེ་འདྲ་བ་མང་དག་ཅིག་ལ་བརྟེན་ནས་སྐྱེ་བོ་ཁ་ཅིག་གིས་བོད་ཀྱི་རིག་གནས་བཅུ་ཞེས་པ་དེ་གཞན་དང་མི་འདྲ་བ་ཡ་མཚན་པ་གང་ཞིག་ཤིན་ཏུ་ཁྱབ་ཆུང་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་མཆིས། དེ་ནི་ང་ཚོ་དུས་རབས་ཀྱི་མིས་དུས་རབས་ཀྱི་ལས་ཀ་བྱ་རྒྱུ་མ་འདངས་པ་ལས་ཐོན་པའི་གནད་དོན་ཞིག་ཡིན་པ་གསལ་པོ་རེད། དོན་དམ་རིག་གནས་བཅུར་དབྱེ་བའི་སྲོལ་དེ་ཡང་ལོ་རྒྱུས་ཐོག་སྔོན་བྱོན་མཁས་དབང་རིམ་བྱོན་གྱི་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པ་ཞིག་ཡིན་ཞིང་། དེ་ཡང་རེངས་པོར་གནས་པའི་དབྱེ་ཚུལ་ཞིག་མ་ཡིན་པར་རྒྱས་བསྡུས་ཅི་རིགས་སུ་བཀྲལ་བསྡུ་བྱེད་ཆོག་པ་ཞིག་ཡིན་ན། དབྱེ་རིམ་དེ་དག་གི་ནང་དུ་ཤེས་པར་བྱ་བའི་གནས་ཀུན་མི་འདྲ་བ་ལྟ་ཞོག ཐ་ན་བཟོ་རིག་པ་གཅིག་པུའི་ནང་དུའང་ཤེས་བྱ་ཀུན་འདུ་བ་ཡིན་ཏེ།
          དོན་གཉེར་རྗེས་འཛིན་བཟོ་རིག་མཐའ་ཡས་ཀྱང་།།
          སྒོ་གསུམ་བཟོ་ལ་ཤེས་བྱ་ཀུན་ཀྱང་འདུ།།
          ཞེས་རླུང་ལྟར་གྲགས་པའི་ཕྱིར་རོ།། གཞན་ཡང་རང་རེའི་ཁྲོད་ཀྱི་མཁས་པ་ལ་ལས་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་དུས་ལས་ཡོལ་བ་གང་ཞིག་དེང་རབས་སྔོན་ཐོན་རིག་གནས་དང་འགལ་བ་ཡོད་པ་ཞིག་ཏུ་འདོད་དེ། དེང་རབས་རིག་གནས་ཀྱིས་རང་བདག་གཙོ་བོར་བྱེད་པ་དང་། སྲོལ་རྒྱུན་རིག་གནས་ཀྱིས་ཏག་ཏག་འཆིང་སྡོམ་བྱེད་པ། དེང་རབས་རིག་གནས་ཀྱིས་ཚན་རིག་སྤེལ་བ་གཙོར་འཛིན་དང་། སྲོལ་རྒྱུན་རིག་གནས་ཀྱིས་ཏག་ཏག་ཚན་རིག་སྤེལ་བར་བཀག་འགོག་བྱེད་པ་རེད་ཅེས་ཤོད་ཀྱི་ཡོད། འོན་ཀྱང་མཁས་པ་དེ་དང་དེས་ནི་གང་ཞིག་སྲོལ་རྒྱུན་རིག་གནས་ཡིན་དང་གང་ཞིག་དེང་རབས་རིག་གནས་ཡིན་སྐོར་ལ་གནད་ལ་འཕིགས་པའི་ངེས་སྲོལ་ཞིག་འཇོག་ཐུབ་མེད་ལ། དེ་བས་སྲོལ་རྒྱུན་རིག་གནས་དང་མི་རིགས་རིག་གནས་བར་དང་། སྲོལ་རྒྱུན་རིག་གནས་དང་དེང་རབས་འདུ་ཤེས་བར། སྲོལ་རྒྱུན་རིག་གནས་དང་ཚན་རིག་བར། སྲོལ་རྒྱུན་རྙིང་པ་དང་སྲོལ་རྒྱུན་གསར་པའི་བར། སྲོལ་རྒྱུན་བཟང་པོ་དང་སྲོལ་རྒྱུན་བཟང་པོ་མ་ཡིན་པའི་བར་བཅས་ཀྱི་འགལ་འབྲེལ་སྐོར་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་རྒྱུ་འདངས་མེད་ལ། སྲོལ་རྒྱུན་ཡིན་ན་སྲོལ་རྒྱུན་གོག་ཧྲུལ་འབའ་ཞིག་ཡིན་པར་ཐལ་བས། ལྟ་ཚུལ་དེ་ལྟ་བུས་བོད་ཀྱི་རིག་གནས་སྲོལ་རྒྱུན་ལ་སྐུར་བ་འདེབས་མི་ནུས། ལར་ནས་རིག་གནས་གང་ཡང་རུང་བ་ཞིག་ལའང་དེར་ཚན་རིག་དང་མཐུན་མི་མཐུན་ཕྱོགས་གཉིས་ཡོད་ངེས་ཀྱང་། སྔར་བྱུང་ཐམས་ཅད་ཚན་རིག་དང་མི་མཐུན་པ་དང་། དེང་བྱུང་ཐམས་ཅད་ཚན་རིག་དང་མཐུན་ཞེས་བློ་དང་ལྡན་པ་སུས་ཀྱང་བརྗོད་པར་མི་སྤོབས། ཁོ་བོས་བལྟས་ན། དེང་དུས་ཚན་རིག་འཕེལ་རྒྱས་ཀྱི་མཐོ་ཚད་དེ་ཡང་རང་བྱུང་ཚན་རིག་སྐོར་སྔར་དང་ལྟོས་བཅས་ཀྱི་མཐོ་ཚད་ཅིག་ཏུ་སླེབས་པ་ཙམ་ལས། སྤྱི་ཚོགས་ཚན་རིག་སྐོར་དང་དེའི་ནང་ནས་ཀྱང་སེམས་ཁམས་ཀྱི་གནས་ལུགས་སྐོར་སྔ་མིས་རྟོགས་ཟིན་པ་མང་པོ་ཞིག་ད་ལྟ་ང་ཚོས་རྟོགས་མི་ཐུབ་པ་ལྟར་ཡིན། དེའི་སྐོར་ཁོ་བོས་ནན་བཤད་བྱེད་མི་དགོས་པར། རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་སྤེལ་བའི་བསྡུར་དཔྱད་རང་བཞིན་གྱི་རྩོམ་ཡིག་མི་ཉུང་བ་ཞིག་འདུག་པས་གཟིགས་པར་འཚལ་ལོ།།
          མདོར་བསྡུས་ནས་བཤད་ན། ང་ཚོས་ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་རིག་གནས་དར་སྤེལ་གཏོང་བསམ་ན། ངེས་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ངོས་འཛིན་ཡང་དག་དང་། སྔར་སོང་རིག་གནས་ལོ་རྒྱུས་ཐོག་བྱུང་བའི་བསླབ་བྱར་བསམ་གཞིགས་ནན་པོ་བྱ་དགོས་པར་མ་ཟད། དེང་སྐབས་སྲོལ་རྒྱུན་རིག་གནས་དང་དེང་རབས་ཤེས་དཔལ་བར་ཆོད་པའི་རྒྱང་ཐག་ལ་ཡང་འདང་ཞིག་མི་རྒྱག་ཀ་མེད་རེད། སྤྱིར་ནུབ་གླིང་གི་དེང་རབས་རིག་གནས་ཡིན་ནའང་འདྲ། འཛམ་གླིང་ཤར་ཕྱོགས་ཀྱི་གནའ་རབས་རིག་གནས་ཡིན་ནའང་འདྲ། དེ་དག་ཚང་མར་སོ་སོ་རང་ཉིད་ཀྱི་སྲོལ་རྒྱུན་ཞིག་ལོས་ཡོད་ལ། སྲོལ་རྒྱུན་དེ་ཡང་ཐེར་ཟུག་གམ་རེངས་པོར་གནས་པ་ཞིག་ཡིན་མི་སྲིད་པ་དེ་བཞིན། རང་ཅག་བོད་ཀྱི་རིག་གནས་ཀྱི་མ་ལག་ཧྲིལ་པོ་གསར་པ་ཞིག་འཛུགས་བསམ་ན། རིག་གནས་ཀྱི་སྲོལ་རྒྱུན་ལ་མ་བརྟེན་ཐབས་མེད་ཡིན་ལ། སྲོལ་རྒྱུན་དེ་ཡང་སྲོལ་རྒྱུན་གསར་པ་ཞིག་གི་ཕྱོགས་སུ་སྐུལ་འདེད་བཏང་སྟེ། དེང་རབས་ཀྱི་འདུ་ཤེས་དང་རྩོད་སྒྲུབ་ཀྱི་ཐོག་ནས་མི་རིགས་ཀྱི་བསམ་བློར་བཅིངས་འགྲོལ་གཏོང་ཐུབ་པའི་མི་རིགས་རིག་གནས་གསར་པ་ཞིག་སྐྱེད་སྲིད་བྱེད་པའི་རྨང་གཞིར་འགྱུར་བར་བྱེད་དགོས་པའོ།།
མཇུག་བསྡུའི་གཏམ།
          དེང་འཛམ་གླིང་ཆུང་དུ་འགྲོ་བ་དང་ཆབས་ཅིག་འགྲོ་བ་མིའི་བསམ་འདུན་ཉེ་རུ་འགྲོ་བའི་དུས་སྐབས་འདིར། ང་ཚོ་བོད་མི་རིགས་ཀྱི་རིག་གནས་འདིར་ཡང་འཛམ་གླིང་ས་གནས་ཁག་དང་མི་རིགས་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེ་ནི་རང་ཅག་བོད་ཀྱི་རིག་གནས་དེ་ཉིད་ཡ་མཚན་ཅན་ཞིག་ཏུ་མཐོང་ནས་བྱས་པ་ཞིག་མ་ཡིན་པར་འཛམ་གླིང་འགྲོ་བ་མིའི་རིགས་སྤྱི་པའི་ཐུན་མོང་གི་རྒྱུ་ནོར་ཞིག་ཡིན་པའི་དབང་གིས་རེད་སྙམ། དེས་ན་དུས་སྐབས་བཟང་པོ་འདི་ལྟའི་འོག ང་ཚོ་རང་ཉིད་ཀྱིས་སོ་སོའི་རིག་གནས་ཀྱི་འབྱུང་ཁུངས་ལོ་རྒྱུས་དང་། དེའི་སྒོ་དབྱེའི་རང་བཞིན། སྲོལ་རྒྱུན་རིག་གནས་དང་དེང་རབས་འདུ་ཤེས་བར་གྱི་འགལ་ཟླའི་གནད་དོན་གསལ་རྟོགས་བྱེད་རྒྱུ་གལ་ཆེ་བར་མཐོང་། གང་ལགས་ཤེ་ན། རིག་གནས་ཀྱི་ལོ་རྒྱུས་ནི་རིག་གནས་ཀྱི་མ་རྩ་ཡིན་ལ། རིག་གནས་ཀྱི་སྒོ་དབྱེའི་རང་བཞིན་དེ་ཡང་རིག་གནས་ཀྱི་འཚོ་ཤུགས་དང་། སྲོལ་རྒྱུན་རིག་གནས་དང་དེང་རབས་འདུ་ཤེས་བར་གྱི་འགལ་ཟླའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡང་རིག་གནས་ཀྱི་མདུན་ལམ་ཉག་གཅིག་ཡིན་པས་སོ།། དེའི་ཕྱིར་རང་ངོས་ནས་ཀྱང་ལས་ཞོར་དུས་ཁོམ་ཕྲན་བུ་ཡོད་རིགས་དམ་འཛིན་གྱིས་གོང་གསལ་གནད་དོན་དེ་གསུམ་དང་འབྲེལ་བའི་དཔྱད་རྩོམ་བསྡུས་པོ་འདི་ལྟ་བུ་ཞིག་སྤེལ་བ་དེ་ཡང་། བློ་དམན་རྣམས་ལ་མཚམས་སྦྱོར་དང་། བློ་མཉམ་རྣམས་ལ་གྲོས་འདེབས། བློ་ལྡན་རྣམས་ལ་སྐུལ་མ་བཅས་ཡིན་ལ། ཉིང་དགོས་ཀྱང་འབྱུང་འགྱུར་བོད་ཀྱི་རིག་གནས་སྔར་བས་དར་རྒྱས་གོང་འཕེལ་ཡོང་བར་སྨན་ཕྱིར་ཡིན་ན། སླད་མའི་ཆར་བོད་ཀྱི་རིག་གནས་ལ་ཐུགས་ཞེན་མཛད་མཁན་རྣམས་ཀྱིས་ཀྱང་དེའི་སྐོར་ལ་ཞིབ་རྒྱས་འཐུས་ཚང་གི་ཆེད་རྩོམ་ཞིག་ཀྱང་སྤེལ་གནང་རྒྱུར་རེ་སྒུག་ཞུ་བཞིན་ཡོད་དོ།། །།
དཔྱད་གཞིའི་ཡིག་ཆ།
༡. 《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ།》(བོད་ཡིག)
༢. 《གཟི་ཡི་ཕྲང་བ།》(བོད་ཡིག)
༣. 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས།》(བོད་ཡིག)
༤. 《སྣ་མང་རང་བཞིན་གྱི་འཇིག་རྟེན》(རྒྱ་ཡིག)
༥. 《བོད་ཀྱི་གནའ་རྫས་དཔྱད་ཞིབ》(རྒྱ་ཡིག)
༦. 《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།》(བོད་ཡིག)
༧. 《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》(བོད་ཡིག)
༨. 《ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཚོད་དཔག་བསྐྱར་མ།》(རྒྱ་ཡིག)
༩. 《བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས།》(བོད་ཡིག་དེབ་གཉིས་པ།)
༡༠. 《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》(བོད་ཡིག་དུས་དེབ།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1