གླིང་བཞིའི་རྩོམ་རིག་ནམ་མཁའི་ཁྱོན་ཡངས་ནས།།
སྒྲུང་རིང་ལོ་རྒྱུས་མཚོན་པའི་དབྱར་སྐྱེས་སྒྲས།།
གེ་སར་སྤྱོད་མིན་མཁས་དགུའི་ཡིད་དབང་གི།།
སར་འགྲོའི་ཚོགས་ཀྱིས་མངལ་ཁུར་འཛིན་འདི་མཚར།།
དེ་ཡང་བརྗོད་བྱ་དཔའ་བོའི་མཛད་རྗེས་ལ་བསྟོད་པ་དང་རྗོད་བྱེད་སྙན་ཚིག་བཅད་ལྷུག་སྤེལ་མའི་ལམ་ནས་དྲངས་པའི་《གླིང་གེ་སར་རྒྱལ་པོའི་སྒྲུང་》ཞེས་གྲགས་སྙན་གྱི་སྒྲ་དབྱངས་འཛམ་གླིང་གི་ཁྱོན་ན་ལྡིར་བའི་རྩོམ་རིག་རླབས་པོ་ཆེ་དེ་ཉིད་ནི་བོད་མི་དམངས་ཀྱི་གནའ་བོའི་ལོ་རྒྱུས་དང་། འཚོ་བའི་སྣང་ཚུལ། བསམ་པའི་རེ་འདུན་བཅས་སྒྲུང་གཏམ་གྱི་རྣམ་པས་མཚོན་པ་ཞིག་ཡིན་སྟབས། དུས་སྔ་མོ་ཞིག་ནས་བོད་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པར་མ་ཟད། མི་རིགས་གཞན་པ་སོག་པོ་དང་། ཧོར་འཇང་། ཕྱིའི་འབྲས་འབྲུག་དང་ལ་དྭགས་སོགས་ཀྱི་ཡུལ་དུའང་དར་ཁྱབ་བྱུང་བས་གྲགས་པ་ཤིན་ཏུ་ཆེ་བ་ལགས། ལྷག་པར་དེང་གི་དུས་སུ་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དུ་དར་ཁྱབ་ཏུ་འགྲོ་བཞིན་པར་མ་ཟད། བོད་རིག་པ་ཞེས་པའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་པ་དང་། རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོའི་ཞིབ་འཇུག་བྱ་ཡུལ་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད། རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་ཡིག་རིགས་སྣ་ཚོགས་ཀྱི་སྟེང་ནས་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ་དང་སྤེལ་བཞིན་པ་དེ་ཚོའི་ནང་《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་གནད་དོན་མང་པོའི་ཐད་ལ་ལྟ་ཚུལ་འདྲ་མིན་བཏོན་པ་དང་། སྒོས་སུ་《གླིང་གེ་སར་རྒྱལ་པོའི་སྒྲུང་》ནང་གི་མི་སྣ་གཙོ་བོ་སྟེ་གེ་སར་བྱ་བ་ནི་ལོ་རྒྱུས་ཐོག་དངོས་སུ་བྱུང་བའི་མི་སྣ་ཞིག་ཡིན་མིན་བཅས་ཀྱི་སྐོར་ལ་མཁས་པ་སོ་སོས་རང་རང་གི་འདོད་ཚུལ་ཅི་རིགས་ཤིག་བཟུང་བ་ལྟར། བཤད་ལུགས་དང་འགྲེལ་སྟངས་ཀྱང་སྣ་ཚོགས་པ་ཞིག་འབྱུང་བའི་ནང་ནས་འགའ་རེས་གེ་སར་རྒྱལ་པོ་ནི་བོད་རིགས་ལས་ཐ་དད་པའི་ཁོངས་སུ་འདྲེན་པ་ལ་སོགས་པ་ནི་ལོང་བས་མདའ་འཕེན་གྱི་དཔེ་ཟླ་ཙམ་དུ་ཟད། 《གླིང་གེ་སར་རྒྱལ་པོའི་སྒྲུང་》འདི་གཞན་རིགས་སྐྱེ་བོའི་བསྒྲག་བྱར་བྱེད་པ་དེ་ལ་ཁུངས་ལུང་སྤུ་ཙམ་མི་ལྡན་པ་ནི་རྒྱས་གླེང་བྱ་རིན་མེད་པ་ཞིག་ཏུ་འཁུམས། དེས་ན་འདིར་ཁོ་བོས་གླིང་གེ་སར་དང་སྒྲུང་གེ་སར་བར་གྱི་འབྲེལ་བ་ཞེས་པའི་ཁ་བྱང་བཟུང་ནས་རང་གི་ལྟ་ཚུལ་མདོ་ཙམ་བརྗོད་པར་བྱ་སྟེ།
དང་པོ། མཚན་དོན་བཤད་པ།
དེ་ལྟར་སྙན་གྲགས་ཅན་གྱི་སྒྲུང་རྩོམ་འདི་ལྟ་བུའི་གནད་དོན་ཐད་ལ་ཞིབ་འཇུག་གི་བགྱི་བ་ལྷུར་ལེན་པའི་ཚེ། ཐོག་མར་འདིའི་མཚན་གྱི་གོ་དོན་དང་རྣམ་གྲངས་ཅུང་ཟད་བློ་ངོར་ངེས་ན། བརྟག་དཔྱད་ཀྱི་གནས་ལ་འཇུག་བདེ་བར་ལགས་པས་མཚོན་ཙམ་བརྗོད་ན། དེ་ཡང་སྔ་དུས་ང་ཚོས་མཐོང་ཐུབ་པའི་གེ་སར་སྒྲུང་ཡིག་རྣམ་པ་སྣ་ཚོགས་དཔར་བྲིས་ཅི་རིགས་ཀྱི་མཚན་བྱང་བཀོད་པ་རྣམས་ལས། ཁ་ཤས་སུ་《གེ་སར་རྒྱལ་པོའི་རྟོགས་བརྗོད་》དང་ལ་ལར་《གེ་སར་གྱི་རྣམ་ཐར་》ཞེས་ཆེ་བརྗོད་ཀྱིས་སྦྱར་བ་འགའ་རེ་མ་གཏོགས། སྒྲུང་ཡིག་ཕལ་ཆེ་བར་《གླིང་གེ་སར་རྒྱལ་པོའི་སྒྲུང་》དང་ཡང་ན་ངག་རྒྱུན་དུ་《གེ་སར་སྒྲུང་གླུ་》ཞེས་སྒྲུང་གཏམ་གྱི་མཚན་བྱང་ཁོ་ན་ལས། གླིང་གི་ལོ་རྒྱུས་ལྟ་བུའི་མིང་གཞན་པ་འདྲ་མིན་སྣ་ཚོགས་བཀོད་པ་ནི་ཧ་ལམ་མཐོང་རྒྱུ་མེད་ལ། བོད་རང་སྐད་དུ་གཏམ་རྒྱུད་ཀྱི་རྣམ་པ་ཅན་སྒྲུང་ཞེས་པར་ཡང་སྒྲ་བཤད་ཡོད་དེ། འབྲུག་རྒྱལ་དབང་ཆོས་རྗེའི་ཞལ་ནས། “གང་ཟག་རང་ག་བ་དག་གིས་ཚེ་འདིར་དགྲ་འདུལ་གཉེན་སྐྱོང་དང་ཚོང་ཁེ་སྤོགས་སོགས་ཀྱིས་ནོར་སྒྲུབ་ཚུལ། དགེ་བ་ལྟར་སྣང་ཙམ་བྱས་ཚུལ་སོགས་རབ་བཏགས་ཀྱི་ཚིག་གིས་བརྒྱན་ཏེ་འཇིག་རྟེན་པ་རྣམས་ཡ་མཚན་སྐྱེ་ཐབས་ཙམ་དུ་སྤེལ་བ་དག་ནི་གཏམ་རྒྱུད་དོ། །”① ཞེས་སྒྲུང་ངམ་གཏམ་རྒྱུད་ཀྱི་མཚན་ཉིད་གསལ་བར་བཞག་པ་འདི་ནི་ལོ་རྒྱུས་ཡིག་ཚང་དང་རྣམ་ཐར་རྟོགས་བརྗོད་དག་དང་མི་འདྲ་བའི་ཆ་ནས་བསྟན་པ་ཡིན། སྒྲུང་ཞེས་པ་དོན་དངོས་མེད་ལ་ཚིག་སྒྲོ་འདོགས་ཀྱིས་བསྒྲུབས་ནས་བྱུང་བར་བཞེད་པ་འདི་ཡང་། ཆོས་ལུགས་པའི་བསམ་པ་ལྟར་ངེས་ཚིག་གྲུབ་པ་ཞིག་ཡིན་ཕྱིར་ཡང་དག་ཚད་ལྡན་ཞིག་ཏུ་མཐོང་བ་མི་འོས་མོད། འོན་ཀྱང་དེ་རྩོམ་རིག་སྤྱིའི་གཟུགས་བརྙན་སྐྲུན་ཚུལ་གྱི་མཚན་ཉིད་དང་ཧ་ལམ་མཚུངས་པར་མ་ཟད། བརྗོད་བྱའི་ནང་དོན་སྤྱི་ཚོགས་འཚོ་བའི་ཁྲོད་ནས་གསར་འདོན་དང་མི་སྣའི་གཟུགས་བརྙན་རྩོམ་གྱི་སྒྱུ་རྩལ་གྱིས་གསར་སྐྲུན་བྱེད་ལུགས་དང་གོ་དོན་ཕལ་ཆེར་གཅིག་ཏུ་འགྲོ་བས་རྩོམ་རིག་གི་ཁོངས་གཏོགས་ཡིན་པ་གསལ་པོར་བསྟན། དེང་སང་སྒྲུང་རྩོམ་རླབས་པོ་ཆེ་འདི་ལ་ཚན་རིག་གི་རྣམ་འགྱུར་བཟུང་ནས་མིང་དོན་མཐུན་ཞིག་འབོད་པ་ནི། བོད་རིགས་དཔའ་བོའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞེས་《གླིང་གེ་སར་རྒྱལ་པོའི་སྒྲུང་》ནི་རྩོམ་རིག་རྐྱང་རྐྱང་ཞིག་མ་ཡིན་པར། དེ་ནི་བརྗོད་བྱ་ལོ་རྒྱུས་ཀྱི་བྱུང་བ་སྣ་ཚོགས་དང་རྗོད་བྱེད་སྙན་རྩོམ་གྱི་སྒོ་ནས་དཔའ་བོའི་མཛད་རྗེས་ལ་བསྟོད་པའི་ནང་དོན་ལེགས་པར་མཚོན་པ་སྟེ། དོན་དངོས་ཀྱི་བྱུང་བ་དང་རྩོམ་རིག་གི་སྒྲོ་འདོགས་གཉིས་ཀའི་རང་བཞིན་ཅིག་ཅར་འཛོམས་པའི་མཚན་ཉིད་གསལ་པོ་ཞིག་བཞག་ཡོད་པ་དེར་ཡང་གོ་བ་གནས་ལུགས་དང་མཐུན་པ་ཞིག་ལེན་དགོས་ཏེ། ཁོ་བོས་བལྟས་ན་ལོ་རྒྱུས་ཞེས་པ་ནི་གཅིག་ན་སྒྲུང་ནང་གི་གེ་སར་ཞེས་བྱ་བ་ལོ་རྒྱུས་ཐོག་བྱུང་མྱོང་བའི་མི་སྣ་དངོས་ཤིག་ཡིན་པ་དང་། གཉིས་སུ་ན་རྗོད་དོན་ཐད་གླིང་ཚང་གི་བྱུང་བ་དང་ཁྱད་པར་དུ་བོད་ཀྱི་གནའ་བོའི་ལོ་རྒྱུས་ཀྱི་བྱུང་བ་བཅས་འདུས་ཡོད་པ་ལ་གོ་དགོས་ཤིང་། སྙན་རྩོམ་ཞེས་པ་ནི་མི་སྣའི་གཟུགས་བརྙན་དེ་རྩོམ་རིག་སྒྱུ་རྩལ་གྱིས་གསར་སྐྲུན་བྱས་པ་ཞིག་དང་། རྗོད་བྱེད་ཚིག་གི་རྣམ་པས་རྩོམ་རིག་ཏུ་བསྒྱུར་ནས་ཚིག་སྦྱོར་སྙན་ཞིང་འཇེབས་པར་མ་ཟད། བྱུང་བ་བརྗོད་སྐབས་སྒྲོ་འདོགས་ཅི་རིགས་ཀྱི་ཆ་ཡོད་པ་བཅས་ལ་གོ་དགོས་སྙམ་མོ། །
དེ་ལྟ་བུས་《གླིང་གེ་སར་རྒྱལ་པོའི་སྒྲུང་》ནི་བོད་ཀྱི་ལོ་རྒྱུས་སྟེང་གི་བྱུང་བ་སྣ་ཚོགས་བརྗོད་བྱའི་གཞིར་བྱས་པ་དང་།རྗོད་བྱེད་སྙན་ཚིག་ཕྲེང་བས་རབ་ཏུ་སྤུད་པ་སོགས་དངོས་བྱུང་ལོ་རྒྱུས་ཀྱི་མི་སྣ་ལ་སྒྱུ་རྩལ་གྱིས་གཟུགས་བརྙན་འདྲ་མིན་བསྐྲུན་ཐོག་ད་དུང་ལྷ་སྒྲུང་གི་རྣམ་པས་ཀྱང་བརྒྱན་པ་བཅས་ཀྱི་དབང་གིས་ད་ལྟ་ང་ཚོས་གླེང་བའི་གེ་སར་དེ་ནི་མིའི་རྒྱལ་པོ་དང་ལྷའི་སྲས་པོ་ཞིག་ཏུ་སོང་ཞིང་། 《གླིང་གེ་སར་རྒྱལ་པོའི་སྒྲུང་》ནི་བོད་ཀྱི་འདས་པའི་སྤྱི་ཚོགས་ཀྱི་ངོ་བོ་དང་།ལོ་རྒྱུས་ཀྱི་སྣང་ཚུལ་རྩོམ་རིག་གི་ཁྱད་ཆོས་དང་ཆོས་ལུགས་ཀྱི་ལྟ་བ་བཅས་དང་འདྲེས་ཏེ་གནའ་བོའི་བྱུང་བ་འཛིན་པའི་གཟུགས་བརྙན་སྣ་ཚོགས་གསལ་བའི་མེ་ལོང་ལྟ་བུར་གྱུར་ཡོད་པར་མ་ཟད།བོད་གནའ་རབས་ཀྱི་འཚོ་བའི་གནས་ལུགས་དང་ཡུལ་སྲོལ་གོམས་འདྲིས་སོགས་ཀྱང་རྩོམ་རིག་གི་ལམ་ནས་རྣམ་པར་མཚོན་པའི་ཤེས་བྱ་ཀུན་བཏུས་ལྟ་བུའི་དཔེ་དེབ་ཅིག་ཏུ་སྣང་།དེའི་ཕྱིར་ང་ཚོས་ངེས་པར་དུ་སྒྲུང་རྩོམ་འདི་ཉིད་ལ་ཕྱོགས་གང་ཅིའི་ཐད་ནས་ཞིབ་འཇུག་ནན་ཏན་བྱ་དགོས་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བར་སེམས་སོ། །
གཉིས་པ། གླིང་གེ་སར།
དེ་ཡང་སྐབས་འདིར་བརྗོད་པའི་གླིང་གེ་སར་བྱ་བ་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་གང་ཟག་གདོས་བཅས་པ་ཞིག་ལ་ཟེར་ཞིང་། དེ་ནི་མའི་བྱང་ཁོག་འགྲིམས་ནས་སྐྱེས་པའི་མི་ཞིག་ཡིན་པར་མ་ཟད། དེའི་བྱུང་བ་དང་ལོ་རྒྱུས་ཀྱང་བོད་ཀྱི་དེབ་ཐེར་དང་ཆོས་འབྱུང་། རྒྱལ་རབས་དང་རྣམ་ཐར་སོགས་ཡིག་ཚང་གྲགས་ཆེན་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》དང་། 《མདོ་སྨད་ཆོས་འབྱུང་།》 《སུམ་པའི་དྲིས་ལན།》 《རླངས་ཀྱི་པོ་ཏི་བསེ་རུ།》 《ཀ༠ཐོག་ཆོས་འབྱུང་།》 《སྡེ་དགེའི་རྒྱལ་རབས།》 《མགོ་ལོག་རུས་མཛོད།》 《སི་ཏུའི་རང་རྣམ་》སོགས་ལོ་རྒྱུས་ཁུངས་བཙུན་དུ་མར་གསལ་བ་སྟེ། སྡེ་དགེ་གླིང་ཚང་གི་རྒྱལ་པོའི་གདུང་རྒྱུད་དུ་འཁྲུངས་པའི་གླིང་གེ་སར་བྱ་བའི་སྐྱེས་བུ་སྟེ། བོད་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་ཏེ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་བོད་ཆེན་པོའི་ལྗོངས་ཀྱི་ཡུལ་མདོ་སྨད་ཁམས་སུ་རྨ་འབྲི་རྫ་གསུམ་འབབ་པའི་ཀླུང་ཆེན་གྱི་ནང་ཚན། བར་རྫ་ཆུ་ལ་སྐྱེའི་གཞུང་དང་ཚ་ལུང་པའི་ཆུ་བོའི་འདུས་མདོ་①(ད་ལྟ་སྡེ་དགེ་རྫོང་ཨ་ཕྱུག་ཞང་ཁོངས་)རུ་འཁྲུངས་ཤིང་།ཕྱིས་རྨ་ཡུལ་ཏེ་ད་ལྟའི་མགོ་ལོག་ས་ཆར་གཞིས་ཆགས་ཏེ་ཡུལ་གྲུ་དེ་ཀུན་ལ་མངའ་དབང་མཛད་པས་སྲིད་ཞིའི་མཛད་འཕྲིན་ཅུང་ཟད་རྒྱས་པ་ཞིག་ཏུ་གྱུར་ཅིང་། སྐབས་དེ་ཡང་བོད་ཆེན་པོའི་རྒྱལ་ཁམས་སིལ་བུར་ཐོར་ཏེ་སྡེ་དཔོན་སོ་སོས་རང་རང་བཅད་བཟུང་གི་ས་ཁུལ་ལ་དབང་སྒྱུར་བའི་དུས་ཡིན་པ་དང་། གེ་སར་ཡང་དཔའ་ངར་ཆེ་ཞིང་མཐུ་སྟོབས་ལྡན་པ་དང་བློ་རིག་གྲིམ་ལ་དམག་འཐབ་མཁས་པ་ཞིག་ཡིན་པས། ཁོང་གིས་རང་སྡེ་བྱམས་དང་སྙིང་རྗེས་བསྐྱངས་ཤིང་། ཕས་རྒོལ་ཇག་ཚོགས་ཐབས་དང་ནུས་པས་ཚར་བཅད་པ་དང་། རང་ཉིད་ལྷ་ཆོས་ལ་ཡིད་མོས་ཏེ་རླངས་ཨ་མྱེས་བྱང་ཆུབ་འདྲེ་ཁོལ་དང་སློབ་དཔོན་སྨྲྀ་ཏི་སོགས་གདན་དྲངས་ཏེ་བླ་མར་བསྟེན་ནས་ཆོས་ཞུས་པ་དང་གཙུག་ལག་ཁང་སོགས་བཞེངས་པར་བཤད་པ་བཞིན་ཏེ། སྐུ་ཚེ་གང་བོར་དེ་ལྟ་བུའི་མཛད་འཕྲིན་སྤེལ་རྗེས་མཐར་དགུང་གྲངས་གྱ་གཉིས་པ་ལ་བདེ་བར་གཤེགས་ཞེས་ལོ་རྒྱུས་ཡིག་ཆ་རྣམས་སུ་འཁྲུངས་འདས་ཀྱི་ལོ་རེས་ཙམ་མ་གཏོགས་ལོ་སྐོར་སོགས་བཞེད་ཚུལ་མཐུན་པ་ལྟར་ལགས་སོ། །
དེ་ཡང་དང་ཐོག་ས་དེ་གའི་ཡུལ་མི་རྣམས་ཀྱིས་རྗེ་བོའི་བཀའ་དྲིན་དང་མཛད་རྗེས་ལ་དྲན་གསོའི་ཆེད་དུ་གེ་སར་གྱི་བྱུང་བ་འགའ་རེ་ཐོག་མར་ངག་རྒྱུན་དུ་བསྟོད་གཏམ་གྱི་རྣམ་པས་གྲགས་པར་གྱུར་ལ། ཡང་གེ་སར་གྱི་གདུང་རྒྱུད་ཕྱི་མ་དག་གིས་རང་གི་ཕ་མེས་ལ་བཀུར་བསྟིའི་ཚུལ་གྱིས་ཁོང་གི་ཤུལ་རྫས་ཁྲབ་རྨོག་འཁོར་གསུམ་དང་སྒ་སྲབ་ལྟ་བུ་སོགས་རྟེན་ལ་བཞུགས་ནས་ལྷ་ཁང་བཞེངས་པའི་དབང་གིས་གེ་སར་ཡང་ལྷ་ལྟར་མཆོད་པའི་གནས་སུ་སོང་བར་གྱུར། དེར་བརྟེན་ནས་རིམ་གྱིས་སྒྲུང་གི་རྣམ་པར་བསྒྱུར་བས་ཕྱིས་ཀྱི་གེ་སར་སྒྲུང་གི་ནང་བརྗོད་པའི་མི་སྣའི་གཙོ་བོར་གྱུར། 《འཁྲུངས་གླིང་》དང་《འཛམ་གླིང་སྤྱི་བསང་།》 《རྟ་རྒྱུགས་རྒྱལ་འཇོག》 《འདན་མ་ནས་རྫོང་།》 《རྨ་ཡུལ་ས་བཟུང་།》 《བདུད་འདུལ་》ལྟ་བུ་སོགས་ནི་ཐོག་མར་བྱུང་བའི་ལོ་རྒྱུས་སྒྲུང་གི་རྣམ་པ་ཁོ་ན་དང་། དེ་དག་ཀྱང་ཕལ་ཆེ་བ་གླིང་གེ་སར་ཉིད་དང་གླིང་ཡུལ་འབའ་ཞིག་གི་བྱུང་བ་བརྗོད་པའི་ལོ་རྒྱུས་ཏེ་སྒྲུང་གི་ནང་དོན་ཅུང་ཟད་འདྲེས་ནའང་། མང་ཆེ་བ་བྱུང་བ་ངོ་མ་དང་གནས་ཚུལ་དངོས་ཅན་རྣམས་སྐབས་དེར་ངག་ཐོག་ཏུ་ཇི་བཞིན་ཁྱབ་ཡོད་པ་ཕྱིས་ཡི་གེར་བཀོད་ནས་རིམ་གྱིས་བརྒྱུད་པས་ད་ལྟའི་བར་དུའང་ས་མིང་ཆུ་མིང་དང་། གནའ་ཤུལ་དངོས་རྫས་སོགས་ངོས་འཛིན་རྒྱུ་མང་པོ་ཡོད་པ་བཞིན་དང་། རྒྱུ་མཚན་འདི་དག་གིས་དང་བོད་ཀྱི་མཁས་པ་དང་དཔྱོད་ལྡན་མང་པོས་གླིང་ཡུལ་ཆགས་རིམ་དང་གླིང་གི་ལོ་རྒྱུས་རྣམས་སྒྲུང་ཡིག་ལ་ཁུངས་བྱས་ཏེ། གེ་སར་རྒྱལ་པོའི་འཁྲུངས་ཡུལ་དང་ལོ་ཚིགས་སོགས་གཏན་ལ་ཕབ་ནས། མཁས་རློམ་ལ་ལས་གེ་སར་མི་རིགས་གཞན་པའི་དཔའ་བོ་ཆེ་གེ་མོ་ཞིག་ཡིན་ཚུལ་གླེང་བའི་ཁུངས་མེད་ཀྱི་ལོང་གཏམ་ལ་དགག་གཞག་མཛད་པ་ནི་ཤིན་ཏུ་ནས་དོན་ལ་གནས་ཤིང་ཡང་དག་པ་ཡིན་ནོ། །
ཡང་གླིང་གེ་སར་དངོས་སུ་བྱུང་བའི་ཁུངས་ལུང་ཡང་དག་པ་དེ་རྒྱུ་མཚན་དུ་བྱས་ནས་སྒྲུང་ནང་གི་གེ་སར་བྱ་བའང་གླིང་གེ་སར་དངོས་དང་། དེའི་ནང་དོན་ཐམས་ཅད་གླིང་གི་ལོ་རྒྱུས་ངོ་མ་ཡིན་ཚུལ་ལམ་ཡང་ན་སྒྲུང་ནང་གི་གེ་སར་གྱི་མཛད་རྗེས་རྣམས་གཅིག་ཀྱང་མ་ལུས་པ་གླིང་གེ་སར་ཁོ་ནའི་སྟེང་ལ་སྦྱར་ན། ཧ་ཅང་ཐལ་ཆེ་བས་འགྲེལ་ཐབས་མེད་པར་མ་ཟད། དོན་དངོས་དང་མཐུན་ཐབས་དེ་བས་ཀྱང་བྲལ་ཏེ། སྤྱིར་སྒྲུང་ནང་གི་གེ་སར་བྱ་བའང་གླིང་གེ་སར་གྱི་མི་སྣའི་རྒྱུ་དང་མིང་གི་ས་བོན་ལས་བྱུང་བ་ཡིན་ངེས་ཀྱི། འོན་ཀྱང་གླིང་གེ་སར་དངོས་ལ་གོ་མི་ཉན། ཁྱད་པར་དུ་སྒྲུང་ནང་གི་བརྗོད་དོན་ཐོག་མཐའ་བར་གསུམ་གྱི་བྱུང་བ་རྣམས་གླིང་གེ་སར་གྱི་མཛད་རྗེས་དང་ལོ་རྒྱུས་ཁོ་ནའོ་ཞེས་འཆད་པར་བྲེལ་ཚེ། རྣམ་དཔྱོད་དང་ལྡན་པ་རྣམས་བཞད་གད་མི་འཆོར་བ་ག་ལ་སྲིད། དེའི་ཕྱིར་ང་ཚོས་གླིང་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་མི་སྣ་ཞིག་ཡིན་པ་དང་། དེ་ཕྱིས་རིམ་གྱིས་སྒྲུང་དེབ་སྟེང་བཀོད་ནས་སྒྱུ་རྩལ་གྱི་རྣམ་པས་གཟུགས་སུ་བཀོད་པའི་བོད་རིགས་དཔའ་བོ་ཞིག་ཏུ་གྱུར་པར་འདོད་ལ། གླིང་གེ་སར་ནི་ཡུལ་ཉི་ཚེ་བའི་རྗེ་དཔོན་བྱས་པའི་གང་ཟག་གདོས་བཅས་པ་ཞིག་དང་།སྒྲུང་ནང་གི་གེ་སར་ནི་གང་ཟག་གདོས་བཅས་པ་དེ་ལ་བརྟེན་ནས་བོད་ཀྱི་རྒྱལ་པོ་སྟེ་བོད་ཀྱི་བཙན་པོའི་མཚོན་བྱེད་ལྟ་བུའི་སྐྱེས་བུ་ཞིག་ཡིན་པ་འོག་ནས་འཆད་པར་འགྱུར་རོ། །
གསུམ་པ། སྒྲུང་གེ་སར།
དེ་ཡང་འདིར་སྒྲུང་གེ་སར་ཞེས་འབོད་དོན་ནི་གླིང་གེ་སར་ཏེ་དངོས་བྱུང་མི་སྣ་དེ་ལ་བརྟེན་ནས་བྱུང་བའི་སྒྲུང་ནང་གི་གླིང་གེ་སར་བྱ་བ་རྩོམ་རིག་སྒྱུ་རྩལ་གྱིས་གསར་སྐྲུན་བྱས་པའི་གཟུགས་བརྙན་དེ་ལ་ཟེར་བ་ཡིན་ཏེ། དེ་ནི་སྔ་མ་དང་འབྲེལ་མེད་ཐ་དད་ཀྱི་འགའ་བ་མེད་ཀྱང་གཅིག་ཁོ་ན་ལ་ངོས་འཛིན་བྱེད་མི་རིགས་སོ། །སྤྱིར་《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་བརྗོད་བྱ་གཙོ་བོ་ནི་དཔའ་བོའི་མཛད་རྗེས་ལ་བསྟོད་པ་དང་དམག་འཁྲུག་གི་བྱུང་བ་ཤ་སྟག་ཡིན་ལ། དེའི་ཐོག་མའང་གླིང་ཚང་གི་རྗེ་དཔོན་གེ་སར་ཉིད་ཀྱིས་ཕས་རྒོལ་ཇག་ཚོགས་བཏུལ་བའི་མཛད་རྗེས་དང་བྱུང་བ་སྣ་རེ་ལ་བརྟེན་ནས་ཐོག་མའི་སྒྲུང་གི་རྣམ་པ་བྱུང་བ་ཡིན་ཞིང། ཕྱིས་སུ་རིམ་གྱིས་སྒྲུང་མཁན་རྣམ་པས་བོད་ཀྱི་ལོ་རྒྱུས་སྟེང་གི་བྱུང་བ་སྣ་ཚོགས་དང་། ཁྱད་པར་དུ་བོད་བཙན་པོའི་དུས་སྐབས་སུ་བོད་ཆེན་པོ་གཅིག་གྱུར་བྱས་པའི་མཐའ་བཞིའི་དམག་འཁྲུག་སོགས་ཀྱི་བྱུང་བ་མང་པོའི་འབག་གོས་གླིང་གེ་སར་གྱི་སྟེང་ལ་སྦྱར་ཅིང་། ལོ་རྒྱུས་ཀྱི་མི་སྣའི་རྒྱུ་དངོས་ལས་སྒྱུ་རྩལ་གྱི་གཟུགས་བརྙན་གསར་དུ་བསྐྲུན་ཏེ་སྒྲུང་ནང་གི་གླིང་གེ་སར་རྒྱལ་པོ་ཞེས་པའི་སྐྱེས་བུ་ཆེན་པོ་དེ་བྱུང་བ་ལགས་སོ། །
ཡང་ན་དེ་མིན་པར་སྒྲུང་གེ་སར་དེ་མགོ་ནས་མཇུག་བར་ལོ་རྒྱུས་ཀྱི་མི་སྣ་བྱས་ཏེ། སྒྲུང་ཡོངས་རྫོགས་ཀྱང་གླིང་རྒྱལ་པོའི་བྱུང་བ་དང་མཛད་རྗེས་ཁོ་ན་ཡིན་པར་གོ་ན་ཧ་ཅང་ཐལ་དྲགས་པར་མི་འགྱུར་གྲང་། དཔེར་ན་སྒྲུང་ནང་དུ་གླིང་གིས་ཞང་ཞུང་དང་སུམ་པ་སོགས་ཀྱི་རྫོང་ཆེན་ཕབ་ཚུལ་བཀོད་ཡོད་པས། དེ་ནི་དོན་དངོས་སུ་བོད་ཆེན་པོ་གཅིག་གྱུར་ཐོག་མར་བྱུང་དུས་ནས་སྟོད་ཀྱི་ཞང་ཞུང་དང་སྨད་ཀྱི་སུམ་པ་བཅས་རྒྱལ་པོ་སྲོང་བཙན་གདུང་རབས་ཀྱིས་ཆབ་འོག་ཏུ་བསྡུས་ཟིན་ནས་ཀྱང་མིང་གི་ལྷག་མ་ཙམ་བྱས་ཏེ་ལོ་ངོ་བཞི་བརྒྱ་ལྷག་འདས་པའི་རྗེས་སུ། ད་དུང་ཞང་སུམ་ལྟ་བུའི་སྡེ་ཆེན་པོ་དང་ཁམས་ཀྱི་ས་གནས་རྒྱལ་པོ་གླིང་ཚང་ཐུག་པའི་རྒྱུ་མཚན་ག་ནས་ཡོང་སྲིད། 《གླིང་གེ་སར་རྒྱལ་པོའི་སྒྲུང་》དག་ལས་བྱུང་བའི་ 《ཞང་གླིང་》དང་ 《སུམ་གླིང་》ལྟ་བུ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་བྱུང་བ་དང་། 《ཧོར་གླིང་》ནི་མང་སྲོང་སྐབས་འ་ཞར་འཐབ་པ་དང་། 《འཇང་གླིང་》ནི་ཁྲི་འདུས་སྲོང་སྐབས་མྱྭ་དཀར་ནག་བཏུལ་བ་དང་། 《ཁ་ཆེ་གཡུ་རྫོང་》དང་《སྟག་གཟིག་ནོར་རྫོང་།》 《རྒྱ་འདུལ་》ལྟ་བུ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཕྱི་ལ་གཏུགས་པ་དང་། 《གྲུ་གུ་གོ་རྫོང་》ལྟ་བུ་ནི་ཁྲི་རལ་པ་ཅན་གྱི་སྐབས་བྱང་ལ་གཏུགས་པ་བཅས་རིམ་པ་བཞིན་བཙན་པོ་སོ་སོའི་རིང་ལ་བྱུང་བའི་མཐའ་བཞིའི་དམག་འཁྲུག་གི་བྱུང་ཚུལ་དང་འཁྲུག་རྐྱེན་སོགས་བརྗོད་བྱའི་གཞི་བྱས་ནས་བཀོད་པ་ཡིན་སྙམ། དཔེར་ན། 《གྲུ་གུ་གོ་རྫོང་》ལྟ་བུར་སྐབས་དེར་ཁྲི་རལ་རྒྱལ་ཐོག་ཏུ་བཞུགས་ཡོད་ཚུལ་སོགས་སྒྲུང་དེ་ཉིད་དུ་གསལ་བ་ལྟར་དང་། གཞན་ལོ་རྒྱུས་ཀྱི་དུས་སྐབས་མཚུངས་པ་བོད་སིལ་བུར་ཐོར་རྗེས་ཀྱི་བྱུང་བ་ཡང་མཚོན་པ་ཡོད་དེ། དཔེར་ན། 《ཟི་ལིང་རྟ་རྫོང་》དང་། 《མི་ཉག་དྲེལ་རྫོང་།》 《རྒྱ་ནག་ཇ་རྫོང་》ལྟ་བུ་ནི་དུས་ཕྱིས་མདོ་སྨད་དུ་བོད་བཙན་པོའི་གདུང་རྒྱུད་ལས་རྒྱལ་སྲས་བྱ་བའི་སྐྱེས་བུ་ཞིག་བྱོན་པ་དེས། མདོ་ཁམས་སྨད་ལ་དབང་བསྒྱུར་ཅིང་མི་རིགས་འདི་དག་དང་དེ་མཚུངས་ཀྱི་འབྲེལ་གཏུག་དང་འཐབ་འཁྲུག་བྱས་པའི་ལོ་རྒྱུས་ཡོད་པ་བཞིན་དེ་རྣམས་བརྗོད་གཞི་བྱས་ནས་སྒྲུང་དུ་བཀོད་པའང་ཡོད། དེང་གི་དཔྱོད་ལྡན་ལ་ལས་ཀྱང་གཉིས་ཀའི་བྱུང་བ་ར་སྤྲོད་བྱས་ཡོད་པ་བཞིན་ལགས་སོ། །
ཡང་བློ་གསལ་འགའ་རེ་དང་མཁས་པ་ལ་ལས་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་། ཡང་ན་རྒྱལ་སྲས་སོགས་གང་རུང་ཞིག་ལ་ངོས་འཛིན་བྱས་པའང་རྒྱུ་མཚན་དེ་དག་གི་དབང་གིས་ཡིན་མོད། འོན་ཀྱང་གེ་སར་གྱི་བརྗོད་གཞི་མང་ཆེ་བ་རྒྱལ་པོ་དེ་དག་གི་བྱུང་བ་ཡིན་སྲིད་ནའང་། དེ་ལྟར་གེ་སར་ནི་‘་རྒྱལ་པོ་ཆེ་གེ་མོ་ཡིན་་ནོ་”ཞེས་ཁ་ཚོན་གཅོད་ག་ལ་ནུས། དེའང་སྔོན་དུ་སོང་བའི་རྒྱུ་མཚན་རྣམས་དང་སྒྲུང་ནང་གི་གླིང་དང་གེ་སར་བྱ་བའི་མིང་ཙམ་གྱིས་ཀྱང་མི་སྣ་གཞན་ལ་བརྗོད་པར་མི་འཇུག་ཅིང་། འདི་ལྟ་བུའི་སྒྲུབ་བྱེད་ནི་ལོ་རྒྱུས་ཁོ་ན་ལས་རྩོམ་རིག་གི་ཆ་ལ་བསམ་བློ་མ་བཏང་བས་ལན་ནོ། །
《གླིང་གེ་སར་རྒྱལ་པོའི་སྒྲུང་》ནང་གི་ལོ་རྒྱུས་ཀྱི་བརྗོད་བྱ་གཙོ་བོ་ནི་ཐོག་མར་གླིང་ཚང་གི་ལོ་རྒྱུས་ནས་བར་དུ་བོད་ཀྱི་དུས་སྔ་ཕྱིའི་བྱུང་བ་རྣམ་པ་སྣ་ཚོགས་དང་། མཐར་གཞི་དངོས་མེད་ལ་སྒྲོ་འདོགས་ཀྱི་གཟུགས་བརྙན་དང་འཆར་ཡན་གྱི་བསམ་པས་ལྷ་སྒྲུང་གི་རྣམ་པར་བཅོས་པ་བཅས་ཀྱིས་གླིང་གེ་སར་ཡང་ཐོག་མའི་མི་སྣ་ནས་བར་གྱི་གཟུགས་བརྙན་དང་མཐའ་མར་གཟུགས་མེད་ཀྱི་ལྷར་གྱུར་པའི་གོ་རིམ་ངེས་ཅན་ཞིག་བརྒྱུད་མྱོང་ལ། ཁྱད་པར་དུ་《གླིང་གེ་སར་རྒྱལ་པོའི་སྒྲུང་》བྱུང་བའི་དུས་སྐབས་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་དང་མི་དམངས་ཀྱི་བསམ་འདུན་ནམ་རྩོམ་མཁན་གྱི་ལྟ་བ་བཅས་ཀྱི་དབང་གིས་སྒྲུང་གེ་སར་གྱི་གཟུགས་བརྙན་གསར་དུ་བསྐྲུན། སྐབས་དེར་ཆོས་ལུགས་ཀྱི་བསམ་བློ་དང་ལྷ་སྒྲུང་གི་རྣམ་པ་མང་དུ་སྤྱད་པས། ད་ལྟ་ང་ཚོས་སྒྲུང་རྣམས་སུ་མཐོང་བའི་གླིང་གེ་སར་དེ་ལོ་རྒྱུས་ཀྱི་བྱུང་བའི་ཆས་གོས་དང་། རྩོམ་རིག་སྒྲོ་འདོགས་ཀྱི་གདོང་འབག །ཆོས་ལུགས་ལྟ་བའི་རུ་ཐུར། ལྷ་སྒྲུང་བསམ་པའི་སྒྲོ་གཤོག་བཅས་ཀྱིས་བརྒྱན་པའི་སྐྱེས་བུའི་གཟུགས་བརྙན་དེ་འདྲ་ཞིག་བྱུང་བ་ཡིན།
བཞི་པ། གེ་སར་ཞེས་པའི་མིང་།
དེ་ཡང་འདིར་གླིང་གེ་སར་བྱ་བའི་མིང་ལས་འཕྲོས་ཏེ་བོད་གངས་ཅན་པའི་བརྡ་ལ་གེ་སར་ཞེས་འབོད་པའི་མིང་གི་གོ་དོན་དང་རྣམ་གྲངས་ཅུང་ཟད་བརྗོད་ན། སྤྱིར་གེ་སར་བྱ་བའི་ཐ་སྙད་འདི་དང་ཐོག་ལེགས་སྦྱར་སྐད་ཀྱི་ཀེ་ས་ར་ཞེས་པའི་མིང་ལས་ཟུར་ཆག་སྟེ་བྱུང་བ་ཡིན་ལ། བོད་སྐད་དུ་བསྒྱུར་ན་ཟེ་བའམ་ལྟེ་བ་བྱ་བའི་དོན་ཡིན་ཞིང་། སྐྲ་ལྟ་བུ་ལ་གོ་བས་མེ་ཏོག་གི་སྐྲ་དང་འདབ་མའི་དབུས་ཀྱི་དོག་པའམ་སྙེ་མ་དང་ཡང་ན་མེ་ཏོག་རང་ལ་ཡང་འཇུག་པ་སོགས་དག་ཡིག་རྣམས་སུ་གསལ་བ་ལྟར་ལགས་ཤིང་། འདིར་དེ་མིན་པའི་གོ་དོན་དང་ངོས་འཛིན་ནི་རང་རེའི་བོད་ཀྱི་ལོ་རྒྱུས་རྣམས་སུ་གེ་སར་ཞེས་རྒྱལ་པོ་དག་གི་མཚན་གྱི་རྣམ་གྲངས་སུ་བརྗོད་པ་མང་བས། དེར་ལོ་རྒྱུས་སྨྲ་བ་སོ་སོའི་བཞེད་ཚུལ་དང་ངོས་འཛིན་མི་གཅིག་པ་བྱུང་བའི་དབང་གིས་མིང་འདི་ཡང་ཅུང་ཟད་ཪྙོག་འཛིང་ལྟ་བུར་གནས་ཡོད། དེ་ཡང་དབྱེ་ན་གེ་སར་ཞེས་བོད་རང་རིགས་ཀྱི་རྒྱལ་པོ་དག་གི་མཚན་དུ་འབོད་པ་དང་མི་རིགས་གཞན་པའི་རྒྱལ་པོར་ཡང་གེ་སར་ཞེས་བཏགས་པ་སྟེ་རིགས་གཉིས་འདུག །
དང་པོ། བོད་རང་རིགས་ཀྱི་རྒྱལ་པོའི་མཚན་ལ་འབོད་པ་ནི་སྐབས་དོན་སྔ་མ་གླིང་གེ་སར་རྒྱལ་པོ་དང་ཕྱི་མ་སྒྲུང་ནང་གི་གེ་སར་རྒྱལ་པོ་ཞེས་བརྗོད་མ་ཐག་པ་དེ་གཉིས་ལགས་ཤིང་། དེའང་གོང་དུ་སྨྲས་པ་བཞིན་གླིང་གེ་སར་ནི་ལོ་རྒྱུས་ཀྱི་མི་སྣ་ངོ་མ་ཞིག་དང་དེའི་རྒྱུ་དང་མིང་གི་ས་བོན་ལ་བརྟེན་ནས་སྒྲུང་ནང་གི་གེ་སར་བྱ་བ་དེ་བྱུང་བ་ཡིན་ལ། དེང་སང་འཛམ་གླིང་ན་སྙན་གྲགས་ཁྱབ་པའི་《གླིང་གེ་སར་རྒྱལ་པོའི་སྒྲུང་》རྣམས་ནི་ཕྱི་མའི་བདག་ཉིད་ཅན་ཡིན་པ་ཤེས་དགོས་སོ། ། དེས་ན་བོད་རང་སྐད་དུ་གེ་སར་ཞེས་འབོད་པའི་རྒྱུ་མཚན་ལ། རང་རེའི་མཁས་པ་དག་གིས་“གེ་སར་བྱ་བར་བློ་རིག་འབུས་པའམ་གློ་བུར་དུ་འཕེལ་བ་སོགས་ཀྱི་གོ་དོན་ལྡན་པར་གསུངས་པ་སྟེ་གླིང་ཇོ་རུས་རྟ་རྒྱུག་རྒྱལ་འཇོག་བྱས་ནས་རྒྱལ་ཁ་བླངས་པས་བློ་དང་རིག་པ་གེ་སར་བའི་རྗེས་སུ་མིང་ཡང་དེ་ལྟར་དུ་ཆགས་སོ། །”ཞེས་པ་ནི་ཤིན་ཏུ་འཐད་དེ། 《གླིང་གེ་སར་རྒྱལ་པོའི་སྒྲུང་》ལས་《རྟ་རྒྱུག་དཔྱིད་ཀྱི་ཉི་མ་》བྱ་བར་ཡང་དེ་འདྲའི་མིང་ཐོགས་ལུགས་བཀོད་ཡོད་པའི་ཕྱིར་རོ། །
ཡང་ལ་ལས་གེ་སར་ཞེས་པའི་མིང་གི་ཐོགས་དོན་ནི་གཡུལ་ན་བརྟན་པའི་དཔའ་བོ་འགྲན་ཟླ་དང་བྲལ་བ་རྣམས་ཀྱི་མིང་ཡང་གེ་སར་ཟེར་ཞེས་པ་དང་། ཐ་ན་ལ་ལས་དེ་སོག་སྐད་ཡིན་པར་བརྩིས་ནས་དཔའ་བོར་འགྲེལ་ལོག་རྒྱག་པ་ནི་ལྟ་རྒྱ་ཆུང་བས་ལན་ཏེ། སོག་སྐད་དུ་དཔའ་བོ་ནི་བོད་ཀྱི་སྐད་དཔའ་ཐུལ་བྱ་བའི་མིང་གཡར་བས་ད་ལྟའང་“པཱ་ཐུར་”ཞེས་ཟུར་ཆག་རྒྱུན་འབྱམས་སུ་འབོད་པ་ལྟར་ཏེ། 《གླིང་གེ་སར་རྒྱལ་པོའི་སྒྲུང་》སོག་ཡུལ་དུ་ཁྱབ་པར་བརྟེན་ནས་ཁོང་ཚོའི་དམངས་ཁྲོད་དུ་གེ་སར་བྱ་བ་དཔའ་བོའི་གཟུགས་བརྙན་ཞིག་ཏུ་གྲུབ་པ་མ་གཏོགས། མིང་རང་ངོས་ལ་དཔའ་བོའི་གོ་དོན་མེད་པ་ཤེས་པར་བྱའོ །
ཡང་ཁ་ཤས་ཀྱིས་གེ་སར་ཞེས་ཟེར་དོན་ནི་གླིང་གེ་སར་གྱིས་སྟོད་རྒྱ་གར་ཆོས་རྫོང་ཕབ་ནས་རྒྱ་གར་རྒྱལ་པོས་བོད་ཡུལ་གྱི་སྣོད་བཅུད་ནི་པད་མ་ལྟར་ལེགས་ཤིང་། དེའི་ནང་གི་སྐྱེས་བུ་འདི་ཉིད་པད་མའི་ནང་གི་ཟེའུ་འབྲུ་སྟེ་གེ་སར་ལྟ་བུའོ་ཞེས་བསྔགས་པ་དཔེའི་སྒོ་ནས་མིང་བཏགས་པར་འདོད་མཁན་ཡོད་ནའང་། འོ་ན་ཁ་ཅིག་གིས་གེ་སར་སྒྲུང་གི་མགོ་མཇུག་བར་གསུམ་དུ་སློབ་དཔོན་པད་མ་འབྱུང་གནས་ནི་གཙོ་བོ་ཡིན་ལ། སྒྲུང་ལ་ལར་ད་དུང་གེ་སར་ནི་སློབ་དཔོན་གྱི་ཐུགས་སྤྲུལ་ཡིན་པར་བཤད་པས།རྫུས་སྐྱེས་པད་མའི་ཐུགས་སྤྲུལ་ལས་འཁྲུངས་པས་ན་གེ་སར་ཞེས་པའི་མཚན་བཏགས་སོ །ཞེས་གལ་ཏེ་སྨྲ་མཁན་བྱུང་ན་དེ་ལ་ལན་འགྲེལ་བ་ཅི་ལྟར་བགྱི་དགོས།
ཡང་ལ་ལས་རྒོད་གསར་ཞེས་པའི་ཡི་གེ་ཟུར་ཆག་པ་ཨེ་ཡིན་འདོད་ཀྱང་དེ་རྣམས་ནི་སྔ་ལབ་རྗེས་འབྲང་དང་རིགས་འདེད་ཙམ་དུ་ཟད་པས་རྒྱུ་མཚན་ཆེ་བར་མི་སེམས་སོ།
གཉིས་པ། མི་རིགས་གཞན་པའི་རྒྱལ་པོར་གེ་སར་ཞེས་བཏགས་པའི་ཚུལ་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་《རྒྱལ་རབས་གསལ་བའི་མེ་ལོང་》སོགས་སུ་བོད་རྒྱལ་སྲོང་བཙན་སྐབས་ཀྱི་མཐའ་བཞིའི་རྒྱལ་པོ་བགྲང་སྐབས་གེ་སར་དམག་གི་རྒྱལ་པོ་ཞེས་འབྱུང་ལ། ཡང་ལོ་རྒྱུས་ཡིག་ཚང་ལ་ལར་བྱང་གེ་སར་དང་། ལ་ལར་ཧོར་གེ་སར། ཡང་ལ་ལར་ཁྲོམ་གེ་སར་དང་གྲུ་གུའི་གེ་སར་སོགས་སྣ་ཚོགས་ཤིག་འབྱུང་བ་དག་གི་ངོས་འཛིན་ནི། ཏུན་ཧོང་ཡིག་ཆའི་《བྱང་ཕྱོགས་ན་བཞུགས་པའི་རྒྱལ་པོའི་རབས་》①ཞེས་པ་ལས། ཧོར་གྱི་རྒྱལ་པོ་ཞེས་བྲིས་པའི་ཧོར་②ཏེ་རྒྱ་ནག་སྐད་དུ་ཧུའེ་ཧུའུ་ཞེས་འབོད་པའི་རིགས་དེའི་རྒྱལ་པོའི་རབས་ལས་དུས་ནམ་བྱོན་སོགས་གསལ་ཁ་མེད་ཀྱང་། གང་ལྟར་སྲོང་བཙན་སྐབས་སུ་དེར་བྱུང་བའི་རྒྱལ་པོ་དམག་ཤེད་ཅན་ཞིག་ལ་ཟེར་བ་ཡིན་ངེས་སྙམ། རྒྱུ་མཚན་ནི་རིགས་དེ་ཐོག་མར་གྲུ་གུར་གཏོགས་པས་འབྱུང་ཁུངས་ཀྱི་ཆ་ནས་གྲུ་གུའི་གེ་སར་དང་། ཡང་རིགས་ལ་ཧོར་ཞེས་འབོད་པས་ཧོར་གེ་སར་དང་། དེར་གཙོ་བོ་དམག་གི་དཔུང་ཆེན་པོ་མངའ་བའི་ཆ་ནས་གེ་སར་དམག་གི་རྒྱལ་པོ་དང་། ཡང་ཁྲོམ་གེ་སར་ཞེས་འབོད་དོན་ནི། ཁྲོམ་བྱ་བ་དམག་དང་དམག་སྒར་སོགས་ཀྱི་བརྡ་ཪྙིང་དུ་འཇུག་པ་དང་། ཕྱིས་ལོ་རྒྱུས་སྨྲ་བ་ལ་ལས་ཡུལ་བྱང་ཕྱོགས་ན་གནས་པའི་ཆ་ནས་བྱང་གེ་སར་སོགས་སུ་གྲགས་པར་འདོད་པས། གོང་གི་མིང་དེ་རྣམས་ནི་མི་རིགས་དང་ཁྱད་ཆོས་སོགས་ཀྱི་ཆ་ནས་ཐོགས་པའི་དོན་གཅིག་མིང་གི་རྣམ་གྲངས་ཁོ་ན་ཡིན་པར་སེམས་ཤིང་། ཐ་ན་གེ་སར་ཞེས་བོད་ཀྱིས་ཕར་བཏགས་པའི་བློ་བཟོའི་ཐ་སྙད་ཅིག་ཀྱང་ཡིན་སྲིད་ལ། དེ་མིན་སྒྲུང་ཡིག་འགའ་ན་སོག་པོའི་གེ་སར་དང་འཇང་གེ་སར་བྱ་བ་སོགས་ནི་རང་བཟོའི་ཤུགས་ཀྱིས་མང་དུ་ཉོག་སོང་བ་གོར་མ་ཆག་གོ །
ལྔ་པ། 《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་འབྱུང་རྐྱེན།
དེ་ཡང་《གླིང་གེ་སར་རྒྱལ་པོའི་སྒྲུང་》ཞེས་བོད་རིགས་དམངས་ཁྲོད་དུ་འདི་འདྲའི་ཁྱབ་གདལ་ཆེ་བ་དང་། ཀུན་གྱིས་ཤེས་ཤིང་ཉན་འདོད་པའི་རྒྱུ་མཚན་ཡང་《གེ་སར་རྒྱལ་པོའི་སྒྲུང་》གི་ཚིག་སྦྱོར་སྙན་པ་ཙམ་དང་། ཡང་ན་སྒྲུང་ནང་གི་གཏམ་རྒྱུད་མཚར་ལ་རིང་བ་ཙམ་ཞིག་ཡིན་པ་ལ་རག་ལས་པ་མིན་ཏེ། དེའང་སྤྱིར་《གླིང་སྒྲུང་》གི་བརྗོད་བྱའི་ཁྲོད་དུ་བོད་མི་དམངས་ཀྱི་གནའ་བོའི་ལོ་རྒྱུས་དང་འཚོ་བའི་གནས་ཚུལ་སོགས་ལེགས་པར་མཚོན་ཡོད་ཐོག །རྗོད་བྱེད་ཚིག་ཀྱང་སྙན་འཇེབས་དང་ལྡན་པར་མ་ཟད། བོད་རང་སྐད་དུ་གྲུབ་པས་བོད་མི་སྤྱིས་གོ་སླ་བ་བཅས་ཀྱི་རྐྱེན་འདུས་མོད་དེ། འོན་ཀྱང་ཆེས་གཙོ་བོ་ནི་《གླིང་སྒྲུང་》ནང་དུ་བོད་མི་དམངས་ཀྱི་སྐྱིད་སྡུག་གི་ངོ་བོ་དང་དགའ་སྡང་གི་རྣམ་པའམ་བསམ་པའི་རེ་འདུན་དང་འཚོ་བའི་སྤྱོད་ལམ་སོགས་མངོན་པར་མཚོན་པས་ཡིན་ཏེ། དེ་ཡང་གནའ་བོའི་ལོ་རྒྱུས་ལ་བསམ་གཞིགས་བྱས་ན་ཤེས་ནུས་ཏེ། ལར་བོད་རྒྱལ་སྲོང་བཙན་ཡབ་སྲས་ཀྱི་རིང་ནས་བཟུང་བོད་ཆེན་པོའི་རྒྱལ་ཁམས་གཅིག་གྱུར་བྱུང་སྟེ་ཁྲི་རལ་བར་དུ་བོད་ཀྱི་མངའ་ཐང་དང་སྙན་གྲགས་མཐའ་བཞིར་ཁྱབ་ཅིང་། བོད་འབངས་སྤྱི་ལའང་བདེ་སྐྱིད་ཀྱི་འཚོ་བར་རྣམ་པར་རོལ་བ་ཡིན་མོད། རྗེས་སུ་བོད་བཙན་པོའི་རྒྱལ་རབས་ཤོར་ནས་བོད་ཁམས་སིལ་བུར་གྱུར་ཅིང་བོད་སྤྱིའི་རྒྱལ་ཁྲིམས་སྐྱོང་བའི་རྒྱལ་པོ་ཞིག་མེད་པར་སྡེ་དཔོན་རེ་རེས་ཡུལ་བཅད་བཟུང་དང་འབྲེལ་ཡུལ་ལུང་རེ་ལ་ཁྲིམས་རེ་ཡོད་པ་དང་། དེ་དག་ཕན་ཚུན་འབུ་ཆེ་བས་ཆུང་བ་ཟ་བ་བཞིན། བོད་འབངས་རྣམས་སྡེ་དཔོན་དག་གི་གཉའ་གནོན་དང་ཁྲལ་རིགས་སྣ་ཚོགས་ཀྱི་བཤུ་གཞོག་འོག་མནར་གཅོད་ཀྱི་དུས་འདའ་བའི་ཚེ། མི་རྣམས་ཀྱིས་གཅིག་ན་སྔོན་བྱུང་གི་ལོ་རྒྱུས་རྣམས་ལ་ཡིད་སྨོན་ཞིང་། གཉིས་སུ་ན་རང་ཉིད་ལའང་དེ་འདྲའི་མགོན་སྐྱབས་ཤིག་ཡོད་ན་ཅི་མ་རུང་སྙམ་པའི་འདུན་པས་བསྐུལ་བ་དང་བསྟུན། སེང་ཆེན་ནོར་བུ་དགྲ་འདུལ་ཞེས་པའི་སྐྱེས་མཆོག་འགྲན་པའི་ཟླ་མེད་པ་བཙན་པོའི་ཁ་གནོན་དང་གཉོམ་ཆུང་གི་རྒྱབ་རྟེན་ཞིག་བྱུང་བ་སྟེ། གླིང་གེ་སར་ཞེས་བོད་མིའི་ལོ་རྒྱུས་གར་སྟེགས་ཐོག་དངོས་སུ་ཐོན་པའི་མི་སྣ་དེ་ཉིད་ཀྱི་རྒྱུ་དང་མིང་གི་ས་བོན་ལ་བརྟེན་ནས། དུས་རྐྱེན་གྱི་དགོས་དབང་དེ་ལྟ་བུའི་འོག་ཏུ་སྒྲུང་མཁན་དང་མཁས་པ་མང་པོས་བོད་འབངས་སྤྱིའི་བསམ་འདུན་དང་མཐུན་པར་དོན་དངོས་དང་འཆར་ཡན་ཟུང་དུ་འབྲེལ་བའི་དྲང་བདེན་དང་སྙིང་སྟོབས་ཀྱི་བདག་པོའམ་བསམ་པའི་རེ་འདུན་མཚོན་བྱེད་གྱི་མིའི་རྗེ་བོ་དང་ལྷའི་སྲས་པོ་འདི་ལྟ་བུའི་གཟུགས་བརྙན་ཆེན་པོ་ཞིག་བསྐྲུན་པ་ལགས་ཤིང་། དེ་ལྟར་《གླིང་གེ་སར་རྒྱལ་པོའི་སྒྲུང་》ནི་བརྗོད་བྱ་རྗོད་བྱེད་གང་གི་ཐད་ནས་ཀྱང་ཤིན་ཏུ་ཕུན་སུམ་ཚོགས་པ་འདི་འདྲ་ཞིག་བྱུང་བ་ཡིན་ནོ། །
ཡང་《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ཐོག་མའི་རྣམ་པ་ནི་དམངས་ཁྲོད་དུ་བྱུང་བ་ཡིན་ཀྱང་དེ་དམངས་ཁྲོད་རྩོམ་རིག་ཁོ་ནར་འདོད་མི་འོས་ཏེ། 《གླིང་གེ་སར་རྒྱལ་པོའི་སྒྲུང་》དང་པོར་ཡི་གེར་འགོད་དུས་ནས་རྩོམ་པ་པོས་གསར་སྐྲུན་དང་བཟོ་བཅོས་བྱས་ཡོད་ཅིང་། ཁྱད་པར་དུ་ཕྱིས་ཀྱི་《གླིང་སྒྲུང་》ཕལ་ཆེར་མཁས་པ་དག་གིས་ལེགས་སྒྲིག་དང་འདྲ་རྩོམ་གནང་བ་མང་བ་དཔེར་ན་ཁམས་ཕྱོགས་ཀྱི་མཁས་པ་གྲགས་ཅན་རྫོགས་འཇུ་ཀོང་①གསུམ་ལྟ་བུས་མཚོན་ཞིང་། ཡང་ཕྱིས་སུ་རྩོམ་མཁན་ལ་ལས་གནས་དངོས་མེད་དང་ཐ་ན་ལྷ་འདྲེའམ་སྲོག་ཆགས་སོགས་ལས་སྣང་བརྙན་བརྩམས་ཏེ་གཏམ་རྒྱུད་དང་སྦྱར་ནས་རང་རང་གི་དད་མོས་དང་འདོད་བློ་བཅས་སྒྲུང་གི་རྣམ་པར་བྱས་ཏེ་སྒྱུ་རྩལ་གྱི་ལམ་ནས་བསྐྲུན་དང་སྐྲུན་བཞིན་ཡོད་པའི་ཚུལ་ལ་གཞིགས་ན། དུས་ཕྱིས་《གེ་སར་སྒྲུང་》ནི་བོད་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་རིག་གི་རྣམ་པ་ཞིག་དང་། བོད་མཁས་པ་དག་གིས་ལེགས་པར་སྤྱོད་པའི་རྩོམ་ལུགས་ཤིག་ཏུའང་གྱུར་པར་འདོད་དོ །
དེ་ལྟར་《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་བརྗོད་བྱ་རྣམས་བོད་མི་དམངས་ཀྱི་སྤྱི་ཚོགས་འཚོ་བའི་ནང་ནས་ཐོན་པ་ཞིག་ཡིན་སྟབས། དེར་བོད་མི་དམངས་ཀྱི་གནའ་བོའི་ལོ་རྒྱུས་ཙམ་དུ་མ་ཟད། བོད་གནའ་རབས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བའི་གོམས་སྲོལ་ནས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་བཅས་ཀྱི་གནས་ཚུལ་དང་། བོད་གནའ་རབས་ཀྱི་རིག་གནས་སྒྱུ་རྩལ་དང་ལུས་རྩལ་འགྲན་སྡུར། ཐ་ན་སྐྱིད་འདུས་ཀྱི་ཆང་སྟོན་དང་འཆི་བྲལ་གྱི་གཤིན་རྫོགས་ལ་སོགས་ཀྱང་མཚོན་ཐུབ། དེ་བས་《གླིང་གེ་སར་རྒྱལ་པོའི་སྒྲུང་》ནི་བོད་ཀྱི་གནའ་བོའི་བྱུང་བ་གསལ་བའི་དཔར་རིས་དང་གནས་ཚུལ་མཐོང་བའི་མེ་ལོང་ལྟ་བུ་ཞིག་ཀྱང་ཡིན་ནོ ། གཞན་ཡང་《གླིང་གེ་སར་རྒྱལ་པོའི་སྒྲུང་》དུས་ནམ་བྱུང་གི་ཐད་ལ་ལྟ་ཚུལ་ཅི་རིགས་ཤིག་ཡོད་ནའང་ང་ཚོས་འདིར་ཡོངས་གྲགས་ལྟར་བསྟན་པ་སྔ་དར་གྱི་རྗེས་ནས་བྱུང་བར་འདོད་པའི་ལྟ་ཚུལ་དེ་འགྲིག་པར་མཐོང་སྟེ། རྒྱུ་མཚན་རྣམས་གོང་དུ་སོང་བ་ལས་ཤེས་གསལ་བཞིན་དང་། ཡང་དེང་གི་དཔྱོད་ལྡན་ལ་ལས་《གླིང་གེ་སར་རྒྱལ་པོའི་སྒྲུང་》ནི་བོད་རྗེ་གཉའ་ཁྲི་བཙན་པོའི་སྔོན་ལ་བྱུང་བར་འདོད་པའི་ལྟ་ཚུལ་འཛིན་ཀྱང་། སྤྱིར་བོད་ལ་སྒྲུང་དར་བའི་དུས་ནི་ཧ་ཅང་སྔ་ལ་རྗེ་གཉའ་ཁྲིའི་སྔོན་ལ་བོད་ན་ 《སྲིད་པ་ཆགས་པའི་སྒྲུང་》དང་《མ་སངས་ཀྱི་སྒྲུང་》ལྟ་བུའི་སྒྲུང་སྲོལ་དར་ཆེ་བར་མ་ཟད། ཁྲི་ཐོག་རྗེ་བཙན་བར་དུ་བོད་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་རང་རེའི་ལོ་རྒྱུས་སྨྲ་བ་ཀུན་ན་གྲགས་པ་བཞིན་ལགས་ན། ཕྱིས་ཀྱི་《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ཐོག་མའི་རྩོམ་ལུགས་ཀྱི་རྣམ་པ་དང་ནང་དོན་ལ་ལའི་ཐད་ལ་དེ་ལྟ་བུའི་སྲོལ་རྒྱུན་དང་། ཡང་ན་ཤན་ཤུགས་གང་རུང་ཡོད་པར་སྲིད་མོད། འོན་ཀྱང་དེ་ཙམ་ཞིག་རྒྱུ་མཚན་དུ་བྱས་ནས་བཤད་ན་གནས་ལུགས་དང་མཐུན་དཀའ་ཞིང་། བྱུང་བ་སྔ་དྲགས་པས་ཐལ་ཆེ་བར་སེམས་ལ། ཡང་གོང་གི་སྒྲུང་དང་《གླིང་གེ་སར་རྒྱལ་པོའི་སྒྲུང་》གཉིས་ཀྱི་ངོ་བོ་དེ་བས་ཀྱང་མི་གཅིག་པ་སྐབས་དོན་སོང་ཟིན་པ་རྣམས་ལས་ཤེས་པར་བྱའོ།།
① 《རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་》ཞེས་བྱ་བར་གསལ།
① ཡུལ་མིང་གཞན་པའང་ཡོད་པ་མཐོང་།
① 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》ཞེས་པར་གསལ།
② ཧོར་ལ་གོ་དོན་མང་བ་ཁོ་བོས་ཟུར་དུ་བྲིས་པར་གསལ།
① རྫོགས་ཆེན་པ་དང་། འཇུ་མི་ཕམ། ཀོང་སྤྲུལ་བཅས་ལ་གོ