ཞི་ཅིན་ཕིང་གིས་སི་ཁྲོན་དུ་བཅའ་སྡོད་བྱས་པའི་དཔུང་སྡེའི་རྟེན་གཞི་ཞིག་ལ་གཟིགས་ཞིབ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 02-14


        ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་10ཉིན་སི་ཁྲོན་དུ་བཅའ་སྡོད་བྱས་པའི་དཔུང་སྡེའི་རྟེན་གཞི་ཞིག་ལ་ཕེབས་པ་དང་། འཕེན་གཏོང་ལས་གནས་དང་ལག་རྩལ་བཟོ་ཁང་དུ་ཕེབས་ནས། དཔུང་སྡེའི་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་ཡོད་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོགས་དཔུང་སྡེའི་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་ཡོད་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ནས། ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལ་བརྟེན་ནས་དམག་དཔུང་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དམག་གྲབས་གཡུལ་འགྱེད་ལ་གཅིག་བསྡུས་བྱེད་པ། གསར་གཏོད་གོང་འཕེལ་ཇེ་མགྱོགས་དུ་གཏོང་བ། ལས་འགན་བསྒྲུབ་པའི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་། 

        ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ། ཞི་ཅིན་ཕིང་རྟེན་གཞི་ཞིག་གི་འཕེན་གཏོང་ར་བར་ཕེབས་ཡོད་པ་རེད། ཁོང་རླངས་འཁོར་ལས་བབ་མ་ཐག་འཕེན་གཏོང་ལས་གནས་ཕྱོགས་སུ་ཕེབས་ཡོད་པ་རེད། ཕྱོགས་གཅིག་ནས་ངོ་སྤྲོད་གསན་པ་དང་། ཕྱོགས་གཅིག་ནས་འཕེན་གཏོང་ར་བའི་ཁྱབ་འགོད་འགྲེལ་བཤད་རི་མོར་གཟིགས་ནས། འཕེན་གཏོང་ར་བའི་གྲུབ་གཞིའི་བྱེད་ནུས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། འབྲེལ་ཡོད་གནད་དོན་བཀའ་འདྲི་ཡང་སེ་གནང་ཡོད་པ་རེད། ལས་དོན་མི་སྣས་འཕེན་གཏོང་ལས་གནས་གསུམ་པའི་བྱེད་ནུས་ཆ་ཚང་ཞིང་། དཔེ་དབྱིབས་སྣ་ཚོགས་ཀྱི་མེ་ཤུགས་འཕུར་མདའ་དང་མཁའ་སྐྱོད་ཡོ་ཆས་འཕེན་གཏོང་བྱས་ནས། རང་རྒྱལ་མཁའ་སྐྱོད་ལོ་རྒྱུས་ཐོག་གི་ཨང་དང་པོ་མང་པོ་སྐྲུན་ཡོད་ཚུལ་ངོ་སྤྲོད་ཞུ་སྐབས། ཞི་ཅིན་ཕིང་གིས་དབུ་ལྕོག་ལྕོག་གནང་ནས་བསྔགས་བརྗོད་གནང་། ཉེ་འགྲམ་དུ་ཡོད་པའི་འཕེན་གཏོང་ལས་གནས་གཉིས་པས་འཕེན་གཏོང་ལས་འགན་ཐེངས་བཅུ་གྲངས་བསྒྲུབས་ཟིན་པ་དང་། ཉེ་དུས་ནང་འཆར་གཞི་ལྟར་སྐར་མ་སྨེ་བདུན་གསུམ་པ་རྟགས་ཅན་གྱི་འཁོར་སྐར་འཕེན་གཏོང་བྱ་རྒྱུ་ཡིན་པ་རེད། 

        བཀོད་འདོམས་ཚོམས་ཆེན་ནང་། རྟེན་གཞིའི་དཔོན་དམག་གིས་ཛ་དྲག་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་བྱེད་བཞིན་ཡོད་པ་དང་། ཞི་ཅིན་ཕིང་གིས་སྐར་སྨེ་བདུན་གསུམ་པ་རྟགས་ཅན་གྱི་འཁོར་སྐར་འཕེན་གཏོང་ལས་འགན་གྱི་གྲ་སྒྲིག་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པས། ཆེད་མངགས་དེ་གར་ལས་དོན་མི་སྣ་གཟིགས་པར་ཕེབས་པ་རེད། ཞི་ཀྲུའུ་ཞི་ཕེབས་པ་མཇལ་སྐབས། ཚང་མ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཚང་མ་ཡར་ལངས་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་བསུ་ཞུས་ཡོད་པ་རེད། ཞི་ཅིན་ཕིང་གིས་ལས་གནས་ཐོག་གི་དཔོན་དམག་རེ་རེ་བཞིན་དང་ཕྱག་བཏང་གནང་བ་དང་། ཚན་རྩལ་མི་སྣ་དང་བྱམས་བརྩེའི་བཀའ་མོལ་གནང་ནས། བློ་མཐུན་མི་རེ་ངོ་རེའི་ཚན་ཞིབ་ལས་ཀ་དང་འཚོ་བའི་གནས་ཚུལ་འདྲི་རྟོགས་ཞིབ་ཕྲ་གནང་ཡོད་པ་རེད། ཚང་མ་གྲོག་རོང་དུ་གཞི་འཛུགས་པ་དང་། མཁའ་སྐྱོད་ལས་དོན་ལ་ནུས་ཤུགས་ཕུལ་ནས། གསར་གཏོད་ཀྱི་ཆིག་བདག་ཁེ་དབང་མང་པོ་བླངས་པ་གསན་གནང་སྐབས། ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོ་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས་འཁོར་སྐར་འཕེན་གཏོང་གི་གྲ་སྒྲིག་ལས་ཀ་མཁྱེན་རྟོགས་གནང་བ་དང་། ཚང་མས་ཡག་ཐོག་ཡག་བརྩེགས་ཀྱི་ལས་ཀའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ནས། འཕྱུགས་པ་གཏན་ནས་མེད་པ་བྱེད་དགོས་པའི་བཀའ་མངག་གནང་། 
        དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བས། ཞི་ཅིན་ཕིང་གིས་གཞི་རིམ་དཔོན་དམག་ལ་ཐུགས་ཁུར་ཆེ་བཞེས་གནང་གི་ཡོད་ཅིང་། ཁོང་གིས་ཆེད་མངགས་བརྙན་མཐོང་རྒྱུད་ནས་དཔུང་སྡེར་འཚམས་འདྲི་གནང་བ་དང་། དཔོན་དམག་དང་དེ་བཞིན་ཁྱིམ་མི་རྣམས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས་རྒྱ་མཚོའི་རྦ་རླབས་ཆུ་འོག་བྲག་རྡོར་རྡེབ་ནས་རླབས་ཀྱི་ཟེགས་དགུང་དུའཕྱུར་བཞིན་པའི་ཞི་ཧྲ་ཚད་ལེན་ཚོད་འཛིན་ས་ཚིགས་ཤིག་གི་དཔོན་དམག་ལ་ཞལ་པར་གནང་ནས། རྒྱ་མཚོའི་གླིང་ཕྲན་གྱི་ཁོར་ཡུག་འཕྲོད་མིན་དང་། ལོ་གསར་གྱི་གྲ་སྒྲིག་གང་འདྲ་བྱུང་ཡོད་མེད་སོགས་ཞི་ཅིན་ཕིང་གིས་བཀའ་འདྲི་ཞིབ་ཕྲ་གནང་། གླིང་ཕྲན་ཐོག་གི་སྡོད་སྲུང་ཆ་རྐྱེན་ཡག་པོ་ཡོད་པ་དང་། དཔྱིད་གསར་དུས་ཆེན་རིང་ཅའོ་ཙིའི་འཐུམ་རྒྱུ་དང་། ཁ་ལ་OK མིག་མངས། སྤོ་ལོའི་རིགས་ཀྱི་འགྲན་བསྡུར་སོགས་རོལ་རྩེད་རྣམ་གྲངས་གྲ་སྒྲིག་བྱས་ཡོད་པ་མཁྱེན་སྐབས་ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོ་གནང་བ་དང་། དུས་ཆེན་རིང་གི་འཐབ་འཛིང་པ་ཚོའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས། སྤྲོ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་གཏོང་དུ་འཇུག་དགོས་ཞེས་མངག་བཅོལ་ནན་པོ་གནང་ཡོད་པ་རེད། བེ་ཏའི་བྲོ་ཞིམ་འཐུལ་བའི་མཚོ་འགྲམ་འཕེན་གཏོང་ཚད་ལེན་ཚོད་ལྟའི་ས་ཚིགས་ཤིག་ཏུ། དཔུང་སྡེའི་དཔོན་དམག་རྣམས་སྙིང་སྟོབས་འཕེར་བའི་ངང་འཕེན་གཏོང་སྟེགས་སྒྲོམ་འོག་ ཏུ་བསྟར་བསྒྲིགས་ནས། བརྙན་མཐོང་བརྒྱུད་ནས་ཞི་ཀྲུའུ་ཞིར་ལོ་གསར་གྱི་རྟེན་འབྲེལ་ཞུས་ཡོད་པ་རེད། 
        ཞི་ཅིན་ཕིང་གིས་ཁོང་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་ཚོས་ཕྲག་ཏུ་ཁུར་བའི་ལས་འགན་སེམས་ལ་བརྟན་པོར་ངེས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་གསར་གཏོད་བྱས་ནས། གྲུབ་འབྲས་སྔར་བས་ཆེ་བ་བརྩོན་ལེན་བྱེད་དགོས་པའི་སྐུལ་ལྕག་གནང་། 
        བཀོད་འདོམས་ཚོམས་ཆེན་ནས་ཞལ་གྱེས་ཏེ་ཞི་ཅིན་ཕིང་ལག་རྩལ་བཟོ་ཁང་ཞིག་ཏུ་ཕེབས་པ་དང་། འགྲེམ་སྟོན་ནག་པང་ཐོག་ནས་རྟེན་གཞིའི་གོང་འཕེལ་རྒྱུད་རིམ་མཁྱེན་རྟོགས་གནང་བ་དང་། རྟེན་གཞི་དེས་ཀྲུང་གོའི་མཁའ་སྐྱོད་བྱ་གཞག་ཆེད་དུ་གལ་ཆེའི་ལེགས་སྐྱེས་ཕུལ་བར་གདེང་འཇོག་ཆེན་པོ་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས་རྟེན་གཞིའི་ཁོངས་གཏོགས་ཀྱི་འབྲེལ་ཡོད་དཔུང་སྡེའི་མདའ་དཔོན་གཞོན་པ་ཡན་གྱི་ལས་བྱེད་པར་བྱམས་བརྩེས་མཇལ་འཕྲད་གནང་བ་མ་ཟད། གལ་ཆེའི་གསུང་བཤད་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། མཁའ་སྐྱོད་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་བརྟན་དུ་གཏོང་བ། མཁའ་སྐྱོད་སྟོབས་ཆེའི་རྒྱལ་ཁབ་ཀྱི་དད་སེམས་བརྟན་དུ་གཏོང་བ། འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དང་། མཁའ་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན་སྔར་བས་མང་བ་སྐྲུན་དགོས། རྒྱལ་ཁ་ལེན་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དམ་འཛིན་ཤུགས་ཆེ་བྱེད་པ། འཐབ་རྩལ་དང་སྦྱོང་རྩལ་ཞིབ་འཇུག་གཏིང་ཟབ་བྱེད་པ། མཁའ་སྐྱོད་འཕེན་གཏོང་དང་གཡུལ་འགྱེད་ནུས་པ་ཆེ་རུ་གཏོང་བ། དམག་ཡོངས་ཀྱི་མཉམ་འབྲེལ་གཡུལ་འགྱེད་མ་ལག་ནང་མཉམ་འདྲེས་བྱས་ནས། འཛམ་གླིང་གི་དམག་དཔུང་རྩེ་གྲ་འཛུགས་སྐྱོང་དང་། མཁའ་སྐྱོད་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུར་འདེགས་སྐྱོར་སྲ་བརྟན་མཁོ་འདོན་བྱེད་དགོས། སྒྱུར་བཅོས་གསར་གཏོད་ཤུགས་ཆེར་གཏོང་བ་དང་། བརྗེ་སྒྱུར་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དམག་འཐབ་ནུས་པ་ཆེ་རུ་གཏོང་བ་དང་། སྲོག་ཤིང་འགག་རྩའི་ལག་རྩལ་འགག་གཏོར་བྱེད་ཤུགས་ཆེ་རུ་གཏོང་བཅས་བྱས་ནས། རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་རྒྱུན་འཁྱོངས་བྱེད་དགོས། ཆབ་སྲིད་འགན་ལེན་ཤུགས་ཆེར་གཏོང་བ་དང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན། རིམ་ཁག་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པ། གཞི་རིམ་གྱི་རྨང་གཞི་འཛུགས་རྒྱུའི་ལས་ཀ་ཡག་པོ་བྱེད་པ། དཔུང་སྡེར་ཁྱོན་ཡོངས་ནས་སློབ་གསོ་དང་དོ་དམ་ནན་པོ་བྱེད་པ་བཅས་བྱས་ནས། དཔུང་སྡེ་འདི་ཉིད་རྦད་དེ་བློ་དཀར་སེམས་དཀར་དང་། སྤྱོད་གཙང་། བློས་འགེལ་ཆོག་པ་བཅས་ཡིན་པ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་། 
        སྤྱི་ཚེས་12ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲེང་ཏུའུ་ལ་བཅའ་སྡོད་དཔུང་སྡེའི་ཧྲི་ཤོག་ཡན་གྱི་འགོ་ཁྲིད་པ་དང་སྒྲིག་ཁོངས་མདའ་ཤོག་སྡེ་ཚན་གྱི་དམག་དཔོན་གཙོ་བོ་ལ་མཇལ་འཕྲད་གནང་བ་དང་། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན།།
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1