ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ལིའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་དུ་འཚམས་འདྲི་མཛད།
ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་དུ་འཚམས་འདྲི་མཛད།
ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ལིང་ཧྲན་དབྱེ་རིགས་རང་སྐྱོང་ཁུལ་དུ་འཚམས་འདྲི་མཛད།
ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལུགས་རྙིང་ལོ་སར་ལ་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ཏེ། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པར་རྟོག་ཞིབ་མཛད་པ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས་པར་མ་ཟད། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས།
ཟླ་གཉིས་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཞི་ཅིན་ཕིང་སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མེན་དང་། ཧྲིན་ཀྲང་དབྱིན་ལི་ཡི་འགྲོ་རོགས་འོག ལིང་ཧྲན་དབྱེ་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ། ཁྲིན་ཏུའུ་གྲོང་ཁྱེར་བཅས་ཀྱི་ཞིང་གྲོང་དང་ཁེ་ལས། སྡོད་ཁུལ་བཅས་སུ་ཕེབས་ཏེ། དབུལ་ཐར་མཁྲེགས་གཏོར་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་རྟོག་ཞིབ་མཛད་པ་དང་། ཝུན་ཁྲོན་ནས་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་དང་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་མཛད་དེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཚོར་དུ་བཅུག་པ་རེད།
སི་ཁྲོན་ལྷོ་ནུབ་ཕྱོགས་སུ་ཡོད་པའི་ལིའང་ཧྲན་དབྱེ་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་དབྱེ་རིགས་འདུས་སྡོད་བྱེད་ས་དང་སི་ཁྲོན་ཞིང་ཆེན་གྱི་མི་རིགས་མང་བ་དང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཆེས་མང་བའི་ས་ཁུལ་ཞིག་རེད། རང་བྱུང་ཆ་རྐྱེན་ཞན་པ་དང་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་པས། ཁུལ་དེ་ནི་རྒྱལ་ཡོངས་ཀྱི་ཁྱབ་རྒྱ་ཅུང་ཆེ་བའི་དབུལ་ཕོངས་ས་ཁུལ་ཞིག་ཡིན། རྫོང་དང་གྲོང་ཁྱེར་བཅུ་བདུན་ཁྲོད་ཀྱི་བཅུ་གཅིག་ནི་རྒྱལ་ཁབ་ཀྱིས་དབུལ་སྐྱོར་གསར་སྤེལ་བྱ་བའི་གཙོ་གནད་རྫོང་ཡིན་པ་རེད། ཞི་ཅིན་ཕིང་གིས་གནས་དེའི་མང་ཚོགས་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་རླངས་འཁོར་དུ་བཞུགས་ཏེ་དུས་ཚོད་བཞི་ལྷག་གི་ཀྱག་ཀྱོག་རི་ལམ་བརྒྱུད་དེ་ལིའང་ཧྲན་ལྟེ་བའི་ཀྲའོ་ཅོས་རྫོང་སན་ཁྲ་ཧི་ཞང་སན་ཧི་སྡེ་བ་དང་བཅིངས་འགྲོལ་ཞང་གི་ཧོ་ཕུའུ་སྡེ་བར་སོང་ནས་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་མཛད། སྡེ་བ་དང་འབྲལ་སྐབས་དབྱེ་རིགས་ཀྱི་ལྭ་བ་གྱོན་པའི་སྡེ་མི་ཚོ་གྲལ་བསྒྲིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ལ་འཚམས་འདྲི་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་ལོ་སར་གྱི་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་སྡེ་མི་ཚང་མར་ཕྱག་འཇུ་བྱས་ཏེ་མང་ཚོགས་ཚོའི་འཚོ་བ་སྔར་ལས་སྐྱིད་པའི་ལོ་སར་གྱི་སྨོན་འདུན་ཞུས།
ཞི་ཅིན་ཕིང་གིས་ནན་གྱིས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བ་ནས་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་གྲོས་གཞི་བཏོན་པ་དང་། དེ་ནི་ཞིང་སྡེའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་ཞིང་བའི་འཚོ་བ་ལེགས་བཅོས་བྱེད་པ། མཁར་གྲོང་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཡིན་ཞིང་། དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་དེ་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་གཙོ་བོའི་གཙོ་བོ་ཡིན་པ་དང་། འཚོ་བ་འབྱོར་ཕྱུག་ལྡན་པ་དེ་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ལས་འགན་གཙོ་བོ་ཡིན་ལ། ནན་ནན་ཏིག་ཏིག་གིས་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་གང་ལེགས་བྱ་དགོས་ཞེས་བསྟན།
ཞི་ཅིན་ཕིང་གནས་གང་དུ་ཕེབས་ན། མང་ཚོགས་དང་བརྗེ་རེས་བྱས། ཁོང་གིས་གསུང་རྒྱུར། ང་ནི་མི་དམངས་ཀྱི་ཞབས་ཞུ་བ་ཡིན་པ་དང་། མི་དམངས་ལ་འཚོ་བ་སྐྱིད་པོ་རོལ་དུ་འཇུག་པ་ནི་ང་ཚོ་གུང་ཁྲན་ཏང་མིའི་ཐོག་མའི་ཕུགས་འདུན་ཡིན་གསུངས། ཁ་འབྲལ་བའི་དུས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྤྲོ་སེམས་འཁོལ་བའི་སྒོ་ནས་སྡེ་མི་ཚོར་འཚོ་བར་སྐྱིད་ཀྱིས་ཁེངས་པ་དང་ལོ་སར་སྤྲོ་དགས་ཁེངས་པ། ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས།
ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་། སི་ཁྲོན་གྱི་བྱ་བ་སོ་སོའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་ཅིང་། སི་ཁྲོན་གྱིས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་དགོངས་དོན་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། ཏང་གི་ཀྲུང་དབྱང་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབ་བྱས་ཏེ། དཀའ་སྤྱད་འབད་བརྩོན་གྱིས་སི་ཁྲོན་གྱི་བཅོས་སྐྱོང་དང་དར་རྒྱས་དེ་སྔར་ལས་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏང་དགོས་པའི་རེ་བ་བཏོན།
ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་མདུན་བསྐྱོད་ཁ་ཕྱོགས་གསལ་བོར་བསྟན་ཡོད་ཅིང་། མི་དུང་ཕྱུར་བཅུ་གསུམ་ལྷག་དྲུད་པའི་གྲུ་གཟིངས་ཆེན་པོ་འདིར་འགྲུལ་བཞུད་ཀྱི་ཁ་ཕྱོགས་གསར་བ་བསྟན་ཡོད། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་འཐབ་ཇུས་བཀོད་སྒྲིག་སྣ་ཚོགས་ཀྱི་ཡོངས་ཁྱབ་རང་བཞིན་དང་འབྲེལ་མཐུད་རང་བཞིན། རོགས་ལས་རང་བཞིན་བཅས་སྔར་ལས་དམ་འཛིན་བྱས་ཏེ། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་གྱི་ང་ཚོས་རླབས་ཆེན་འཐབ་རྩོད་སྤེལ་བ་དང་རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ། རླབས་ཆེན་ལས་དོན་ལ་ཡར་སྐུལ་གཏོང་བ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ལག་ལེན་དང་དམ་དུ་སྦྲེལ་ནས། རྟོག་དཔྱོད་མང་དུ་བྱེད་པ་དང་དོན་དངོས་ལ་རྒྱུས་ལོན་སྒོས་དམ་འཛིན་བྱེད་པ་དང་། དངོས་གཉེར་གཙོར་འཛིན་དང་སྟོང་བཤད་སྔོན་འགོག གནད་འཁེལ་ཤུགས་འདོན་བཅས་བྱས་ཏེ། བཅོས་བསྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ལས་འགན་སྣ་ཚོགས་དངོས་འབེབ་བྱེད་པ་དང་། མང་ཚོགས་ལ་ཕན་པའི་བྱ་བ་སྣ་ཚོགས་དམ་འཛིན་བྱ་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་དེ་མཐོ་མྱུར་འཕར་སྣོན་གྱི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་རིམ་དུ་བསླེབ་ཡོད་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ནི་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་ཡིན། སྐྱེ་ཁམས་དཔལ་འབྱོར་འཛུགས་སྐྲུན་དམ་འཛིན་བྱས་ཏེ། དགུང་ཨ་སྔོན་སྔོ་ཞིང་དྭངས་པ་དང་ས་དོག་མོ་ལྗང་ཞིང་ནེམ་པ། ཆུ་གཙང་མོ་དྭངས་ཤིང་གཙང་བར་བྱེད་པ་དང་། མཛེས་སྡུག་གི་མཁར་གྲོང་དང་མཛེས་སྡུག་གི་ཞིང་སྡེ་གཅིག་ལ་གཅིག་བརྟེན་གྱིས་འཕེལ་རྒྱས་སུ་འགྲོ་བ་དང་། མཛེས་སྡུག་གི་རི་ཆུ་དང་མཛེས་སྡུག་གཞིས་སྡོད་ཟུང་འབྲེལ་དམ་པོ་བྱ་དགོས། བཅོས་བསྒྱུར་གྱི་སྒུལ་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ་དང་གསར་གཏོད་གསོན་ཤུགས་ཆེས་ཆེར་རྒྱས་པ། ས་ཁོངས་ཀྱི་བཀོད་སྒྲིག་མཐུན་སྦྱོར་བྱེད་པ། མཁར་གྲོང་གི་འཕེལ་རྒྱས་མཉམ་འདྲེས་བྱེད་པ། སྐྱེ་ཁམས་ཁོར་ཡུག་མཛེས་སྡུག་ལྡན་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་སུ་འཇུག་དགོས།
ཞི་ཅིན་ཕིང་གིས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་བརྟན་པོར་འཛུགས་པ་དང་། དམངས་ལ་སེམས་ཁུར་དང་དམངས་ལ་དགའ་བ། དམངས་ལ་ཕན་པར་བྱེད་པའི་བསམ་བློ་རྒྱུན་དུ་བཅངས་ཏེ། དམིགས་སའི་རང་བཞིན་སྔར་ལས་ཆེ་བ་དང་ཁེབས་ཚད་སྔར་ལས་ཆེ་བ། ནུས་པ་ཐད་ཀར་ཐོན་ཐུབ་པ། གྲུབ་འབྲས་མངོན་གསལ་ཡིན་པའི་བྱེད་ཐབས་སྤྱད་དེ། མང་ཚོགས་ཀྱི་འཚོ་བ་དང་དམ་དུ་འབྲེལ་བའི་སློབ་གསོ་དང་ལས་ཞུགས། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་གཏན་འཇགས་སོགས་དམངས་འཚོའི་གནད་དོན་བཟང་བོར་བསྒྲུབས་ནས། མི་དམངས་ལ་ཐོབ་ཚོར་དང་བདེ་ཚོར་རྣལ་མ་འབྱུང་བར་བྱ་དགོས། འཕེལ་རྒྱས་དང་གཏན་འཇགས་གཉིས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། མི་རིགས་སོ་སོའི་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་འཕེལ་རྒྱས་ལ་ཡར་སྐུལ་གཏང་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་བཞག་ཡོད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་ནི་ཏང་གི་གཞི་རྩའི་རང་བཞིན་གྱི་འཛུགས་སྐྲུན་ཡིན་པ་ནན་བཤད་བྱས་ཡོད། དེ་ནི་རྒྱང་རིང་ལ་བསམ་བློ་བཏང་བ་ཡིན་ལ། དེར་གཞུང་ལུགས་དང་ལག་ལེན་གྱི་ཁུངས་ལུང་མང་དུ་འཛོམས་པ་ཡིན། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་སྟེ། ཏང་ཀྲུང་དབྱང་གིས་བཏོན་པའི་འདོད་བློ་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་ཏང་ཀྲུང་དབྱང་གི་ཆོད་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་འགོག་བྱེད་པ་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས་ཞེས་བསྟན།
ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་སྣེ་ཁྲིད་བྱེད་པ་དང་། སྣེ་ཁྲིད་དེ་རྩ་ཁྲིམས་ལ་བཀུར་བ་དང་། རྩ་ཁྲིམས་ལ་སྦྱོང་བ། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་བཀོལ་སྤྱོད་བྱ་དགོས། གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྩ་དོན་རེ་འགའ་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་བཏང་སྟེ། བདེ་ཐང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་ཀྱི་བཅུད་བསྡུས་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཞེས་བསྟན།།