རྒྱལ་ཁབ་ཀྱིས་དགེ་རྒན་གྱི་ལས་རིགས་ནི་ཚང་མ་ཡིད་སྨོན་འཆོར་སའི་ལས་རིགས་ཤིག་ཏུ་གཏང་རྒྱུ་རེད།
རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 02-28
ད་ལོའི་ཟླ་1 པོར་ཁྱབ་བསྒྲགས་བྱས་པའི་《 ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་རྒྱུའི་སྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་བྱ་རྒྱུའི་སྐོར་གྱི་བསམ་འཆར་》 ཞེས་པའི་ནང་། དགེ་རྒན་གྱི་གོ་གནས་དང་གླ་ཕོགས་ཟམ་མི་ཆད་པར་མཐོ་རུ་གཏང་ནས། དགེ་རྒན་ནི་ཀུན་གྱི་ཡིད་སྨོན་འཆོར་སའི་ལས་རིགས་ཤིག་ཏུ་བསྒྱུར་རྒྱུ་ཡིན་པ་བསྟན་ཡོད། ད་ལྟ་སློབ་སྐབས་གསར་བ་མྱུར་དུ་འགོ་ཚུགས་ལ་ཡོད་པས། དགེ་རྒན་རྣམས་ཀྱིས་ཀྱང་འགྱུར་ལྡོག་གསར་པ་མྱང་ཐུབ་རྒྱུ་ཡིན་པ་རེད།
སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་གླ་ཕོགས་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ།
ཉེ་ཆར་ཡོངས་བསྒྲགས་བྱས་པའི་《 བསམ་འཆར་》 ཁྲོད་སློབ་རིམ་མི་འདྲ་བའི་དགེ་རྒན་གྱི་གླ་ཕོགས་མཐོར་འདེགས་གཏོང་བའི་ཐད་བླང་བྱ་མི་འདྲ་བ་བཏོན་ཡོད་དེ། དེའི་ནང་ཁ་གསལ་གྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་གླ་ཕོགས་ཀྱི་ཕུགས་ཕན་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡོང་འབབ་བགོ་བཤའི་བརྩོན་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་བསྟན་ཡོད། དུས་མཚུངས་སུ་མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་སྤེལ་གཏོང་དགོས་ཤིང་། ཤེས་བྱའི་རིན་ཐང་འཕར་སྣོན་གཏོང་རྒྱུ་ཁྲིད་སྟོན་དུ་བྱེད་པའི་ཡོང་འབབ་བགོ་བཤའི་ལམ་སྲོལ་དང་། མཐོ་རིམ་སློབ་གྲྭའི་དགེ་རྒན་གྱིས་ཁྲིམས་ལྟར་ཚན་རྩལ་གྲུབ་འབྲས་བྱ་དགའི་ཡོང་འབབ་ཏུ་བསྒྱུར་བར། སྡེ་ཚན་དེའི་གླ་ཕོགས་བསྡོམས་འབོར་གྱི་གཞི་གྲངས་ནང་མི་འཇུག་པ། ཆེད་གཉེར་སློབ་ཁྲིད་བྱེད་མིར་འོས་འཚམ་གྱིས་རྨང་གཞིའི་རང་བཞིན་གྱི་ལས་རྗེས་གླ་ཕོགས་ཀྱིས་ལས་ཕྱོད་གླ་ཕོགས་ཁྲོད་ཀྱི་བསྡུར་ཚད་ཆེ་རུ་གཏོང་བ་དང་། སློབ་ཁྲིད་བྱེད་མཁན་དགེ་རྒན་གྲགས་ཅན་གྱི་ལས་གནས་ལ་སྐུལ་ལྕག་གཏོང་ཤུགས་ཆེ་རུ་གཏོང་དགོས་བ་བསྟན་ཡོད།
ཐབས་ལམ་མང་པོར་བརྟེན་ནས་དམངས་གཉེར་སློབ་གྲྭའི་དགེ་རྒན་གྱི་ཁེ་དབང་འགན་སྲུང་བྱེད་པ།
དམངས་གཉེར་སློབ་གྲྭའི་དགེ་རྒན་ལའང་《 བསམ་འཆར་》 ནང་དུ། སློབ་གྲྭ་དང་མི་སྒེར། སྲིད་གཞུང་བཅས་ཀྱིས་ལུགས་མཐུན་གྱིས་འགན་འཁུར་བའི་དམངས་གཉེར་སློབ་གྲྭའི་དགེ་རྒན་གྱི་སྤྱི་ཚོགས་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་དམངས་གཉེར་སློབ་གྲྭའི་དགེ་རྒན་གྱི་ཆེད་ལས་གསོ་སྦྱོང་དང་ལས་འགན་གདན་ཞུ་བསྐོ་གཞག སློབ་ཁྲིད་ལོ་ཚད་དང་ལས་ཞུགས་ལོ་ཚད་བརྩི་ཚུལ། གཟེངས་བསྟོད་དང་བྱ་དགའ་སྤྲོད་ཚུལ། ཚན་རིག་ཞིབ་འཇུག་གི་རྣམ་གྲངས་བཟོ་འགོད་སོགས་ཀྱི་ཕྱོགས་ལ་གཞུང་བཙུགས་སློབ་གྲྭའི་དགེ་རྒན་དང་འདྲ་མཚུངས་ཀྱི་དབང་ཆ་ཡོད་པ་འགན་སྲུང་བྱེད་དགོས་པ་བསྟན་ཡོད།
གསོན་ཤུགས་སྐུལ་སྤེལ་གཏོང་བར་གྲོང་གསེབ་དགེ་རྒན་གྱི་གླ་ཕོགས་མཐོ་རུ་གཏང་རྒྱུ་ནི་འགག་རྩ་ཡིན།
དགེ་རྒན་དཔུང་ཁག་སྤྱིའི་གསོན་ཤུགས་སྐུལ་སྤེལ་བྱེད་པར། སྐུལ་སློང་མཁོ་བ་མ་ཟད་དུས་མཚུངས་སུ་སྤྱི་ཡོངས་ཀྱི་དོ་སྙོམས་འཕེལ་རྒྱས་ལའང་བསམ་གཞིགས་བྱེད་དགོས། 《 བསམ་འཆར་》 ཁྲོད་དུ་ཤུགས་ཆེན་པོས་གྲོང་གསེབ་དགེ་རྒན་གྱི་གླ་ཕོགས་མཐོ་རུ་གཏོང་དགོས་པ་བཏོན་པ་དེ་ཡང་གཙོ་གནད་དུ་གྱུར་འདུག
དགེ་རྒན་གྱི་གོ་གནས་དང་གླ་ཕོགས་མཐོ་རུ་གཏོང་བའི་དམིགས་ཡུལ་ནི། དགེ་རྒན་མང་པོ་ཞིག་“ལས་གནས་སུ་སྡོད་ཐུབ་པ་དང་སློབ་ཁྲིད་ཡག་པོ་བྱེད་ཐུབ་པ” བྱ་རྒྱུ་དེ་ཡིན་། ཡིན་ནའང་དེའི་ཐད་ལ་ཆེད་མཁས་པས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་གྱི་མཐུན་སྦྱོར་འཕེལ་རྒྱས་ནི་ལས་གནས་ཀྱིས་སྲིད་ཇུས་ལ་སྐུལ་སློང་བྱེད་པ་ཁོ་ན་མ་ཡིན་པར། གྲོང་ཁྱེར་དང་གྲོང་གསེབ་དགེ་རྒན་གྱི་གླ་ཕོགས་ཆུ་ཚད་ཧེ་བག་ཅན་ལ་གཙོ་གནད་དོ་ཁུར་བྱ་དགོས་པ་དང་། མཐའ་མཚམས་རྒྱང་རིང་ས་ཁུལ་གྱི་དགེ་རྒན་གྱི་འདོད་འདུན་ལ་དོ་སྣང་བྱེད་དགོས་པ་བསྟན་ཡོད།
གྲོང་གསེབ་དགེ་རྒན་གྱི་གླ་ཕོགས་ནི་ས་ཁུལ་གཅིག་པའི་གྲོང་ཁྱེར་ནང་གི་ཐོབ་ཐང་འདྲ་མཚུངས་ཡིན་པའི་དགེ་རྒན་ལས་མཐོ་དགོས་པ།
《བསམ་འཆར་》 ནང་ཁ་གསལ་གྱིས་ཁྱོན་ཡོངས་ནས་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཆའི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་དགོས་པ་དང་། དུས་མཚུངས་སུ་གྲོང་གསེབ་དགེ་རྒན་གྱི་འཁོར་རྒྱུག་སྡོད་ཁང་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ། ས་གནས་ཁག་གིས་ཀྱང་དུས་བཅད་ལྟར་སློབ་གྲྭའི་དཀའ་ཚེགས་ཆེ་ཚུལ་དང་མཐའ་མཚམས་ཡིན་ཚད་ལ་གཞིགས་ནས་འཚོ་བའི་ཁ་གསབ་དང་། འགྲིམ་འགྲུལ་གསབ་དངུལ་སོགས་བྱེ་བྲག་གི་རྣམ་པའི་ཐོག་ནས་གྲོང་གསེབ་གེ་རྒན་གྱི་འགན་སྲུང་བྱ་བར་ཤུགས་སྣོན་རྒྱག་དགོས་པ། གྲོང་གསེབ་དགེ་རྒན་གྱི་ལས་ཕྱོད་གླ་ཕོགས་ཀྱི་དཔྱད་བསྡུར་ལམ་ལུགས་ལ་ཡང་ཡུལ་བབ་དང་བསྟུན་ནས་སྣ་མང་དཔྱད་ཞིབ་ཚད་གཞི་བཟོ་དགོས་པ་བཅས་བསྟན་ཡོད།
རྒྱལ་ཁབ་སློབ་གསོ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལི་ཀྲི་མིང་གིས། གལ་ཏེ་གྲོང་གསེབ་དགེ་རྒན་གྱི་གླ་ཕོགས་ནི་སློབ་རིམ་འཕར་ཚད་དང་འབྲེལ་བ་ཡོད་ན། གྱོང་དེ་བས་རག་ངེས་རེད། དེ་བས་ས་གནས་དེ་གའི་སྤྱི་ཡོངས་ཀྱི་ཡོང་འབབ་ཚད་གཞི་དང་འབྲེལ་བ་ཡོད་ན་ལེགས། ས་གནས་དེ་གའི་གྲོང་གསེབ་ས་ཁུལ་གྱིས་ས་གནས་གཅིག་པའི་གྲོང་ཁྱེར་ཀྱི་གླ་ཕོགས་ཆུ་ཚད་ལ་ཟུར་ལྟ་བྱ་དགོས། དཔེར་ན་ཁྱོད་གྲོང་གསེབ་ཏུ་ལས་ཀར་ཕྱིན་ན། གྲོང་ཁྱེར་གྱི་ཐོབ་ཐང་མཚུངས་པའི་དགེ་རྒན་ལས་གླ་ཕོགས་མཐོ་དགོས་པ་ཡིན། དེ་ལྟར་བྱས་ན་ད་གཟོད་གྲོང་གསེབ་ས་ཁུལ་གྱི་མི་སྣ་བརྟན་ལྷིང་ཡོང་ཐུབ་ཅེས་གསུངས་ཡོད།།