༄༅།། བཀའ་བསྟན་འབྲི་བཤུ་པར་འདེབས་ཤོག་བཟོའི་ལག་རྩལ་སྐོར་ལ་དཔྱད་པ།

རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-27


 རྒྱལ་མོ་འབྲུག་པ།
              སྤྱིར་ཤོག་བུ་བཟོ་བའི་ལག་རྩལ་ནི་ཀྲུང་གོའི་གནའ་རབས་ཀྱི་གསར་གཏོད་ཆེན་པོ་བཞིར་གྲགས་པའི་ནང་གསེས་ཤིག་ཡིན་ལ། ཡོངས་གྲགས་ལྟར་ན་སྤྱི་ལོ་105ལ་ཚའེ་ལུན་ཟེར་བའི་མི་ཞིག་གིས་སྔོན་རབས་པའི་ཉམས་མྱོང་ཕྱོགས་སྡོམ་དང་དར་སྤེལ་བཏང་ནས། ཤིང་ཤུན་དང་ཟར་མ། རས་ཆད་དང་ཉ་རྒྱ་རྙིང་པ་སོགས་རྒྱུ་ཆ་བྱས་ཏེ་ཤོག་བུ་མང་པོ་བཟོ་བའི་སྲོལ་བཏོད་པར་བཤད། དེ་ཡང་ཤོག་ཤོག་གམ་① ཤོག་བུ་ནི་གཙོ་བོ་ཡི་གེ་འབྲི་བཤུ་དང་པར་འདེབས་ཀྱི་ཐད་ལ་བཀོལ་སྤྱོད་མང་བ་བཞིན། ཡང་རང་རེའི་བོད་ལ་ཡི་གེའི་སྲོལ་དུས་ནམ་ཞིག་ལ་དར་བའི་ལོ་ཚིགས་ཐད་ལ་མཁས་པ་རྣམས་རྩོད་གཞིར་གྱུར་ཡོད་སྟབས། ཡི་གེ་བྲི་བའི་གཞི་ཤོག་བུའི་རིགས་འདི་ཡང་དུས་ནམ་ཞིག་ནས་བྱུང་བའི་སྐོར་ལ་དེ་སྔ་ཁུངས་ཐུབ་ཀྱི་ལོ་རྒྱུས་ཡིག་ཆ་དང་། རིག་དངོས་རྩ་ཆེན་པོ་ད་དུང་མ་རྙེད་པས་ལོ་ཚིགས་གསལ་པོ་ནི་རེ་ཞིག་བཏང་སྙོམས་སུ་འཇོག་པ་ལས་འོས་མེད་མོད། འོན་ཀྱང་མ་མཐའ་ཡང་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བོད་ལ་ཤོག་བུ་བྱུང་སྟེ་ཆོས་སྲིད་གཉིས་ཐད་ལ་བཀོལ་སྤྱོད་བྱེད་བཞིན་ཡོད་དེ། 《ལྡེའུ་ཆོས་འབྱུང་རྒྱས་པ་》ཞེས་པའི་ནང་“བོད་ཀྱི་ཁོད་ཤོད་ཤོ་མ་རརབྱས། ཁོད་ཤོམ་མཁན་མགར་སྟོང་བཙན་གྱིས་བྱས་ཏེ། ཤིང་བུ་དང་འུ་ཡན་ཆད་རྩིས་ནས། ཤོག་བུ་མཛོ་ཁལ་ལོངས་པ་ལ་བྲིས་པས་ཁྲིམས་བང་མ་ཐེབས་པར་འཁྲུགས་ཏེ།”①ཞེས་བཀོད་ཡོད་ལ། 《ཏུན་ཧོང་ཡི་གེ་》ཡི་ནང་དུ་ཡང་“ཡོས་བུའི་...བློན་ཆེ་སྟོང་རྩན་གྱྀས། འགོར་ཏྀར། བཀའ་། གྲྀམས:གྱྀ་ཡི་གེ:བྲྀས་ཕར:ལོ་གཆིག།”②ཅེས་བཀོད་པ་བཞིན་སྐབས་དེ་དུས་ནས་བོད་ལ་ཡི་གེ་བྲི་བའི་གཞི་ཤོག་བུ་བྱུང་ཡོད་པ་གསལ་པོར་བཀོད་འདུག་པས་མཚོན། དེའི་ཐད་ལ་དཔྱད་གཞི་མང་ཡང་། འདིར་གཙོ་བོ་དུས་རབས་བདུན་པ་བརྒྱད་པ་ནས་བཟུང་བོད་ལ་ནང་པའི་བསྟན་པ་དར་བ་དང་འབྲེལ་རྒྱལ་བ་ཤཱཀྱ་ཐུབ་པའི་བཀའ་དང་འཕགས་ཡུལ་པཎ་གྲུབ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་མང་པོ་རིམ་པས་བོད་ལ་བསྒྱུར་ནས་བཀའ་བསྟན་འབྲི་བཤུའི་རྒྱུན་དར་ཞིང་རྒྱས་པ་བྱུང་བ་ཡིན་པས། དེ་ལ་བརྟེན་ནས་བཀའ་བསྟན་བྲི་གཞིའམ་བཤུ་གདན་ཤོག་བུའི་རིགས་ཀྱང་མང་དུ་ཐོན་པ་ཡིན་ལ། དེ་ཡང་ཐོག་མར་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་གངས་ཅན་འཇིག་རྟེན་མིག་གཅིག་ལོ་ཙཱ་བ་ཐོན་མི་སམ་ལྷོ་ཊས་བོད་ཡིག་གསར་གཏོད་གནང་སྟེ། ནང་པའི་ཆོས་གཞུང་ཁ་ཤས་དང་པོར་བོད་ལ་བསྒྱུར་བར་མཛད་ཅིང་། བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་དེ་ནས་བཟུང་བོད་ལ་དམ་པའི་ཆོས་ཀྱི་སྲོལ་ཕྱེ་ཞེས་བཀོད་པ་ལྟར་ཡིན་པས། དེའི་རྗེས་སུ་བཙན་པོ་རིམ་བྱོན་དང་སྒོས་སུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན་ཡབ་སྲས་ཀྱི་སྐུ་རིང་ལ་དམ་པའི་ཆོས་དར་ཞིང་རྒྱས་པར་གནང་ནས། བོད་ལ་བཀའ་བསྟན་བསྒྱུར་བ་དང་། འབྲི་བཤུ། ཕྱོགས་བསྒྲིགས་བཅས་ཀྱི་ལས་ཀའི་སྒོ་མོ་ཐོག་མར་ཕྱེ། སྔ་གཞུག་ཏུ་བཀའ་དང་བསྟན་བཅོས་ཕྱོགས་བསྒྲིགས་གནང་བའི་དཀར་ཆག་ཡོངས་གྲགས་ཀྱི་《འཕང་ཐང་མ་》དང་། 《མཆིམས་ཕུ་མ།》 《ལྡན་དཀར་མ་》བཅས་རིམ་པར་བྱུང་ཞིང་། ད་ལྟ་བསྟན་འགྱུར་ཁྲོད་དུ་བཞུགས་པའི་ 《དཀར་ཆག་ལྡན་དཀར་མ་》ཡི་ནང་བཀོད་པའི་ཆོས་ཚན་བདུན་བརྒྱ་ལྷག་གིས་གྲུབ་པའི་བམ་པོ་མང་དུ་བྱུང་བ་དེ་ནི། བསྟན་པ་སྔ་དར་གྱི་སྐབས་སུ་བསྒྱུར་བའི་བཀའ་བསྟན་གཙོ་བོ་ཡིན་ལ། དེ་ནས་བསྟན་པ་ཕྱི་དར་སྐབས་བཀའ་དྲིན་མཚུངས་མེད་ལོ་ཆེན་རིན་ཆེན་བཟང་པོ་དང་། རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་དབུས་པའི་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་རྒྱ་བལ་གྱི་པཎ་གྲུབ་དག་གི་བཀའ་དྲིན་ལ་བརྟེན་ནས། བོད་ཀྱི་བཀའ་བསྟན་སྔར་ལས་ལྷག་པའི་ཕུན་སུམ་ཚོགས་པ་བྱུང་བར་བསྟུན། དུས་རབས་བཅུ་བཞི་པའི་ནང་མཁས་དབང་བཅོམ་ལྡན་རིག་པའི་རལ་གྲི་མཆོག་གིས་རང་གི་སློབ་མ་འཇམ་སྒེག་པས་རྒྱ་ནང་ནས་སྣག་ཤོག་འབོར་ཆེན་ཕུལ་བའི་ཆ་རྐྱེན་ལ་བརྟེན་ནས། བོད་ཡུལ་གྱི་གསུང་རབ་ཁ་ཚང་ཕྱོགས་བསྡུས་ཀྱིས་ད་ལྟའི་བཀའ་བསྟན་གྱི་རྨང་གཞི་འདི་ཐོག་མར་ཕྱོགས་སྒྲིག་གནང་ཐུབ་པ་བྱུང་། དེ་ནས་བཟུང་བོད་ཡུལ་དུ་བཀའ་བསྟན་ཕྱོགས་བསྒྲིགས་ཀྱི་འབྲི་བཤུ་དང་རྟེན་བཞེངས་རྒྱ་ཆེར་སྤེལ་བའི་སྲོལ་དར། སྔ་གཞུག་ཏུ་སྣར་ཐང་བཀའ་འགྱུར་དང་བསྟན་འགྱུར། ཚལ་པའི་བཀའ་འགྱུར། འཕྱོངས་རྒྱས་བཀའ་འགྱུར །འོལ་ཁ་སྟག་རྩེའི་བཀའ་འགྱུར། རྒྱལ་རྩེ་ཐེམ་སྤངས་མ། ལྷོ་རྫོང་བཀའ་འགྱུར་སོགས་གྲགས་ཆེ་བ་དང་། མི་ཚང་ཆེ་བ་མང་པོས་བོད་ཤོག་སྟེང་གསེར་དངུལ་དུང་གསུམ་དང་སྣག་ཚས་འབྲི་བའི་རྒྱུན་ཆེས་ཆེར་དར་བ་ཡིན། དེ་དག་ལས་སྣར་ཐང་བཀའ་བསྟན་ལྟ་བུ་ཁ་ཤས་ཤིག་རྒྱ་ནག་ནས་ཐོན་པའི་ཤོག་བུ་བཀོལ་བ་ཡིན་པ་མ་གཏོགས། བཀའ་འགྱུར་དང་བསྟན་འགྱུར་མང་ཆེ་བ་བོད་རང་ས་ནས་ཐོན་པའི་བོད་ཤོག་སྟེང་འབྲི་བ་ཁྱབ་ཆེ་སྟེ། དུས་ཕྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་པའི་གསེར་གདུང་མཆོད་རྟེན་ཏེ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་བཞེང་སྐབས་སུ། གསུང་རྟེན་གྱི་གྲས་སུ་བཀའ་འགྱུར་དང་བསྟན་འགྱུར་བཞེངས་པའི་ཚུལ་བརྫོད་སྐབས། 《མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་》ཏུ་“དེང་སང་ཚལ་པ་བཀའ་འགྱུར་དུ་གྲགས་པར་ཕྱི་མོ་བགྱིས་ངོས། བཟད་མཐོང་སྨོན་གཞིས་ཀར་གསར་བཞེངས་པད་མ་རཱ་གའི་མདངས་ལ་འགྲན་བཟོད་པའི་གན་ཤོག་ཐོག་འཛམ་བུ་ཆུ་བོའི་གསེར་སྦྱངས་ཀྱི་ཁུ་བས་ལེགས་པར་བྲིས་པ་་་་”①ཞེས་དང་། ཡང་། “བཟད་མཐོང་སྨོན་གཞིས་ཀར་ཐུབ་གསུང་བཀའ་གླེགས་བམ་བརྒྱ་དང་བཅུ་བཞི་མཐིང་ཤོག་སྟེང་རིན་ཆེན་གཉིས་པའི་ཞུན་མས་ལེགས་པར་བཞེངས་པའི་་་རྣམས་ཀྱི་རྒྱུར་ཤོག་བུ་བྲེ་ཁ་ཆིག་འབུམ་བདུན་ཁྲི་ཆིག་སྟོང་དགུ་བརྒྱ་བཞི་བཅུ།”②ཞེས་དང་། ཡང་། “ཚ་བ་མཛོ་སྒང་དུ་བཞེངས་པའི་སྐྱ་ཆོས་《རྒྱལ་རྩེ་ཐེམ་སྤངས་མའི་》བུ་དཔེ་པོ་ཏི་བརྒྱ་དང་བཅུ་གཅིག་་་་རྣམས་ཀྱི་རྒྱུར་ལྷོ་ཤོག་བྲེ་ཁ་བརྒྱད་ཁྲི་ཆིག་སྟོང་སུམ་བརྒྱ།③ཞེས་དང་། ཡང་། “ལྷོ་རྫོང་དུ་གསར་བཞེངས་སྐྱ་ཆོས་པོ་ཏི་བརྒྱ་དང་བཅུ་བཞིའི...རྣམས་ཀྱི་རྒྱུར། ཤོག་བུ་བྲེ་ཁ་བརྒྱད་ཁྲི་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ།”① ཞེས་སོ་སོའི་ཐད་ཀྱི་ཤོག་བུའི་རྒྱུ་སོང་གསལ་པོར་བཀོད་ཡོད་ལ། དེར་མ་ཟད་ད་དུང་ཤོ་མདོ་ལྷུན་གྲུབ་མི་འགྱུར་རབ་བརྟན་དང་། དེ་མོ་གསང་སྔགས་ཆོས་འཁོར་བཅས་སུའང་སྐྱ་ཆོས་གོང་ལྟར་གསར་བཞེངས་རྒྱུ་སོང་གོང་མཚུངས་དང་།ད་དུང་བསྟན་འགྱུར་བཞེངས་པའི་ཚུལ་ཡང་“བསྟན་འགྱུར་པུསྟ་ཀ་ཉིས་བརྒྱ་ཉེར་བཞིའི་་་་་་རྣམས་ཀྱི་རྒྱུར། ལྷོ་ཤོག་བཅུ་དེབ་ལྟེབ་སུམ་སྟོང་ལྔ་བརྒྱ་ང་གཉིས།② ཞེས་སོགས་བཀོད་པ་བཞིན་བཀའ་བསྟན་གསེར་བྲིས་དང་། དངུལ་བྲིས། དུང་བྲིས། སྣག་བྲིས་སམ་སྐྱ་ཆོས་བཅས་སྣ་ཁ་མང་པོ་བཞེངས་པར་མ་ཟད། ད་དུང་བོད་རང་གི་མཁས་དབང་རྣམ་པའི་གསུང་འབུམ་བཅས་ཀྱང་བཞེངས་ཚུལ་ནི།“གངས་ཅན་ཕན་བདེའི་འབྱུང་གནས་སྐྱེས་ཆེན་རྣམས་ཀྱི་གསུང་བཅས་སྔ་སོར་བཀའ་བསྟན་གྲས་སུ་བཞེངས་སྲོལ་མ་བྱུང་བ་རང་གི་ལེགས་བྱས་ཀྱི་བགོ་སྐལ་དུ་ཕྱོགས་བསྒྲིགས་བགྱིས་པའི་བཀའ་གཉིས་པ་དཀར་ཆག་ཐུགས་རྗེའི་བྱིན་རླབས་ཉེར་འབབ་ཏུ་གསལ་བ་བཞིན་པོ་ཏི་དགུ་བཅུ་གོ་བཞིའི་་་་་རྣམས་ཀྱི་རྒྱུར།་་་་་་རྒྱ་ཤོག་ཤོག་ལྷེ་བཞི་ཁྲི་དགུ་བརྒྱ་གོ་བདུན། ཤོག་ལྗང་དྲུག་བརྒྱ་གྱ་དྲུག བལྡབས་ཤོག་བཅུ་ལྟེབ་ཉིས་བརྒྱ་ང་དྲུག །”③ཅེས་གསུང་འབུམ་བཞེངས་ཚུལ་དང་། དེ་དག་གི་རྒྱུ་སོང་བཅས་གསལ་པོར་བཀོད་ཡོད་པ་ལས་ང་ཚོས་སྐབས་དེར་བོད་ཤོག་རྒྱུག་ཆེ་བ་གོའོ། །
              ཡང་དེ་མིན་བོད་ཡུལ་ཀུན་ཏུ་སྐུ་གསུང་ཐུགས་རྟེན་བཞེངས་པ་ནི་གཅིག་ལ་གཅིག་འགྲན་ལྟ་བུ་བགྲང་གིས་མི་ལང་བས་ན། རྟེན་བཞེངས་དེ་དག་ལ་བྲི་གཞི་ཤོག་བུ་ནི་མེད་དུ་མི་རུང་བ་སྟེ། གསུང་རྟེན་གྱི་འབྲི་བཤུ་མ་ཟད་སྐུ་དང་ཐུགས་རྟེན་གྱི་གཟུངས་འབུལ་ནང་བཞུགས་རྣམས་ཀྱང་མང་དུ་འབྲི་དགོས་པའི་ཕྱིར། བོད་ཤོག་ནི་འབྲི་བཤུའི་ཐད་བཀོལ་སྤྱོད་ཧ་ཅང་མང་བ་དང་། དེའི་རྗེས་སུ་རིམ་གྱིས་དཔར་རྒྱུན་དར་བས་དེ་བས་ཀྱང་བཀའ་བསྟན་པར་འདེབས་ཀྱི་ལས་ཀ་དར་ཁྱབ་སོང་བ་དང་བསྟུན། བོད་རང་གི་ཤོག་བུ་དང་ཤོག་བཟོའི་སྤུས་ཀ་ཇེ་ལེགས་དང་ལག་རྩལ་ཇེ་མཐོར་སོང་སྟེ། བཀའ་བསྟན་འབྲི་བཤུ་དང་པར་འདེབས་ལ་མཁོ་བའི་བོད་ཤོག་བོད་རང་ས་ནས་ཕལ་ཆེར་མཁོ་འདོན་བགྱི་ཐུབ་པ་ཡིན་ནོ། །
              འདིར་ཁོ་བོས་བོད་ཀྱི་བཟོ་རིག་པའི་བསྟན་བཅོས་ནང་ནས་ཤོག་བུ་བཟོ་བའི་ཡིག་ཆ་གཞིར་བཟུང་ཤོག་བཟོའི་ལག་རྩལ་ཐད་ལ་ཉམས་མྱོང་ལྡན་པའི་རྒན་རབས་པའི་ངག་སྒྲོས་ཀྱིས་ཟུར་བརྒྱན་ཏེ། བོད་རང་ས་ནས་ཐོན་པའི་ཤོག་བུ་བཟོ་བའི་ལག་རྩལ་སྐོར་ལ་ཅུང་ཙམ་དཔྱད་པར་འདོད་དེ།
              ཡང་འདིར་གླེང་དགོས་པ་ཞིག་ནི། ཡི་གེ་བྲི་བའི་གཞི་ཤོག་བུའི་རིགས་མ་བྱུང་གོང་ལ། ཡི་གེ་འབྲི་བའི་སྲོལ་དང་བྲི་གཞི་མེད་པ་གཏན་ནས་མིན་ཏེ། སྤྱིར་འཛམ་གླིང་མི་རིགས་ཁག་ལ་མཚོན་ན་ནུབ་ཕྱོགས་པས་ལྤགས་རིགས་སྟེང་འབྲི་བ་དང་། ཤར་ཕྱོགས་ལས་རྒྱ་ནག་གིས་རུས་སྦལ་གྱི་ཤུན་པ་དང་སྨྱུག་བྱང་སྟེང་འབྲི་བ་དང་། རྒྱ་གར་བས་ཤིང་གི་ལོ་མའི་སྟེང་འབྲི་བའི་སྲོལ་དར་ཁྱབ་ཆེ་བ་བཞིན། རང་རེ་བོད་མི་རིགས་ཀྱི་མེས་པོ་གོང་མ་ཡང་མེས་རྣམས་ཀྱིས་ཀྱང་བྲག་ངོས་སུ་ཡི་གེའམ་རི་མོ་འབྲི་བའམ་རྐོ་བ་དང་། རྡོ་རིང་སྟེང་རྐོ་བ། ཤིང་ཏ་ལའི་ལོ་མ་དང་ཤིང་གི་བང་བུའི་སྟེང་འབྲི་བའི་སྲོལ་ཡོད་པ་ད་ལྟའང་ང་ཚོའི་མཐོང་ལམ་དུ་ཡོད་པ་①བཞིན་དང་། དེ་ལྟར་ཡི་གེ་བྲི་གཞིའི་ཁྱད་པར་གྱི་དབང་གིས་ད་ལྟ་ང་ཚོས་མཐོང་བའི་དཔེ་ཆའི་གཟུགས་དབྱིབས་ཀྱང་ཐོག་མ་དེ་དག་ནས་བྱུང་བ་ཡིན་ཏེ། དཔེར་ན། བོད་ཀྱི་གླེགས་བམ་ནི་ཤིང་ཏ་ལའི་ལོ་མའི་སྒྲིག་སྲོལ་ལས་རྒྱ་གར་ལུགས་ལྟར་བྱུང་བ་དང་། རྒྱའི་གནའ་བོའི་དེབ་ནི་སྨྱུག་བྱང་སྟར་སྦྲེལ་གྱིས་ཡི་གེ་སྟེང་ནས་མར་ཀློག་པའི་སྲོལ་ལས་བྱུང་བ་དང་། ཡང་ད་ལྟ་ཡོངས་ཁྱབ་ཀྱི་དེབ་མགོ་བཙེམས་པ་འདི་ནི་ཕྱི་གླིང་པ་ཚོས་ཡི་གེ་ལུག་ལྤགས་སྟེང་བྲིས་ནས་ལྟག་ཀ་འཚེམ་བཟོ་བྱས་ཡོད་པའི་སྲོལ་ལས་དར་བ་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ། །  
              དེ་ཡང་བོད་ཤོག་གི་རྒྱུ་ཆ་གཙོ་བོ་ནི་བོད་རང་ས་ནས་ཐོན་པའི་ལྡུམ་རྩྭ་དང་ཟར་མ། ཤིང་རིགས་སོགས་ཡིན་ལ། དེ་ལ་མེད་དུ་མི་རུང་བ་རྩ་བའི་རྒྱུ་ཆ་ནི། རེ་ལྕག་རྩ་བ་དང་ཟར་མ། གྲོ་ལེགས་པོའི་རྗེན་ཕྱེ་དང་ཤོག་ཤང་ཨར་ནག་ཟེར་བའི་ཤིང་རིགས་རྣམས་ཡིན་ལ། དེའི་ནང་དུ་བསྲེ་དགོས་པ་ཡན་ལག་གི་རྒྱུ་ཆ་ནི་དཀར་རག་གམ་ལྷོ་བུན་དང་། རྦ་རྡོ། བུལ་ཏོག་དང་ལྷ་ཞོ་ཟེར་བའི་རྫས་རྣམས་ཡིན་ཏེ། ད་ལྟའི་བར་དུ་དར་ཁྱབ་ཆེ་བའི་བོད་ཤོག་གི་བཟོ་ཐབས་ནི། ཉིན་ཁའི་ཕྱོགས་སྐྱེས་པའི་རེ་ལྕག་①རྟིང་མ་བརྐོས་ནས། དང་པོ་ཤིང་གི་ཐོ་བྱས་རྡོ་ལེབ་སྟེང་རྡུང་། སྙི་མོར་གྱུར་རྗེས་རིམ་པ་གསུམ་དུ་ཕྱེ། ནང་སྙིང་རུས་པ་དེ་དོར། ཕྱི་ཤུན་དམར་ནག་དེ་བཤུ། བར་མཚམས་དེ་གྲི་སོགས་ཀྱིས་ཞིབ་མོ་བཞོགས་ནས་བུལ་ཏོག་ཅུང་དང་མཉམ་དུ་ཆུའི་ནང་བཙོ་དགོས། ཚོས་ཟིན་རྗེས་རྡོ་གཏུན་ནང་ནན་གྱིས་བརྡུངས་པས་ཤོག་འདམ་དུ་གྱུར། དེ་རྗེས་ཚགས་རས་གྲུ་བཞིར་བརྒྱངས་པའི་སྟེང་ཆུ་དང་ལྷན་འཁོད་སྙོམ་བྱས་ནས་ཉི་མར་སྐམ། ད་རུང་ཤོག་བུ་སྤུས་ཀ་ལེགས་པ་དང་མདོག་དཀར་པོ། སྣག་འཇིབ་པ་དང་ཧྲག་སྒྲ་ཡོད་པ། གྱེན་དུ་སྒྲེང་ན་རང་ཚུགས་ཐུབ་པ་བཅས་ཀྱི་ཆེད་དུ་རྒྱུ་ཆ་འདིའི་སྟེང་ཤོག་ཤིང་ཨར་ནག་①ཅེས་པ་དེ་གོང་ལྟར་ཤོག་འདམ་དུ་བཟོས་ནས་ནང་དུ་བསྲེས་ན་ལེགས་ཤིང་། ལྷག་པར་འདི་བཞིན་བཟོས་པའི་ཤོག་བུ་ལ་དུག་ཡོད་པས། རང་རེའི་བོད་ཤོག་ནི་འབུ་སྲིན་སོགས་ཀྱིས་མི་གནོད་པའང་གནད་འདི་ལ་ཐུག་ཡོད་ཚུལ་བཅས། ད་ལྟ་བཞུགས་པའི་རྒན་རབས་པ་ཤོག་བཟོའི་ཉམས་མྱོང་ཡོད་པའི་ངག་ལས་བཤུས་②ཏེ་བཀོད་པ་བཞིན་བོད་ཤོག་ནི་འདི་ལྟར་བཟོ་དགོས་པ་ཡིན། 
              ཡང་གོང་དུ་བཤད་པ་འདི་ནི་སྤྱིར་བཏང་གི་ཤོག་བུ་བཟོ་ལུགས་སྟབས་བདེ་ཙམ་ཡིན་ལ། ཤོག་བུ་སྤུས་ཀ་ཤིན་ཏུ་ལེགས་པ་དང་དཀར་མདངས་ཡོད་པ། དམིགས་བསལ་འབོལ་མཉེན་ཡོང་བ་བཅས་ཀྱི་བཟོ་ཐབས་སྐོར་ནི་བོད་སྔ་རབས་ཀྱི་མཁས་པ་ཆེན་པོ་ནང་སྒོས་གསོ་དཔྱད་དང་བཟོ་རིག་གི་གནས་ལ་མཆོག་ཏུ་མཁས་པའི་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་《རིག་པ་བཟོ་ཡི་གནས་ཀྱི་ལས་ཚོགས་ཕྲན་ཚེགས་འདོད་རྒུར་སྒྱུར་བ་པྲ་ཕབ་འོད་ཀྱི་སྣང་བརྙན་ཞེས་བྱ་བ་》(གཤམ་ནས་《བཟོ་གནས་ཕྲན་ཚེགས་》ཞེས་འགོད་རྒྱུ་)ལས། “ཤོག་བུ་ཤིན་ཏུ་དཀར་བ་འདོད་ན། ཤོག་བུའི་འདུམ་སླད་(ལྡུམ་ལྷད་)སེར་ནག་ཚག་ཚིག་འབར་འབུར་སྤུ་རྡུལ་སོགས་གྲིས་ལེགས་པར་བཞར། དེ་ནས་དཀར་རག་གམ་ལྷོ་བུན།① རྦ་རྡོ།② ལྷ་ཞོ་③བསྲེས་པའམ། ཤ་རུ་④དང་། དུང་ཧར་བསྲེག་བྱས་པའི་ཐལ་བ་ཤིན་ཏུ་དཀར་པོ་དེ་རྣམས་གང་རུང་། རས་རྐང་སག་གེ་བའི་ནང་དུ་བཏུམ་པས་ཤོག་ལ་ས་རྡེབ་རྒྱབ། དེ་ལ་རས་དཀར་དྲི་མེད་ཀྱི་འབའ་རྡོ་ལྟ་བུས་ཕྱི་བརྡར་ཡང་ཡང་བྱས་ནས། དབྱུག་ལྕགས་རྡེབ་པས་དཀར་རྩི་སྤྲུགས། དེ་ནས་གྲོ་ལེགས་པོ་སད་རུས་མ་རེད་པའི་རྗེན་ཕྱེ་རས་ཚག(ས་)ལས་བླངས། བག་ཞིབ་ཆུ་གྲང་ལ་སྦྱངས། སྙིགས་མ་མེད་པའི་བར་(བག་)དྭངས་དཀར་པོ་འོ་མ་ལྟ་བུ་དེ། མང་ཉུང་མེད་པར་དུམ་བུ་གཉིས་སུ་བགོས། ཕྱེད་དེ་ལེགས་པར་བསྐོལ། གར་སླ་འོ་མ་ཙམ་བསྐོལ། ཤོག་བུ་རྐང་ཉོབ་ན་སྤྱིན་ཡང་བསྲེ། ཆང་བཟང་གི་ཉིང་ཁུ་ནལ་(རྣལ་)མ་བསྲེས་ན་འབོལ་ཞིང་མཉེན་པ་འོང་། དེ་དང་སྔོན་གྱི་མ་བསྐོལ་བའི་དཀར་པོ་དེ་བསྲེས་པ། དེ་ལ་ཤོག་བུ་དྲངས་ལ་ངོམ་པར་ཟིན་ནས་སོར་མོས་ཤད་པ་གཡས་གཡོན་ཆག་(ཆ)མཉམ་ནས། སྐམ་སྦངས་བརྡུངས་པ་ཕྱི་(སྤྱི་)ལྟར་རོ། །དེ་ཡང་བག་ཆུ་བསྐོལ་བས་དམ་བྱེད། མ་བསྐོལ་བས་དཀར་མདངས་བྱེད་པས་ན། དཀར་རྩི་བྱས་མ་བྱས་གང་ལ་ཡང་བག་ཆུ་གཉིས་ཆར་ཕྱེ་བ་འདི་མན་ངག་གོ །”① ཞེས་གསུངས་པ་བཞིན་ཤོག་འདམ་ནང་དཀར་བྱེད་ཀྱི་རྫས་གོང་སྨྲས་དེ་དག་བསྲེས་ནས་ལེགས་པར་བཟོ་དགོས་པ་ཡིན་ལ། ཡང་དམིགས་བསལ་བག་འདོན་བྱེད་ཐབས་ནི། བོད་ཀྱི་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་《བཟོ་གནས་ཉེར་མཁོའི་ཟ་མ་ཏོག་བཞུགས་སོ་》(གཤམ་ནས་《བཟོ་གནས་ཉེར་མཁོ་》ཞེས་འགོད་རྒྱུ་)བྱ་བའི་ནང་“ཤོག་བུ་སྦག་འདོན་བྱེད་པའི་གདམས་ངག་ནི། བག་ཆུ་སླ་བཙོས་དྭངས་མ་བོང་ཆེ་བར་བྱ། དེ་ལ་དར་བ་མ་བཏགས་པ་བག་ཆུའི་བཞི་ཆ་ཙམ་བཏང་། སྤྱིན་ཆུའི་དྭངས་མ་ཅུང་ཟད་བཏང་། དེ་རྣམས་བསྲེས་ལ་དྲོ་འཇམ་ལ་བག་འདོན་བྱ་དགོས་ཏེ། ཧ་ཅང་ཚ་ཆེ་ན་ཤོག་བུ་འཚིག །གྲང་ན་བག་ཆུ་མི་འགོ་བས་ཤོག་བུ་སྲ་འཐིང་མི་འོང་། དེ་བས་ཚ་དྲོད་རན་པར་བྱ། རྫས་དེ་རྣམས་ཀྱི་ཡོན་ཏན་ནི། དར་བས་དཀར་ལ་དྭངས་པ་འབྱུང་། བག་ཆུ་སྲ་ལ་འབོལ་བ་འབྱུང་། སྤྱིན་ཆུས་མཁྲེགས་ཤིང་མདངས་ལྡན་འོང་ཞིང་ཡི་གེ་མི་འབྱམ་པ་འོང་།ཤིན་ཏུ་དཀར་པོ་འདོད་ན་ཀ་རག་བརྡར་བའི་ཁུ་བ་ཅུང་ཟད་བཏང་བྱས་ཤིན་ཏུ་ལེགས་པ་འབྱུང་སྟེ་མང་ན་ལྗིད་ཆེ་བར་འོང་། སྤྱིན་ཆུ་གར་ཆེ་ན་ཤོག་བུ་གྱོང་ཞིང་སྣག་མི་ལེན་པ་འོང་། དེས་ན་གོང་ལྟར་ཚོད་ཟིན་པར་བྱའོ། །”① ཞེས་ཤོག་བུ་བག་འདོན་བྱེད་སྟངས་དང་བག་འདོན་བྱེད་སྐབས་མཉམ་འཇོག་བྱེད་དགོས་པའི་སྐོར་བཅས་གསལ་པོར་གསུངས་ཡོད་པ་བཞིན་ལག་ལེན་བགྱི་དགོས་པ་ཡིན་འདུག །དེ་མིན་བོད་ཤོག་གི་སྤུས་ཀ་བཟང་ངན་ནི་གཙོ་བོ་ཤོག་རྒྱུ་དང་ཤོག་ལས་ཏེ་ཤོག་བཟོའི་ལག་ལེན་བཟང་ངན་གྱིས་ཤོག་བུ་བཟང་ངན་སྣ་ཚོགས་ཐོན་པ་ཡིན་ལ། དེའང་《བཟོ་གནས་ཉེར་མཁོ་》ཡི་ནང་“ཤོག་རྒྱུ་བཟང་ངན་དང་ཤོག་ལས་བཟང་ངན་གྱིས་ཤོག་བུ་སྣ་ཚོགས་འོང་སྟེ་དེ་ནི་ཤོག་བཟོའི་ཚུལ་ལས་ཤེས་སོ། །”② ཞེས་བཀོད་པ་བཞིན་བོད་ཤོག་བཟོ་བའི་གནད་དམ་པ་ནི། དང་པོ་ཤོག་བུའི་རྒྱུ་ཆ་ལེགས་པར་འདེམས་དགོས་པ་དང་། དེ་ནས་བཟོ་ཐབས་ཞིབ་མོ་བྱ་དགོས་པར་མ་ཟད། ད་དུང་ཤོག་འདམ་ནང་དུ་བསྲེ་རྒྱུའི་རྫས་གཞན་དག་སྟེ་དཀར་རག་དང་། སྤྱིན་ཆུ། བག་ཆུ། བུལ་ཆུ། དར་བ་སོགས་ཀྱང་ཤོག་བུ་བཟང་ངན་གང་དགོས་ལྟར་སྡེབ་སྦྱོར་དང་ལྡབ་ཚད་མ་ཟད། ཐ་ན་བག་འདོན་སྐབས་ཀྱི་དྲོད་གྲང་ལ་སོགས་པ་ཤོག་བཟོའི་ལག་ལེན་གྱི་ཉམས་མྱོང་དངོས་ལས་ཇི་བཞིན་བྱུང་བ་ལྟར་ལག་ལེན་བསྟར་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །  
              དེ་ལྟར་བོད་ཤོག་སྤྱིར་བཏང་བའམ་ཤོག་དཀར་བཟོ་སྟངས་ནི་ཕལ་ཆེར་འདི་འདྲ་ཞིག་ཡིན་འདུག་ལ། ཡང་བོད་ཤོག་ལ་ཤོག་དཀར་མིན་པའི་ཤོག་བུ་སྣ་ཁ་གཞན་པ་ཤོག་དམར་དང་ཤོག་སེར། ཤོག་སྔོན་ནམ་མཐིང་ཤོག་དང་། ཤོག་ལྗང་། ཤོག་ནག་དང་མོག་སྔོན། སྣག་ཤོག་བཅས་བོད་རང་གི་ཁྱད་ཆོས་ལྡན་པའི་ཤོག་རིགས་དུ་མ་བཟོ་ཐབས་ཡོད་ལ། དེ་ལས་ཤོག་དམར་བཟོ་ཐབས་ནི་《བཟོ་གནས་ཕྲན་ཚེགས་》སུ་འདི་ལྟར་བྱུང་སྟེ། “ཤོག་དམར་འདོད་ན། དང་པོ་བཙོད་①ཁུ་གར་མོ་ལ་དྲངས་ནས་སྐམ། དེ་ནས་བུལ་ཆུའམ་རྡོ་ཞུན་གྱི་དྭངས་མ་སྔོ་སིང་ངེ་བ་ལ་དྲངས། ཡང་ན་རྒྱ་ཚོས་ཚ་ལ་མ་སོང་བའི་ཁུ་བ་ལ་དྲངས། ཡང་ན་འོ་རྐྱལ་ནང་དུ་འོ་ཤང་②བླུགས་ལ། དེའི་ནང་དུ་འབྲི་མོག་གི་རྩ་བ་སྦུན་མ་མེད་པ་མང་དུ་བསགས་ལ་བཏབ་ནས་ཞག་གཅིག་བཞག །ནངས་པར་ཁ་དམ་པར་བྱས་ལ། ཕྱི་ནས་ལག་ཕུར་ཡང་ཡང་བྱས་པས་ཁུ་བ་བཏོན་པ་ལ་དྲངས།”③ཞེས་ཤོག་དམར་བཟོ་སྟངས་རིགས་གསུམ་ཙམ་བཤད་ཡོད་ལ། དེའི་ནང་ནས་འོ་ཤང་ནང་འབྲི་མོག་སྦངས་པ་འདི་ནི་བོད་རང་གི་དམངས་ཁྲོད་ཀྱི་ཉམས་མྱོང་སྟེང་ནས་སྤྱི་སྡོམ་བྱས་པ་ཞིག་ཡིན་ལ། འོ་རྐྱལ་བཀོལ་བ་ནི་འབྲོག་པའི་ཁྱད་ཆོས་ཀྱང་མངོན་གསལ་འདུག །དེ་ནས་ཤོག་སེར་བཟོ་ཐབས་ཡང་《བཟོ་གནས་ཕྲན་ཚེགས་》སུ། “ཤོག་སེར་འདོད་ན། ཞུ་མཁན་①བཟང་པོ་ཚ་ལ་བཏབ་ནས་ཁུ་བ་བཏོན། གར་མར་དྲངས། དམར་སེར་འོང་། ཡང་ན་སྔར་པགས་སེར་གྱི་ཚོས་དེ་དྲངས། དེ་རྡོ་ཞོ་དྭངས་མ་ལ་དྲངས་ན་དམར་སེར་ཡོང་། ཡང་ན་མེ་ཏོག་ལྕང་ཤོག་ཁུ་བར་སེར་ཚུར་②ཅུང་ཟད་བཏབ་ལ་དྲངས། ཤིན་ཏུ་སེར་བ་འདོད་ན་མྱང་རྩི་སྤྲས་③ཀྱི་ཁུ་བར་དྲངས་ན་ལེགས་པོ་འོང་།་་①ཞེས་ཤོག་སེར་བཟོ་སྟངས་རིགས་བཞི་ཙམ་བཤད་ཡོད། དེ་ལས་གཅིག་ནི་སྔར་པགས་སེར་གྱི་ཚོས་དེ་དྲངས་ཞེས་པའི་པགས་སེར་གྱི་ཚོས་ནི་《བཟོ་གནས་ཕྲན་ཚེགས་》སུ། “སེར་ཚོས་བྱེད་པ་ནི། རྡོ་དྲེག་དམར་པོ་ས་རྡུལ་མེད་པའི་ཁུ་བ་གར་མར་སྔར་ལྟར་བ་བའམ། ཡང་ན་མྱང་རྩི་སྤྲས། ཁ་ཆེ། དཔལ(སྤ་)སེར། ཅོ་ང་མེ་ཏོག  སྒ་ཚ། སྐྱེར་ཤུན། ལྕང་ཤོག་སེར་པོ། ཆུ་བུན་པ་②དེ་རྣམས་རྙེད་ན་སྔ་མ་མང་དགོས། མ་རྙེད་ཚེ་གང་དགོས་ཁུ་བ་ལེགས་པར་ཕྱུང་ནས་་་་་”③ཞེས་ཤོག་འདམ་ནང་དྲངས་པ་དེ་ལ་བཤད་པ་ཡིན་འདུག །དེ་ནས་ཤོག་སྔོན་བཟོ་ཐབས་ནི་《བཟོ་གནས་ཕྲན་ཚེགས་》སུ། “ཤོག་སྔོན་བ་ཐབས་ནི། སྔར་ལྭ་ཚོས་སྐབས་བཤད་པའི་རམ་④ཚོས་ལ་དྲངས་ན་ཡོང་། ཡང་ན་དར་ཚོས་སྐབས་བཤད་པའི་སྔོ་ཚོས་ལ་དྲངས་ན་ཡོང་། ཡང་ན། ཧོར་ཟླ་ལྔ་པའི་ནང་གི་ཤིང་སཱ་ལ་ཆེན་པོའི་མེ་ཏོག་དམར་ལ་སྔོ་མདངས་ཡོད་པ་ཐོན་དུས་བཏུས་ལ། ལྕགས་སྣོད་ཁུ་བ་བཏོན་ལ། ནང་དུ་ལྕགས་བྱང་མ་བཅུག་ལ་ཚི་ཞག་བཅད་ལ་ཕོ་ནས། ཁག་(ཞག་)གཉིས་ཙམ་བཞག །བུལ་ཏོག་ཅུང་ཟད་བཏབ་བསྲེས་དྲངས།”ཞེས་ཤོག་སྔོན་བཟོ་ཐབས་རིགས་གསུམ་ལས། སྔ་མ་གཉིས་ལྭ་ཚོས་དང་དར་ཚོས་སྐབས་ཀྱི་རམས་ཚོས་དང་སྔོ་ཚོས་གཉིས་ལ་དྲངས་ཞེས་བཤད་པའི་རམས་ཚོས་ནི། 《བཟོ་གནས་ཕྲན་ཚེགས་》སུ། “རམ་ཚོས་བྱེད་ཐབས་ནི། རབ་མན་རམ། འབྲིང་ཚོས་རམ། ཐ་མ་ལྕགས་རམ་སྟེ། གང་རྙེད་རྡོ་གཏུན་གང་ལུག་བལ་ཆུ་ལ་བཀྲུས་པའི་ཚི་ཁུ་གར་མ་དང་སྦྱར་ལ། ཚོན་ལྟར་ཡང་འདུལ། སིགས་མ་མེད་པའི་སྣག་ཚ་འདུལ་ལེགས་པ་ཙམ་བྱ། དེ་ལ་བྱང་བུལ་དཀར་པོ་དང་། ཆུ་བུན་པའི་རྩ་བ་སེར་པོ་བཏགས་པའི་ཕྱེ་ཅུང་ཟད་ཚྭ་འདེབས་ཆུང་ཚོན་ཅིག་བཏབ་ལ་འདྲེས་པར་སྦྱངས་་་་་་པའི་ཁུ་བ་ལ་དྲངས་པ་”ཞེས་པ་དེ་ཡིན་ལ། ཡང་དར་ཚོན་སྐབས་བཤད་པའི་སྔོ་ཚོས་ནི། 《བཟོ་གནས་ཕྲན་ཚེགས་》སུ། “ཡང་དར་གོས་སྔོན་པོ་འདོད་ན། ལྕགས་རམ་སྨུག་སྔོ་རེ་བ་དེ་འདུལ་སྦྱངས་སྔར་ལྟར་བྱས་ལ་གར་སླ་འོ་མ་ཙམ་དང་། འབུ་བྱང་པ་ཁྲ་བོའི་ཁུ་བ། ཤིང་ནག་མའི་མེ་ཏོག་དམར་པོ་བསྡུས་(གདུས་)པའི་ཁུ་བའི་ཞག་ཕར་ཕོས་པའི་དྭངས་མ་དང་། སྲད་མའི་མེ་ཏོག་སྨུག་པོ་དང་། མ་རྙེད་ན་རིའི་སྲད་མ་①སྔོ་སྨུག་གིས་ཚབ་རུང་། དེ་རྣམས་ལྷན་ཅིག་ཏུ་བསྲེས་ལ་བསྡུས་(གདུས་)པར་བྱང་བུལ་བཟང་པོ་བཏབ་ལ་བསྐོལ་”①ཞེས་པ་ལྟར་བསྐོལ་བའི་ཁུ་བ་ལ་དྲངས་པ་དེ་ཡིན་དགོས་འདུག།
              དེ་མིན་ཤོག་ལྗང་བཟོ་ཐབས་ནི། 《བཟོ་གནས་ཕྲན་ཚེགས་》སུ། “ཤོག་ལྗང་འདོད་ན། བཤད་མ་ཐག་པའི་མེ་ཏོག་ཁུ་བ་འདི་ལ་བུལ་ཏོག་དཀར་པོ་བསླད་མེད་བཏབ་ལ་དྲངས་པས་འབྱུང་། དེ་ཡང་བུལ་ཏོག་ཤེད་ཆེ་ཆུང་ནི། གཡུ་ཁ་རན་ན་ལྗང་ཁ། ཆེ་ན་ལྗང་སེར། ཤིན་ཏུ་མང་ན་སེར་པོར་འགྲོ། ཁུ་བ་དེ་ལ་རྡོ་ཞོ་བསྲེས་པས་སེར་པོ་ཡོང་”②ཞེས་བཀོད་པ་བཞིན་བཟོ་ཆོག་ལ། དེའི་ནང་ནས་ཚིག་དང་པོ་བཤད་མ་ཐག་པའི་མེ་ཏོག་ཅེས་པ་ནི་མེ་ཏོག་ཤང་དྲིལ་དམར་པོ་ལེགས་པར་སྐམ་པ་ཆུར་བཏབ་པའི་ཁུ་བ་ལ་ཟེར་བ་ཡིན་ནོ། །
              དེ་ནས་ཤོག་ནག་བཟོ་ཐབས་ཡང་《བཟོ་གནས་ཕྲན་ཚེགས་》སུ། “ཤོག་ནག་འདོད་ན། ཀོ་སྣག་སྐབས་བཤད་པའི་ཚུར་ནག་ཐར་ནུ་③སྦྱར་བ་དེས་ཡོང་། ཡང་ཤོག་ནག་གྱོང་དུ་འགྲོ་བས་ཆད་འཐོར་ཡོང་སླ་བ་འདུག་ཕྱིར། ཤིང་སཱ་ལའི་མེ་ཏོག་སྔོ་ཚོས་འདི་རང་བཟང་། གསེར་དངུལ་སོགས་ཀྱི་གདན་བྱེད་ཚེ། རམ་ཤོག་ནན་ཚོས་ཅན་རང་བཟང་།”①ཞེས་བཀོད་འདུག་ལ། ཡང་འདིར་ཀོ་ནག་སྐབས་བཤད་པའི་ཚུར་ནག་ཐར་ནུ་ཞེས་པ་ནི། 《བཟོ་གནས་ཕྲན་ཚེགས་》སུ། “ནག་ཚོས་བྱེད་པ་ནི། ནག་ཚུར་བཟང་པོ་ཆང་སྐྱུར་ནང་དུ་སྦྱངས་ལ་བགྲུང་དུ་བཅུག་པ། རྡུལ་སྙིགས་མ་མེད་པར་བཙགས་པའི་དྭངས་མ་བགྲུང་བསིང་ལན་གསུམ་ཙམ་བྱ། དེའི་ནང་དུ་ཐར་ནུའི་ཕྱེ་མ་ཚུར་ཁུ་ཞོ་རེར་ཕུལ་རེ་ཙམ་བཏབ་ལ་ཅུང་ཟད་བསྐོལ། ལྕགས་སེག་བརྡར་གྱིས་ཕྱེ་ཁྱོར་བ་གང་། ཨ་རུ་གསེར་མདོག་རྡོག་གསུམ་གྱི་ཞིབ་ཕྱེ་ཆང་ཚན། མོ་དཀར་ཡོལ་གང་གི་ནང་དུ་བཏབ་ལ། ལྕགས་སྣོད་དུ་སྙལ་ཞིང་འདུལ་སྦྱངས་བྱས་པས། ལྕགས་བསྲེག་མེད་པར་ཞུ་བ་དེ་དང་བསྲེས་ལ།”② ཞེས་དེའི་ཁུ་བ་ལ་དྲངས་ཆོག་པའི་དོན་ཡིན།
              ཡང་ཤོག་བུ་མོག་སྔོན་ཅན་བཟོ་ཐབས་ནི། 《བཟོ་གནས་ཕྲན་ཚེགས་》སུ་འདི་ལྟར་འབྱུང་སྟེ། “མོག་སྔོན་འདོད་ན། མེ་ཏོག་ཤང་དྲིལ་③དམར་པོ་ལེགས་པར་སྐམ་པ་ཆུར་བཏབ། མཛུབ་མོ་ཚུགས་ཙམ་བསྲེས་ལ། ཁུ་བ་ཡང་ཡང་སྔ་ཕྱིར་ཕྱུང་ལ་སྡོམ། སིགས་མ་དོར། དེར་ཚ་ལ་ཅུང་ཟད་བཏབ་པ་ལ་དྲངས་པས་འགྲུབ་བོ །”①ཞེས་ལེགས་པར་བཀོད་ཡོད།  
              དེ་མིན་བོད་ཀྱི་བཀའ་དང་བསྟན་བཅོས་རྣམས་གསེར་བྲིས་དངུལ་བྲིས་ཀྱི་བྲི་གཞི་སྣག་ཤོག་བཟོ་སྟངས་ནི། 《བཟོ་གནས་ཕྲན་ཚེགས་》སུ། “སྣག་ཤོག་བྱེད་ན། སྣག་སྤྱིན་ཆེ་བར་མི་བྱ་བའི། སེམས་ཅན་གང་རུང་གི་ཀླད་པ་བཙོས་ལ། ཁྲག་ཁུ་དོར་ནས་དུལ་(རུལ་)དུ་བཅུག་ན་གསེར་དངུལ་མི་གཡའ་བའི་དགོས་པ་དང་། ཀླད་པས་འབོལ་གཉེན་འོད་དང་ལྡན་པའི་དགོས་པ་ཡོད། ཀླད་སྤྱིན་གྱིས་དམ་སྦྱར་བའི་སྣག་ཚ་འདུལ་ལེགས་སྲབ་མཐུག་མེད་པར་བྱུག །འདུལ་ཁང་(ཁར་)ཕུབ་ལ་གཟི་མཆོང་གིས་ཨུར། (དབུར)དེ་ཡང་སྣག་ཚའི་བྲིས་ཁྱིམ་ལས་མི་བྱུག་གོ།”②ཞེས་སྣག་ཤོག་གི་སྣག་སྤྱིན་དང་ཀླད་པའི་བཟོ་ཐབས་དང་ཕན་ནུས་བཅས་གསལ་པོར་བཀོད་ཡོད་ལ། དེ་མིན་ད་དུང་རིན་པོ་ཆེ་གཟི་མཆོང་གི་རིགས་ཀྱིས་དབུར་དགོས་པར་མ་ཟད། དབུར་རྡོ་དང་བརྡར་གདན་ཡང་གང་རུང་གིས་བྱ་མི་འོས་ཏེ། 《བཟོ་གནས་ཉེར་མཁོ་》ཡི་ནང་“དབུར་རྡོའི་ཁྱད་པར་ནི། དུང་གིས་དབུར་ན་འཇམ་པོར་འོང་སྟེ་ཤོག་བུ་ཅུང་ཟད་སྔོན་པོར་འགྲོ། རྡོ་ཡིས་དབུར་ན་ཤོག་བུ་ཚིག་ནས་འོང་། མཆོང་གིས་དབུར་ན་རི་མོ་དོད། ལྕགས་སོགས་ཀྱིས་དབུར་ན་གཡའ་འོང་། དེས་ན་གཟི་སེར་ཁྲས་དབུར་ན་མདོག་ལེགས་ཤིང་འཇམ་ཤོག་བུ་འབོལ་བར་འོང་བས་དེ་བཟང་ཞེས་སྔར་གྱི་འབྲི་མཁན་དག་གི་ཉམས་མྱོང་དུ་བཤད། དེ་ལྟར་མ་རྙེད་ན་རྭ་སོགས་ཀྱིས་རུང་ཙམ་དང་། མ་ན་ཧོ་སོགས་རིན་ཆེན་མཁྲེགས་འཇམ་རྣམས་བཟང་ངོ་། །བརྡར་གདན་ཤིང་ལེབ་དྲི་མེད་འཇམ་བརྟན་ངོས་སུ། ལག་བརྡར་རམ་གནམ་དབུར་གྱིས་ཁྱབ་པར་དལ་དབུར་བྱས་ན་ལེགས།”① ཞེས་གསུངས་ཤིང་། དེ་མིན་ད་དུང་སྣག་ཤོག་ལ་ཐིག་སྣ་ཚོགས་འདེབས་སྟངས་སོགས་ཞིབ་ཏུ་བཀོད་ཡོད་མོད། འདིར་རྒྱས་པར་གླེང་བར་མི་བྱ་བས་ཤེས་འདོད་དག་གིས་འབྲེལ་ཡོད་བསྟན་བཅོས་ལ་གཟིགས་པར་ཞུའོ། ། 
              དེ་ལྟར་བོད་ཤོག་གི་ཐོན་ཁུངས་ས་ཁུལ་དང་ཤོག་རིགས་ཀྱི་རྣམ་གྲངས་གཙོ་ཆེ་བ་ནི། དྭགས་པོ་སྟོད་སྐུ་རབ་ཅེས་པའི་ཡུལ་ནས་ཐོན་པའི་དྭགས་ཤོག་དང་། ལྷོ་འབྲུག་ཡུལ་ནས་ཐོན་པའི་ལྷོ་ཤོག །སྟོད་གཉའ་ནང་ནས་ཐོན་པའི་གཉའ་ཤོག །ཆབ་མདོ་བྲག་གཡབ་ནས་ཐོན་པའི་ཁམས་ཤོག །གཙང་སྙེ་མོ་ཁུལ་ནས་ཐོན་པའི་གཙང་ཤོག་དང་། ལྷོ་ཁའི་མཚོ་སྣ་ཁུལ་ནས་ཐོན་པའི་མཚོ་ཤོག་བཅས་ཡོད་པར་མ་ཟད། མོན་ཡུལ་ནས་ཐོན་པའི་མོན་ཤོག་བཅས་ཡོད་པ་ཡིན་ཏེ། 《མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་》ཏུ། མཆོད་སྡོང་གི་ཕྱིའི་རྟེན་མཆོད་རྟེན་ཆེན་པོའི་རྒྱུ་སོང་བརྗོད་སྐབས་སུ། “དྭགས་ཤོག་བྲེ་ཁ་སུམ་བརྒྱ་བཅུ་བདུན། གན་ཤོག་བྲེ་ཁ་བརྒྱ་དང་ཉི་ཤུ། ལྷོ་ཤོག་བྲེ་ཁ་དགུ་བརྒྱ་བརྒྱད་ཅུ། གཉའ་ཤོག་བྲེ་ཁ་བརྒྱ་དང་བཅུ། ཁམས་ཤོག་བྲེ་ཁ་བརྒྱ་དང་ཉི་ཤུ། གཙང་ཤོག་ཡུག་ཉིས་བརྒྱ་ཞེ་བདུན།”②ཞེས་དང་། ཡང་ནང་གི་གསུང་རྟེན་བརྗོད་སྐབས་སུའང་། “མཚོ་ཤོག་   བཅུ་ལྟེབ་ཉིས་སྟོང་སུམ་བརྒྱ་ཉིར་གསུམ།”① ཞེས་དང་། མོན་ཤོག་བཅུ་ལྟེབ་དྲུག་སྟོང་དགུ་བརྒྱ་བཅུ་དྲུག །”② ཅེས་ཕྱི་ནང་དུ་གཟུངས་འབུལ་ནང་བཞུགས་ཀྱི་ཤོག་བུ་རྒྱུ་སོང་རྣམ་གྲངས་གང་སོང་གསལ་པོར་བཀོད་པ་ལས་ཀྱང་སྐབས་དེར་བོད་ཤོག་མང་དུ་ཐོན་པ་ཤེས་ཐུབ་ལ། དེ་མིན་ད་དུང་དྭགས་པོ་སྨད་སྐྱེམ་སྟོང་ཞེས་པའི་ཡུལ་ནས་ཐོན་པའི་སྐྱེམ་ཤོག་དང་། རྒྱལ་རྩེ་ཁུལ་ནས་ཐོན་པའི་རྒྱལ་ཤོག །གཙང་ཕུན་ཚོགས་གླིང་ནས་ཐོན་པའི་ཕུན་ཤོག་ཟེར་བ་དང་། ཁམས་སྡེ་དགེ་ནས་ཐོན་པ་དང་མདོ་སྨད་མཚོ་སྔོན་ནས་ཐོན་པའི་བོད་ཤོག་རྣམ་གྲངས་ཤིན་ཏུ་མང་བ་ཡོད་པ་ཡིན་མོད། འོན་ཏེ་ཞིབ་རྒྱས་ནི་ཡིག་ཆ་ཁུངས་ཐུབ་མ་མཐོང་བྱས་གླེང་བར་མ་ནུས་སོ། །
              གཞན་ཡང་བོད་ཤོག་གི་རྣམ་གྲངས་དང་དེ་དག་བཀོལ་སྤྱོད་ཀྱི་ཡུལ་བཅས་བློ་མཐུན་དབང་ཕྱུག་ལགས་ཀྱིས་ཞིབ་ཙམ་བཀོད་འདུག་པས་མཁྱེན་འདོད་དག་གིས་དེ་རིགས་ལས་ཤེས་པར་བྱ་ལ་འདིར་བསྐྱར་གླེང་གི་ངལ་བ་མི་བསྟེན་ནོ། །
              ཡང་བོད་ཤོག་འདི་ལྟར་བཟོ་ཚུལ་ནི་དེང་སང་བལྟས་ན་ཧ་ལས་དགོས་པ་ཞིག་མིན་པར་མ་ཟད། ལག་ཆ་ཞན་པ་དང་ཤོག་ཐོན་ཉུང་བ། མིའི་ལས་ཚེགས་ཆེ་བ་སོགས་གདོད་མའི་སྤྱོད་སྟངས་ཀྱི་རྣམ་པ་ལྟ་བུར་འདུག་ནའང་། འོན་ཏེ་མི་ལོ་སྟོང་ཕྲག་ལྷག་གི་ཡར་སྔོན་གྱི་མིའི་རིག་སྒོ་ལ་མཚོན་ན་ཤིན་ཏུ་ཡ་མཚན་པ་དང་ངོམ་རི་བ་ཞིག་ཡིན་ལ། དེར་མ་ཟད་བོད་ཤོག་གི་ཤོག་རྒྱུ་འདུལ་སྦྱངས་སླ་བ་དང་རྩི་ཤིང་ལ་དུག་ཡོད་མེད། རྫས་ཀྱི་སྡེབ་སྦྱོར་དང་རྫས་འགྱུར་གྱི་ནུས་པ་ཤེས་པ་སོགས་ཀྱི་ཐད་ལ་བོད་རང་གི་ཁྱད་ཆོས་དང་སྔ་རབས་མིའི་ཚན་རིག་གི་འདུ་ཤེས་དང་ལག་རྩལ་མཚོན་པར་མ་ཟད། དེའང་གནའ་རབས་བོད་ཀྱི་ཚན་རིག་ལག་རྩལ་ནང་གི་ཡ་གྱལ་གལ་ཆེན་པོ་ཞིག་ཡིན་སྟབས། འདིར་ཆེད་དུ་དེའི་ཐད་ལ་ཏོག་ཙམ་དཔྱད་ཁུལ་བྱས་པ་ཡིན་ན། ཡང་བོད་ཤོག་བཟོ་བའི་ལག་རྩལ་འདི་ནི་འདས་པའི་བྱུང་བ་ཁོ་ན་ཞིག་མ་ཡིན་སྙམ་སྟེ། གང་ཞེ་ན། དེང་སང་ཤོག་བཟོའི་ཐད་དེང་རབས་ཅན་གྱི་ཚན་རིག་ལག་རྩལ་དང་འཕྲུལ་ཆས་ཀྱིས་བཟོ་སྐྲུན་འབོར་ཆེན་ཐུབ་པ་བཤད་མ་དགོས་མོད། འོན་ཀྱང་དེང་སང་གི་ཤོག་བུ་མང་ཆེ་བ་ཤོག་རྒྱུ་ཤིང་རིགས་ཡིན་སྟབས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཕོག་པ་དང་། ཡང་ཤོག་བུ་ལ་དཀར་མདངས་ཆེ་ཡང་ལྗིད་ཆེ་བ་དང་། བརླན་མི་ཚུགས་པ། འབུ་སྲིན་གྱི་གནོད་པ་ཕོག་སླ་བ་དང་མདོག་འགྱུར་སླ་བ་སོགས་ཀྱི་སྐྱོན་ཆ་མེད་པ་མིན་ཏེ། དེ་བས་ན་དེང་རབས་ཅན་གྱི་ཤོག་བུ་བཟོ་བའི་རྒྱུ་ཆའི་ནང་བོད་ཤོག་གི་རྒྱུ་ཆ་རྣམས་བསྲེས་ནས་ཞིབ་འཇུག་བྱས་རྗེས། ཚན་རིག་གི་སྒོ་ནས་ལེགས་ཆ་རྣམས་བསྡུ་ལེན་གྱིས་ཤོག་བུ་གསར་པ་བཟོ་ཐབས་ཚོད་ལྟ་བྱས་ན་ཅི་འོང་ཆ་མི་འཚལ་བས། འདི་ལ་མཐའ་གཅིག་ཏུ་དེ་ནི་སྲོལ་རྒྱུན་གྱི་ལག་རྩལ་རྙིང་པ་རྗེས་ལུས་ཅན་རེད་བསམས་ནས་སྣང་འཛོག་མི་གནང་བ་ནི་ཚན་རིག་གི་ལྟ་སྟངས་དང་མི་མཐུན་པས་ཤིན་ཏུ་ནས་ཀྱང་མི་རུང་སྙམ་སྟེ། འདིར་ཁོ་བོས་དེ་ཙམ་ཞིག་མཁས་དབང་རྣམ་པའི་སྙན་ལམ་དུ་འཆགས་ཐལ་ན། ལར་ནོར་འཁྲུལ་ཅི་མཆིས་མཁས་དབང་རྣམ་པས་དག་བཅོས་གནང་རོགས་ཞུའོ།།  །།
              * རྩོམ་ཡིག་འདི་2004ལོར་ཀྲུང་གོའི་མི་རིགས་གྲངས་ཉུང་གི་ཚན་རྩལ་ལོ་རྒྱུས་རྒྱལ་སྤྱིའི་ཚོགས་འདུ་སྐབས་བདུན་པ་སྟེ་བོད་ཀྱི་ཚན་རྩལ་ལོ་རྒྱུས་ཚོགས་འདུའི་ཐོག་སྒྲོག་སྦྱང་ཞུས་པ་དང་།  2005ལོར་《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་》ཅེས་པའི་དུས་དེབ་ཨང་དང་པོའི་ཐོག་བཀོད་ཡོད།  
              ① ལུའོ་པིང་ཧྥེན་གྱིས་གཙོ་སྒྲིག་བྱས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་གཅེས་བསྡུས་》ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་2002ལོར་པར་དུ་བསྐྲུན་པའི་ཤོག་ངོས་222པར་“ཏ་ཟིག་གི་ཤོག་ཤོག་གམ།”ཞེས་ཤོག་བུ་སྨན་སྣར་འགྲོ་ཚུལ་བཀོད་ཡོད་པར་གསལ།
              ① མཁས་པ་ལྡེའུས་མཛད་པ་1987ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་(གྲ་སྒྲིག་)གིས་བསྒྲིགས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་ 27lཔར་གསལ།   
              ② དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་སྒྲིག་སྒྱུར་གནང་བའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་1980ལོར་པར་དུ་བསྐྲུན་པལི ཤོག་ངོས་loཔར་གསལ།
              ①②③ སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་《མཆོད་སྡོང་འཛམ་གླིང་རྒྱན་གཅིག་རྟེན་གཙུག་ལག་ཁང་དང་བཅས་པའི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིངས་བྱིན་རླབས་ཀྱི་བང་མཛོད་ཅེས་བྱ་བ་བཞུགས་སོ་》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1990ལོར་པར་དུ་བསྐྲུན་པའི་ཤོག་ངོས་493པ་དང་497པ་དང་501བཅས་སུ་གསལ།
              ①②③ སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་《མཆོད་སྡོང་འཛམ་གླིང་རྒྱན་གཅིག་རྟེན་གཙུག་ལག་ཁང་དང་བཅས་པའི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིངས་བྱིན་རླབས་ཀྱི་བང་མཛོད་ཅེས་བྱ་བ་བཞུགས་སོ་》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1990ལོར་པར་དུ་བསྐྲུན་པའི་ཤོག་ངོས་502པ་དང་504པ་དང་505བཅས་སུ་གསལ།
              ① རུ་ཐོག་གི་བྲག་བརྐོས་རི་མོ་དང་། དེ་མོའི་བྲག་བརྐོས་ཡི་གེ། ཞོལ་རྡོ་རིང་ཡི་གེ། ཏ་ལའི་ལོ་མའི་སྟེང་བྲིས་པའི་བོད་ཡིག་དང་། ལི་ཡུལ་ནས་ཐོན་པའི་བོད་ཀྱི་ཁྲམ་ཤིང་ཡི་གེ་སོགས་མང་ངོ་། །
              ② རེ་ལྕག་པ་ནི་བོད་ཡུལ་གྱི་ས་ཆ་སྤང་ལྗོངས་དང་ཐང་རྒོད། ཞིང་འགྲམ་བཅས་གང་སར་ཡོད་པའི་རྩྭ་ལྡུམ་རྩ་བ་སྦོམ་ལ་རགས་པ། ཡན་ལག་རྒྱས་པ་དབྱིབས་ལ་ཕུག་དང་འདྲ་བ། ངར་པ་རེ་རེའི་རྩེ་ལ་མེ་ཏོག་སྦུ་གུ་ཕྱི་དམར་ནང་དཀར་པོ་ཡོད་པ་ཞིག་ཡིན་ལ། ཤོག་རྒྱུ་དང་སྨན་སྣ་ལ་འགྲོ་ཆེ། མིང་གཞན་བྷི་བྱི་ལ་དང་། གཏུམ་པོ། ཤོག་ལྡུམ་པ། ཤོག་ཤིང་པ། ཡན་ལག་ཁྲག་གཅོད། ར་དུག་རེ་ལྕག། བོང་དུག་ནག་པོ། གནམ་གྱི་རལ་ཆེན། དུ་དུ་ཤག །དར་ཐོད་ཅན། རྒྱལ་པོ་ལ་ཐོད་ཅན། བདུད་རྩི་བ་ལ་ཅན། སྲིན་མོ་མགོ་ཁྲ་སོགས་མིང་མང་ལ། ཁོ་བོའི་ཡུལ་སྐད་དུ་ར་མ་རེ་ལྕག་ཟེར།
              ① ཤོག་ཤིང་ཨར་ནག་ནི་བོད་ཡུལ་གྱི་ས་ཆ་རོང་ས་དང་ཤིང་གསེབ། བྲག་བར་དང་གཙང་འགྲམ་བཅས་སུ་སྐྱེ་བའི་ལྕང་ཤིང་གི་རིགས་ཤིག་ཡིན་ལ། ཡལ་ཕྲན་མང་ཞིང་ཤུན་པ་ཁམ་སྨུག་དང་བར་ཤུན་ཤོག་ཤིང་ཡིན། ལོ་མ་དང་མེ་ཏོག་གི་དབྱིབས་རེ་ལྕག་པ་དང་མཚུངས་ལ། མེ་ཏོག་གི་ཁ་དོག་སེར་པོ་དྲུག་བདུན་ཙམ་ཚོམ་བུར་སྐྱེ་བ་ཤོག་རྒྱུ་དང་སྨན་སྣར་འགྲོ་བ་ཞིག་ཡིན། འདི་ཨར་ནག་གི་རིགས་ཡིན་སྟབས་དུག་ཡོད་པས་ཤོག་བུ་བཟོས་ན་འབུ་སྲིན་གྱིས་མི་གནོད་ལ། སྨན་ལ་སྦྱར་ན་དུག་དབྱུང་དགོས་པར་བཤད།   
              ② ཁོ་བོའི་གྲོགས་པོ་བཀའ་བསྟན་དཔེ་བསྡུར་ཁང་གི་ལྷ་རིས་པ་སྡེ་དགེ་འཇམ་དབྱངས་བཟང་པོ་ལགས་ནས་སྡེ་དགེ་པར་ཁང་གི་ཤོག་བཟོ་པ་རྒན་རབས་པར་ངོ་འདྲི་ཞུས་རྗེས་ཕྱག་བྲིས་གནང་བྱུང་བ་ལྟར་བཀོད།
              ① ལྷོ་བུན་ནི་སྐབས་འདིར་གོ་དོན་གཞན་པ་མེད་འདྲ་སྟེ། དཀར་རག་གམ་ལྷོ་བུན་ཞེས་པའི་ཚིག་ལ་གཞིགས་ན་དཀར་རག་གམ་ཀ་རག་གི་མིང་གི་རྣམ་གྲངས་ཡིན་དགོས་པར་འདུག །   
              ② རྦ་རྡོ་ཞེས་པར་བོད་ཡིག་གི་ཚིག་མཛོད་རྣམས་སུ་སྐབས་བབ་ཀྱི་གོ་དོན་འདྲ་ཆགས་པ་ཞིག་བྲིས་མི་འདུག་པས། བཟོ་རིག་པའི་གཞུང་ལ་མཁས་པ་ཁོ་བོའི་གྲོགས་པོ་ཉག་རོང་པ་དཀོན་མཆོག་བསྟན་འཛིན་ལགས་ལ་བཀའ་འདྲི་ཞུས་འབྲས་སུ། རྡོ་ཞིབ་ཏུ་བརྡར་བའི་ཕྱེ་མའམ་རྡོ་ཞུན་ལ་གོ་བ་ཡིན་གསུངས་པ་ཐུགས་མད་སྙམ།   ③ ལྷ་ཞོ་ནི་གངས་ཐིགས་ཀྱི་གབ་མིང་ཡིན་པར་བཤད་དེ། ངེས་ཚིག་ནི་གངས་ཐིགས་མེར་བསྲེགས་ནས་ཆུར་གྱུར་པའི་ཚེ་ཞིག་ནས་ཞོ་ལྟར་འགྱུར་བས་དཔེའི་སྒོ་ནས་ལྷའི་ཞོའི་མིང་དུ་བཏགས་ཟེར། གངས་ཐིགས་ཞེས་པ་གངས་ཀྱི་དུམ་བུ་ཡུན་རིང་ལོན་ནས་རྡོར་གྱུར་པ་དང་། གངས་ཞུ་བའི་ཐིགས་པ་རྡོའི་དྲེག་པ་དང་ལྷན་དུ་གོང་བུར་དྲིལ་ནས་གངས་ཀྱི་ཁུ་འཕངས་བབས་པ་ལྟར་གངས་འགྲམ་གྱི་ཆུ་ལ་ཆགས་པས་དེ་ལ་ཟེར་བ་ཡིན་ལ། སྨན་སྣ་དང་ཤོག་རྫས་སུ་འགྲོ་བ་ཞིག་ཡིན།   
              ④ ཤ་རུ་ནི་གོང་གི་མཆན་གཉིས་པ་ལྟར་ཞུས་འབྲས་སུ་སེམས་ཅན་གྱི་ཤ་ཚིལ་མེད་པ་ཤ་གྱོང་ཧར་བསྲེག་བྱས་པའི་ཐལ་བར་གོ་ལ། དེའི་དགོས་པ་ནི་ཤོག་བུ་འཛིན་དམ་ཡོད་པའི་ཆེད་དུ་ཡིན་གསུངས།
              ① དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་《རིག་པ་བཟོ་ཡི་གནས་ཀྱི་ལས་ཚོགས་ཕྲན་ཚེགས་འདོད་རྒུར་སྒྱུར་བ་པྲ་ཕབ་འོད་ཀྱི་སྣང་བརྙན་ཞེས་བྱ་བ་བཞུགས་སོ་》ཞེས་པ་སྡེ་དགེ་ཤིང་དཔར་སྣ་རིང་མའི་ཤོག་ངོས་27པར་གསལ།
              ①② འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་བརྩམས་པའི་《བཟོ་གནས་ཉེར་མཁོའི་ཟ་མ་ཏོག་བཞུགས་སོ་》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1993ལོར་པར་དུ་བསྐྲུན་པའི་ཤོག་ངོས་11པ་དང་12པར་གསལ།
              ① བཙོད་ནི་བོད་ཡུལ་གྱི་མེ་ཏོག་དང་རྫ་ཡུལ། སྤོ་བོ་སོགས་དྲོད་ཆེ་སའི་ནགས་འདབས་དང་ཤིང་ཕྲན་རྩྭ་ལྡུམ་སོགས་ཀྱི་གསེབ་ཏུ་སྐྱེ་ཞིང་གཞན་ལ་འཁྲི་བའི་ལྡུམ་རིགས་ཤིག་ཡིན། རྩ་བ་ཁ་དོག་ལི་དམར་རྒྱུས་ཕྲན་རིང་ལ་འཛིང་ཞིང་དྲེག་པ་ནག་པོ་ཅན། ངར་པ་གྲུ་བཞི་ཕྲ་ལ་རིང་བ་ལོ་མ་ལྗང་རྩུབ་ལོ་རྐང་རིང་བ། མེ་ཏོག་ཆུང་ངུ་དུས་མདོག་སེར་སྐྱ་དང་སྨིན་དུས་སྨུག་པོར་འགྱུར་བ། ཁ་དོག་དམར་ཞིང་ཚིགས་མང་བའི་རིགས་ཤིག་ཡིན། བཙོད་ལ་ཁུ་བ་ལེགས་པ་འབྱུང་ལ་ཆུར་སྦངས་ན་ཁུ་བ་དམར་པོ་འབབ་པས་ཐག་ཚོས་སོགས་བྱེད་པ་ཞིག་ཡིན་པས་འདིར་བཙོད་ཁུ་ནི་དེ་ལ་གོ་དགོས།   
              ② འོ་ཤང་ནི་མར་བཏོན་ཟིན་པའི་འོ་མ་ལ་ཟེར་བ་ཡིན། 《བོད་རྒྱ་ཚིག་མཛོད་ཆེན་མོའི་》ནང་(ཤང་འོ་)ཞེས་ཀྱང་འབྲི། ཁོ་བོས་དར་བ་དང་དབྱེ་བ་ཧ་མ་གོ་ནས་རང་གི་མ་རྒན་ལ་བཀའ་འདྲི་ཞུས་འབྲས་སུ། ཚ་བ་མེད་དུས་འོ་མ་སོབ་རུལ་མ་བྱུང་བར་མར་བཏོན་ཟིན་པའི་འོ་མ་ལ་ཟེར་བ་ཡིན་ལ། ཁོ་བོའི་ཡུལ་སྐད་དུ་ཤང་ཆུར་ཟེར་གསུངས།   
              ③ དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་《རིག་པ་བཟོ་ཡི་གནས་ཀྱི་ལས་ཚོགས་ཕྲན་ཚེགས་འདོད་རྒུར་སྒྱུར་བ་པྲ་ཕབ་འོད་ཀྱི་སྣང་བརྙན་ཞེས་བྱ་བ་བཞུགས་སོ་》ཞེས་པ་སྡེ་དགེ་ཤིང་དཔར་སྣ་རིང་མའི་ཤོག་ངོས་28པར་གསལ།
              ① ཞུ་མཁན་ནི་བོད་ཡུལ་གྱི་ས་ཆ་དྲོད་ས་མེ་ཏོག་དང་རྫ་ཡུལ་སོགས་ཀྱི་ས་ཁུལ་དུ་རི་མགོ་དང་ནགས་ཚལ་དུ་སྐྱེ་བའི་ཤིང་རིགས་ཤིག་ཡིན་ལ། ཡལ་ག་སྦོམ་ཞིང་སྤུ་མེད་པ། ཡལ་ཕྲན་གྱི་རྩེར་ལོ་མ་ལྗང་སེར་འཇམ་ཤིང་མཐུག་ལ། མེ་ཏོག་སེར་སྐྱའི་སྙེ་མ་འཆར་བ་དང་། འབྲས་བུ་ཟླུམ་རིལ་སྨིན་ནས་ནག་པོར་གྱུར་པ་ནི་སྤང་ཞུན་དང་། ལོ་མ་ལྗང་དཀར་ཕལ་ཆེར་ལྕང་ལོ་འདྲ་བ་དང་མེ་ཏོག་དཀར་པོ་སྙེ་མ་དྲི་ཞིམ་འཆར་བ་ཞིག་ནི་ནགས་ཞུན་ཞེས་པ་རིགས་གཉིས་ཡོད་ལ། གཉིས་ཀས་རྒྱ་སྐག་གི་ཁུ་བ་འབྱིན་ཐུབ་པས་ཚོན་དུ་འགྲོ་ཆེ་ལ། སྨན་རྫས་སུའང་འགྲོ་ཟེར།  
              ② ཚུར་ནི་བོད་ཡུལ་གྱི་ས་ཆ་གང་སར་ཐར་ཐོར་འབྱུང་ཞིང་། མང་ཆེ་བ་གཡའ་མའི་བྲག་ཕུག་ལ་ཆགས་པ་དང་བྲག་སྲུབ་སོགས་ནས་འཛག་པའི་གཏེར་དངོས་ཤིག་ཡིན་ཏེ། ངོ་བོ་ཅུང་ཟད་ཡང་ལ་སོབ་པ། ལྦུ་སོབ་དང་ཁུང་བུས་ཁེངས་ཤིང་། ཁ་དོག་སེར་སྐྱ་དང་འགའ་ཞིག་ལྗང་ཞད་འདྲེས་པ་སོགས་འབྱུང་བས། ད་ཚུར་རམ་ཚུར་དཀར་དང་། ནག་ཚུར། སེར་ཚུར་སོགས་རིགས་དུ་མ་ཡོད་ལ། ཨ་རུ་ར་དང་སེ་འབྲུའི་སྐོགས་པ་སོགས་རྫས་གཞན་པ་དང་མཉམ་དུ་བཏུས་ནས་ཆུ་བཏིགས་པས་ཁ་དོག་ལྗང་ནག་དང་ནག་པོ་འབྱུང་བས་ཚོན་དུ་འགྲོ་ཆེ་ལ། ཁོག་སྨན་མིན་པའི་སྨན་རྫས་སུའང་འགྲོ་བ་ཞིག་ཡིན་གསུངས།   ③ མྱང་རྩི་སྤྲས་ནི་བོད་ཡུལ་གྱི་རྫ་ཡུལ་དང་མེ་ཏོག་རྫོང་སོགས་རོང་ཆེན་དགའ་ཞིག་གི་སྲིབ་རིའི་ནགས་ཚལ་གྱི་འོག་གི་རྩི་ཤིང་རུས་པ་མང་ཞིང་རླན་ཚད་ཆེ་བའི་བསིལ་གྲིབ་ཆེ་སར་སྐྱེ་བའི་རྩི་ཤིང་ཞིག་ཡིན་ལ། རྩ་བ་སེར་པོ་ཤུན་དྲེག་ཁམ་ནག་ཅན། ཁ་སྤུ་དང་རྒྱུས་ཕྲན་མང་བ་ལས། ལོ་མ་ལྗང་འཇམ་སྤུ་མེད་པ་པ་ཏྲ་འདྲ་བ་ཉག་ག་ཅན་གསུམ་གྱེས་པའི་གཡས་གཡོན་གཉིས་ལ་ལོ་ཆུང་རེ་ཡོད་པས། ཟུར་གསུམ་དང་རྩེ་ལྔ་དོད་པ་མེ་ཏོག་ལྗང་སེར་ཞིབ་མོ་འཆར་བ་ཞིག་ཡིན་ལ་སྨན་དང་ཚོན་རྒྱུར་འགྲོ་ཆེ་བ་ཞིག་ཡིན།
              ① ③ དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་《རིག་པ་བཟོ་ཡི་གནས་ཀྱི་ལས་ཚོགས་ཕྲན་ཚེགས་འདོད་རྒུར་སྒྱུར་བ་པྲ་ཕབ་འོད་ཀྱི་སྣང་བརྙན་ཞེས་བྱ་བ་བཞུགས་སོ་》ཞེས་པ་སྡེ་དགེ་ཤིང་དཔར་སྣ་རིང་མའི་ཤོག་ངོས་24པ་དང་25པར་གསལ།   
              ② ཆུ་བུན་པ་ནི་རྩྭ་ལྡུམ་མམ་རྩི་ཤིང་གི་རིགས་རྩ་བ་སེར་པོ་ཚོན་རྒྱུ་ལ་འགྲོ་བ་ཞིག་ཡིན་ལ། མིང་གཞན་པ་དང་ངོས་འཛིན་གསལ་པོ་བྱ་མ་ཐུབ་པས། འབྲེལ་ཡོད་མཁས་པ་འགའ་ལ་བཀའ་འདྲི་ཞུས་ཀྱང་རེ་ཞིག་གསུང་ལན་མ་འབྱོར་བས། ད་ལན་དེ་ཙམ་དང་རྗེས་སུ་ད་དུང་བཙལ་དཔྱོད་བགྱི་དགོས་སྙམ།    
              ④རམ་མམ་རམས་ནི་སྔོ་ལྡུམ་ཁག་ཅིག་གི་ལོ་མ་གང་བྱུང་དབྱར་སྟོན་གྱི་དུས་སུ་བཏུས་ནས། རྫ་མའི་ནང་དུ་ཆུ་གཙང་གིས་ཉིན་ཞག་གཉིས་གསུམ་ཙམ་སྦངས་ནས་རྩ་ཕྲན་དང་ལོ་རྐང་ཁ་ཁར་འགྲོ་བ་བྱས་ཏེ་དོར། ལོ་མའི་ཚོད་མ་མཐིང་ནག་ཏུ་གྱུར་པའི་ནང་བཅུ་ཆ་གཅིག་གི་ལྗིད་ཚད་ཀྱི་རྡོ་ཐལ་དཀར་པོ་བསྣན་ཏེ་ལེགས་པར་དཀྲུག་ཅིང་། ཁ་དོག་དམར་སྨུག་ཏུ་འགྱུར་སྐབས་ཁར་ཐོན་པའི་ལྦུ་སོབ་རྣམས་བཏོན་ལ། ཞབས་ཀྱི་སྙིགས་མ་བླངས་ནས་ཚོས་རྒྱུ་བྱས་པ་དེ་ལ་རམས་ཞེས་རྒྱ་ནང་དུ་ལས་སྣོན་བྱས་པར་གསུངས་ལ། རྡོ་ཐལ་འདྲེས་ཚད་ཀྱི་དབང་གིས་དེ་ལ་ཁ་དོག་སྔོ་སྐྱ་དང་མཐིང་ནག་གང་ཡང་འབྱུང་བས་ཚོས་རམས་དང་ཚོན་རམས་ལྕགས་རམས་སོགས་རིགས་དུ་མ་ཡོད།
              ① སྲད་མ་ནི་བོད་ཡུལ་གྱི་ཡུལ་གྲུ་གང་དུའང་ཡོད་ཅིང་མང་ཆེ་བ་གད་ཁ་དང་ས་ནག །སྤང་ཐང་སོགས་སུ་སྐྱེ་ཞིང་ལོ་མ་མང་པོ་ཡོད་པའི་ལྡུམ་སྔོའི་རིགས་ཤིག་ཡིན་ཏེ། རྩ་བ་རྐང་གཅིག་ཅུང་སྦོམ་ལ་ཡལ་ཕྲན་ཐར་ཐོ་ར་ཡོད་པ་བར་ཤུན་ཤོག་ཤིང་ཡིན་པ་དང་། ལོ་ཕྲན་སྒོར་ཆུང་རྒྱབ་ལྗང་སྐྱ་ཕྱི་ནང་ཡོངས་ལ་སྤུ་ཆུང་གིས་ཁྱབ་པ་ཁ་སྤྲོད་དུ་སྐྱེ་བའི་མེ་ཏོག་སྣ་ཚོགས་འཆར་བ་ཞིག་ཡིན་པས། དེ་ལ་སྲད་དཀར་དང་སྲད་ནག །སྲད་སྔོན། སྲད་སེར། སྲད་དམར་དང་དུག་སྲད་ཟེར་བ་སོགས་རིགས་དགུ་ཙམ་ཡོད་པར་བཤད་ལ། སྨན་དང་ཤོག་མདོག་བསྒྱུར་བའི་རྫས་སུ་འགྲོ་བ་ཞིག་ཡིན།
              ① ② དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་《རིག་པ་བཟོ་ཡི་གནས་ཀྱི་ལས་ཚོགས་ཕྲན་ཚེགས་འདོད་རྒུར་སྒྱུར་བ་པྲ་ཕབ་འོད་ཀྱི་སྣང་བརྙན་ཞེས་བྱ་བ་བཞུགས་སོ་》ཞེས་པ་སྡེ་དགེ་ཤིང་དཔར་སྣ་རིང་མའི་ཤོག་ངོས་18པ་དང་21པར་གསལ།   
              ③ ཐར་ནུ་ནི་བོད་ཡུལ་གྱི་ས་ཆ་ཁ་ཤས་ཀྱི་གྲོག་རོང་དང་། གཡའ་གསེང་། གྲམ་པ་བཅས་སུ་སྐྱེ་བའི་རྩི་ཤིང་གི་རིགས་ཤིག་ཡིན་ལ། སྐྱེ་ཚུལ་རྩ་བ་དཀར་པོ་སྦོམ་ལ་རིང་བ། ཤུན་པ་ཁམ་ནག་ཅན། གཏིང་ཟབ་མོར་ཟུག་པ། ཉི་འོད་ཕོག་ཆེ་སར་རིམ་བཞིན་དམར་པོར་འགྱུར་བ། ལོ་མ་སྔོ་ལྗང་མཐའ་དང་རེག་བྱ་འཇམ་པ་དང་། མེ་ཏོག་ལྗང་སེར་ཀོང་བུའི་དབྱིབས་ལྟ་བུ་དང་། རྩ་བའི་ལོ་ངར་གང་ནས་བཅད་ཀྱང་འོ་མ་འབབ་པ། ཡུལ་འགའ་ཤས་སུ་ཀོ་ཚོས་རྒྱག་བྱེད་ལ་སྤྱོད་པས་ཚོན་དུ་འགྲོ་ལ། དུག་ཤེད་ཆེ་བའི་རིགས་ཤིག་ཡིན་སྟབས་སྨན་སྦྱོར་བྱེད་དུས་དུག་འདོན་བྱ་དགོས་པར་བཤད།
              ① ② དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་《རིག་པ་བཟོ་ཡི་གནས་ཀྱི་ལས་ཚོགས་ཕྲན་ཚེགས་འདོད་རྒུར་སྒྱུར་བ་པྲ་ཕབ་འོད་ཀྱི་སྣང་བརྙན་ཞེས་བྱ་བ་བཞུགས་སོ་》ཞེས་པ་སྡེ་དགེ་ཤིང་དཔར་སྣ་རིང་མའི་ཤོག་ངོས་26པ་དང་28པར་གསལ།   
              ③ ཤང་དྲིལ་ནི་བོད་ཡུལ་གྱི་ས་ཆ་གང་སའི་ཉིན་ཁའི་རྫ་འཇམ་དང་སྤང་རི་སོགས་སྐམ་སར་སྐྱེ་བའི་རྩི་ལྡུམ་གྱི་རིགས་དཀར་པོ་དང་། ཆུ་འགྲམ་དང་ན་ཁུག་སོགས་རླན་སར་སྐྱེ་བ་སེར་པོ་ཡིན་པ་རིགས་བཞི་ཡོད་ལ། རྩ་བ་རྒྱུས་ཕྲན་དང་ཁ་སྤུའི་རང་བཞིན་ལ་ལོ་མ་ལྗང་འཇམ་མཉེན་པ་སྒོང་ནར་ཅན་རྩ་བ་ནས་གྱེས་པ་ཞིག་ཡིན། ངར་པ་ལྗང་དཀར་ཕྲ་ཞིང་རིང་བ། ཡལ་ག་དང་ལོ་མ་སོགས་གང་ཡང་མེད་པའི་རྩེར་མེ་ཏོག་དཀར་སེར་ཅོང་དྲིལ་ལྟ་བུ་མང་དུ་འཕངས་ནས་འཆར་བ་ཞིག་ཡིན། དེ་ལ་ཤང་དྲིལ་དང་། ཤང་དྲིལ་དམར་པོ། ཤང་དྲིལ་སྨུག་པོ། ཤང་དྲིལ་སྨུག་ཆུང་བཅས་རིགས་བཞི་པོ་སྨན་སྣ་དང་ཚོན་རྒྱུར་འགྲོ་བ་ཞིག་ཡིན།
              ①② དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་《རིག་པ་བཟོ་ཡི་གནས་ཀྱི་ལས་ཚོགས་ཕྲན་ཚེགས་འདོད་རྒུར་སྒྱུར་བ་པྲ་ཕབ་འོད་ཀྱི་སྣང་བརྙན་ཞེས་བ་བ་བཞུགས་སོ་》ཞེས་པ་སྡེ་དགེ་ཤིང་དཔར་སྣ་རིང་མའི་ཤོག་ངོས་28པར་གསལ།
              ① འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་བརྩམས་པའི་《བཟོ་གནས་ཉེར་མཁོའི་ཟ་མ་ཏོག་བཞུགས་སོ་》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1993ལོར་པར་དུ་བསྐྲུན་པའི་དེབ་ཀྱི་ཤོག་ངོས་12པར་གསལ།   
              ② སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་《མཆོད་སྡོང་འཛམ་གླིང་རྒྱན་གཅིག་རྟེན་གཙུག་ལག་ཁང་དང་བཅས་པའི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིངས་བྱིན་རླབས་ཀྱི་བང་མཛོད་ཅེས་བྱ་བ་བཞུགས་སོ་》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1990ལོར་པར་དུ་བསྐྲུན་པའི་དེབ་ཀྱི་ཤོག་ངོས་505པར་གསལ།
              ① སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་《མཆོད་སྡོང་འཛམ་གླིང་རྒྱན་གཅིག་རྟེན་གཙུག་ལག་ཁང་དང་བཅས་པའི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིངས་བྱིན་རླབས་ཀྱི་བང་མཛོད་ཅེས་བྱ་བ་བཞུགས་སོ་》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1990ལོར་པར་དུ་བསྐྲུན་པའི་དེབ་ཀྱི་ཤོག་ངོས་512པར་གསལ།   ② 《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་》པར་གཞི་བོད་ཡིག་མའི་1999ལོའི་དེབ་དང་པོར་གསལ།
              གསལ་བཤད། གོང་གི་ཤོག་རྒྱུ་དང་ཚོན་རྒྱུར་འགྲོ་བའི་རྩི་ཤིང་གི་རིགས་ཀྱི་མཆན་འགྲེལ་རྣམས་ནི། རང་རེའི་གསོ་རིག་ལ་མཆོག་ཏུ་མཁས་པའི་སྨན་རམས་པ་དགའ་བ་རྡོ་རྗེ་ལགས་ནས་དཀའ་སྤྱད་ཀྱིས་རྩོམ་སྒྲིག་གནང་བའི་《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་1995ལོར་པར་དུ་བསྐྲུན་པའི་དེབ་ནང་བཀོད་པ་གཞིར་བཟུང་སྟེ་བྲིས་པ་ཡིན་པས། འདིར་ཁོང་ལ་ཐུགས་རྗེ་ཆེ་ཞུའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1