ཞི་ཅིན་ཕིང་ཁྲུང་ཆིང་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། སྤེལ་དུས། 03-12


        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་བཅུ་ཉིན་མ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། ཚོགས་འདུའི་ཐོག གྲེན་མིར་དང་། ཐང་ལེང་ཀྲེ། ཀྲང་ཤོན། མ་ཧྲན་ཞང་། ལིའི་ཁྲུན་ཁུད། ཀྲུའུ་མིང་གཡོས། ལེའུ་ཅ་ཆི། ཧྲེན་ཐེ་མེ་སོགས་འཐུས་མི་བརྒྱད་ཀྱིས་སྔ་ཕྱིར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལུགས་འཛུགས་སྐྱོང་ཁྲོད་ཐོན་པའི་ནུས་པ། འབྲི་ཆུའི་རྒྱུགས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན། ལས་སྒོ་གསར་གཏོད། གཞི་རིམ་ཏང་འཛུགས་ལ་ཤུགས་སྣོན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་སོགས་ཀྱི་གནད་དོན་ཐད་བསམ་འཆར་བཏོན་ཡོད་པ་རེད། ཀྲང་ཤོན་གྱིས་ལས་བྱེད་པའི་ཁྲིམས་ལུགས་བྱང་ཚད་མཐོ་རུ་གཏོང་དགོས་པའི་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས། ང་ཚོའི་ཏང་སྲིད་ལས་བྱེད་པ་ཚང་མ་ཀུན་འཛོམས་རྣམ་པའི་ལས་བྱེད་པར་འགྱུར་བ་བྱེད་དགོས་ངེས་ཡིན། ལས་གནས་གང་ཞིག་གི་ཐོག་ལས་དོན་སྒྲུབ་ཀྱང་དེར་གཞི་རྩའི་ཤེས་བྱའི་མ་ལག་ལྡན་དགོས་པ་དང་། ཁྲིམས་ལུགས་ནི་དེ་དག་ཁྲོད་ཀྱི་རྨང་གཞིའི་གྲུབ་ཆ་ཞིག་རེད། ཕྱོགས་ཁག་གི་རྨང་གཞིའི་རང་བཞིན་གྱི་ཤེས་བྱ་ནི་ཚང་མས་ཁོང་དུ་ཆུད་པ་བྱ་དགོས་པ་དང་། རྨང་གཞི་དེའི་ཐོག་རང་རང་གིས་གཙོ་བོར་ཤུགས་སྣོན་རྒྱག་སའི་ཆེད་ལས་དགོས། ལས་བྱེད་པའི་གསོ་སྦྱོང་མ་ལག་ནས་དམིགས་ཡུལ་དེར་གཞིགས་ནས་བསྒྱུར་བཅོས་བྱ་དགོས་ཞེས་གསུངས་འདུག མ་ཧྲན་ཞང་གིས་གཞི་རིམ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་བྱ་དགོས་པའི་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁང་བཟང་འདི་ཀ་བཞི་གདུང་བརྒྱད་ཀྱིས་འདེགས་དགོས་པ་དང་། ཏང་ནི་དེ་དག་ཁྲོད་ཀྱི་གཞི་སྒྲོམ་དང་། ཏང་ཀྲུང་དབྱང་ནི་གདུང་འདེགས་ཀ་བ་དེ་རེད། ཆབས་ཅིག་རྨང་གཞི་ནི་གལ་ཧ་ཅང་ཆེན་པོ་རེད། རྨང་གཞི་བརྟན་པོ་མེད་ན་ཡམ་ཡོམ་བྱེད་ངེས། གཞི་རིམ་དུ་ཏང་ཀྲེ་པུའུ་རེད། སྟེང་དུ་སྐུད་པ་སྟོང་དང་། འོག་ཏུ་ཁབ་ཅིག་ཡོད་པས། ངེས་པར་དུ་གཞི་རིམ་གྱི་རྨང་གཞི་བརྟན་པོ་འཛུགས་དགོས། གཞི་རིམ་གྱི་ཕུལ་བྱུང་ལས་བྱེད་པ་ཁྲི་སྟོང་མང་པོས་དོན་དངོས་དང་ཟུང་འབྲེལ་གྱིས་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱ་དགོས་ཞེས་གསུངས་འདུག ཞི་ཅིན་ཕིང་གིས་མཇུག་གི་གལ་ཆེའི་གསུང་བཤད་ནང་ཁྲུང་ཆིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། སེམས་རྣལ་ལ་ཕབ་ནས། ནང་སའི་སྒོ་དབྱེའི་མཐོ་ས་དང་། རི་མཛེས་ཆུ་གཙང་གི་མཛེས་ལྡན་ཡུལ་ཁམས་གང་མགྱོགས་བསྐྲུན་པ་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་གཏོད་ནས། ཁྲུང་ཆིང་གི་ལས་དོན་ཁག་སྐས་རིམ་གསར་པར་སླེབས་པ་བྱ་དགོས་ཞེས་གསུངས་འདུག ཞི་ཅིན་ཕིང་གིས། ཆབ་སྲིད་སྐྱེ་ཁམས་ནི་རང་བྱུང་སྐྱེ་ཁམས་དང་འདྲ་བར་ཅུང་ཟད་ལྷོད་གཡེངས་སུ་ཤོར་ན་སྦགས་བཙོག་ཤོར་སླ་བ་དང་། གནད་དོན་ཐོན་ཚར་རྗེས་སླར་གསོ་བྱེད་དགོས་བསམ་ན་རིན་དོད་ཆེན་པོ་གཏོང་དགོས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ཆགས་པ་བྱ་རྒྱུ་ནི། དར་ཆ་གསལ་འདོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་བླང་བྱ་དང་། རྒྱུན་བསྲིངས་ལྷོད་མེད་ཀྱིས་སྤྱོད་དྲང་སྒྲིག་ནན་ཡོང་བ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་མཐའ་གཏིང་གཉིས་ཀར་གོང་འཕེལ་འགྲོ་བ་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ། ཏང་སྲོལ་སྲིད་སྲོལ་ཡག་པོ་བསྐྲུན་པ་དང་། བསྒྱུར་བཅོས་གོང་སྤེལ་གྱི་དམིགས་འབེན་ཁག་བདེ་བླག་ངང་སྒྲུབ་པ་བྱེད་པའི་གལ་ཆེའི་འགན་སྲུང་བཅས་རེད། སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་དང་། གཏོར་འཛུགས་གཉིས་གལ་ཆེ་མཉམ་དུ་འཛིན་པ། འགག་རྩའི་ཉུང་ཤས་ལ་དམ་འཛིན་བྱེད་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་རྟོག་ངང་འགོ་ཁྲིད་ཀྱི་འགན་འཁྲི་དང་དཔེ་སྟོན་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་བ། རང་ཉིད་ནས་འགོ་འཛུགས་པ་དང་། རང་ཉིད་ཀྱི་བསམ་བློ་ནས་འགོ་འཛུགས་པ། རང་ཉིད་ཀྱི་ལས་དོན་ནས་འགོ་འཛུགས་པ་བཅས་བྱས་ནས། མགོ་སྐེད་ཀྱི་ནུས་པ་ཐོན་པ་བྱ་དགོས་པ། ཁྲིམས་ཀྱིས་བཅོས་སྐྱོང་རྒྱུ་རྒྱུན་འཁྱོངས་དང་། མི་ཡིས་བཅོས་སྐྱོང་ལ་ངོ་རྒོལ། རྩ་ཁྲིམས་བཅའ་ཁྲིམས་ལ་ཐོག་མཐའ་བར་གསུམ་དུ་དད་བཀུར་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་རྒྱུར་སྣེ་ཁྲིད་བྱེད་པ། ཁྲིམས་གཏན་འཁེལ་བའི་དབང་ཚད་དང་། སྒྲིག་སྲོལ། གོ་རིམ་བཅས་ལ་ནན་པོར་གཞིགས་ནས། དབང་ཆ་ལག་བསྟར་དང་། འགན་འཁྲི་འཁུར་བ། སེམས་ནང་ཁྲིམས་ལུགས་དང་སྒྲིག་ལམ་གྱི་མེ་ལོང་འཛིན་པ་དང་། ལག་ཏུ་ཁྲིམས་ལུགས་དང་སྒྲིག་ཁྲིམས་ཀྱི་ཁྲེ་ཙེ་དམ་པོར་འཛིན་པ། དཔོན་པོས་བྱ་བ་སྒྲུབ་པའི་ཚད་གཞི་ཤེས་པ་བཅས་བྱ་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ལམ་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཁག་ཆད་ལུས་མེད་པའི་ཐོག་ནས་ལག་བསྟར་དོན་འཁྱོལ་བྱ་དགོས་པ། ཁྲིམས་ཀྱིས་སྐྱོང་རྒྱུར་སྣང་ཆེན་དང་ཆབས་ཅིག་ཀུན་སྤྱོད་ཀྱིས་སྐྱོང་རྒྱུར་ཡང་སྣང་ཆེན་བྱེད་པ། ཀུན་སྤྱོད་བློ་སྦྱོང་གི་ནུས་པ་འདོན་རྒྱུར་མཐོང་ཆེན་བྱེད་པ། ཁྲིམས་ལུགས་དང་ཀུན་སྤྱོད་ཀྱི་སྟོབས་ཤུགས་དང་། ཁྲིམས་ཀྱིས་སྐྱོང་བ་དང་ཀུན་སྤྱོད་ཀྱིས་སྐྱོང་བའི་ནུས་པ་ཟུང་འབྲེལ་དམ་ཟབ་བྱེད་པ། རང་གཅུན་དང་གཞན་གཅུན་ཟུང་འབྲེལ་དམ་ཟབ་བྱེད་པ། སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྤེལ་དང་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཀུན་སྤྱོད་ཀྱི་དར་སྲོལ་བཟང་པོ་ཆགས་པ་བྱེད་པ། བཀས་བཀོད་རྒྱུད་འཛིན་གྱི་སྐྱོན་ལྡན་ཀུན་སྤྱོད་རིག་གནས་བསྐྱར་ལངས་བྱ་རྒྱུར་བཀག་འགོག་བཅས་བྱ་དགོས་ཞེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་སྣང་ཆེན་བྱ་དགོས། ཆབ་སྲིད་ཀུན་སྤྱོད་ནི་སྤྱི་ཚོགས་ཧྲིལ་པོའི་ཀུན་སྤྱོད་འཛུགས་སྐྱོང་གི་མཚོན་ཚུལ་ཞིག་རེད། ཆབ་སྲིད་ཀུན་སྤྱོད་འཛུགས་པར། ཀུན་སྤྱོད་ཆེན་མོ་ཤེས་པ་དང་། སྤྱི་པའི་ཀུན་སྤྱོད་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་པོ་འཛིན་དགོས་པ། ཀུན་སྤྱོད་ཆེན་མོ་ཤེས་པ་ཞེས་པ་ནི་ཕུགས་བསམ་ཆོད་སེམས་བརྟན་པོ་འཛུགས་པ་དང་། འགྱུར་མེད་ཏང་གཤིས་གྲུབ་པ་བྱེད་པ། འགག་རྩའི་སྐབས་སུ་ལང་ཕྱོགས་གསལ་པོ་མངོན་པ་བྱེད་པ་དང་། རླུང་འཚུབ་དྲག་ཆར་གྱི་ཚོད་བགམ་ལ་མི་འཇིགས་པ། བསླུ་བྲིད་ཀྱི་གཡབ་མོ་སྣ་ཚོགས་མདུན་དུ་ལང་ཕྱོགས་བརྟན་པོ་བྱེད་པ་བཅས་ལ་ཟེར། དེ་ནི་འགོ་ཁྲིད་ལས་བྱེད་པས་དང་ཐོག་རྒྱུད་ལ་འཇགས་པ་བྱ་དགོས་པའི་ཀུན་སྤྱོད་ཆེན་པོ་ཞིག་ཡིན། སྤྱི་པའི་ཀུན་སྤྱོད་སྲུང་བ་ཞེས་པ་ནི་དམིགས་འབེན་འདུ་ཤེས་ཆེ་རུ་བཏང་ནས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཏང་འཛུགས་དམངས་ཆེད་ཡིན་པ་དང་། སྲིད་འཛིན་སྤྱི་པའི་ཆེད་ཡིན་པའི་འདུ་ཤེས་བརྟན་པོར་སྲུང་ཐོག རང་རྟོག་ངང་མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་བྱེད་པ་དེ་ང་ཚོའི་འབད་འཐབ་དམིགས་འབེན་ཡིན་པའི་ཁས་ལེན་ལག་བསྟར་བྱས་ནས། སྒེར་སེམས་མེད་ན་གནམ་ས་ཡངས་ཞེས་པ་ལྟར་ཡོང་བ་བྱེད་དགོས། སྒེར་གྱི་ཀུན་སྤྱོད་ནན་པོ་ཞེས་པ་ནི་རང་ཉིད་ཀྱི་ཀུན་སྤྱོད་ལ་གཅུན་སྡོམ་ནན་པོ་བྱེད་པར་ཟེར་གྱི་ཡོད། ཏང་ཡོན་དང་ལས་བྱེད་པ་ཚང་མས་འདོད་རྔམ་དོར་ནས་ཆོག་ཤེས་བྱེད་པ་དང་། རང་ཉིད་ལ་རེ་བ་ནན་པོ་བཅོལ་ནས་སྤྱི་པར་སྲི་ཞུ་སྒྲུབ་ནས། མི་དམངས་ནས་སྤྲད་པའི་དབང་ཆ་དེ་མི་དམངས་ལ་ཕན་བདེ་སྐྲུན་རྒྱུའི་ཆེད་སྤྱོད་དགོས། ཁྱིམ་སྲོལ་འཛུགས་སྐྱོང་དེ་དེ་བས་གལ་ཆེ་བའི་གནས་བབ་ཐོག་འཇོག་དགོས་པ་དང་། སྤྱོད་གཙང་བློ་སྦྱོང་དང་། སྤྱོད་གཙང་ཁྱིམ་སྐྱོང་བྱས་ནས། གཉེན་ཚན་རྣམས་རུལ་སུངས་ཀྱི་རྫབ་དོང་ནང་འཁྲིད་མཁན་དུ་འགྱུར་རྒྱུར་སྔོན་འགོག་དང་། བུ་ཕྲུག་ནས་རང་ཉིད་ཀྱི་མིང་ཁྱེར་ནས་ཁྲིམས་འགལ་ཁེ་ཕན་རག་ཐབས་བྱེད་པར་སྔོན་འགོག་བྱེད་པ། ཉེ་འཁོར་གྱི་མིས་རང་ཉིད་འདམ་རྫབ་ནང་འཐེན་རྒྱུར་སྔོན་འགོག་བྱ་དགོས་ཞེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། བྱ་བཟང་ཆུང་ཙག་གང་མང་སྒྲུབ་དགོས། བྱ་བ་ཆུང་ཙག་ནི་མེ་ལོང་དང་འདྲ་ཞིང་། བྱ་བ་ཆུང་ཙག་ནང་ཏང་གཤིས་ཡོད་ལ། རྩ་དོན་དང་། མི་གཤིས་ཡོད། གྲོག་ཚང་ཞིག་གིས་རྫིང་བུ་ཉིལ་བར་བྱས་ཞེས་པའི་གནའ་བོའི་བསླབ་འདོམས་སེམས་ལ་ངེས་ནས། དོན་དག་ཆུང་ཆུང་ཐོག་བྱང་ཚད་མཐོར་འདེགས་བྱ་རྒྱུར་ཤུགས་སྣོན་དང་། དོན་དག་ཕྲན་ཚེགས་ཁྲོད་རང་ཉིད་ཀྱི་བྱང་ཚད་མཐོར་འདེགས་བྱེད་པ། བློ་སྦྱོང་ནན་པོ་དང་། གཞུང་དྲང་ཞིང་གནས་ལུགས་རྟོགས་པ། སྐྱོན་ཆུང་དུས་འབུར་འཇོམས་བྱེད་པ། དུས་དང་རྣམ་པ་ཀུན་དུ་མི་དམངས་ཀྱི་སྤྱི་ཞབས་པའི་རང་གཤིས་རྒྱུན་འཁྱོངས་བྱ་དགོས་པ། གནད་དོན་ཆུང་དུས་ནས་དོགས་ཟོན་དང་བཀག་འགོག་བྱེད་པ། རང་གཅུན་དང་རང་ཚོད་འཛིན་པའི་འདུ་ཤེས་དང་ནུས་པ་གསོ་སྐྱོང་དང་ཤུགས་ཆེར་གཏོང་དགོས་པ། ཁེ་ཕན་ཆུང་ངུས་སེམས་མི་འགུལ་བ་དང་། འདོད་ཡོན་གྱི་གཡབ་མོར་ཇི་མི་སྙམ་པའི་འདུ་ཤེས་འཛུགས་པ། རང་ཉིད་ཀྱི་འཚོ་བའི་ཁོར་ཡུག་དང་། འབྲེལ་ལམ་ཁོར་ཡུག རོལ་རྩེད་ཁོར་ཡུག་བཅས་ལ་དོ་དམ་ཡག་པོ་བྱ་དགོས་པ། རང་སྒེར་གྱི་གནས་སྐབས་དང་། མི་གཞན་མེད་པའི་སྐབས། ཆུང་ཙག་གི་སྐབས་བཅས་སུ། འཁྱག་པ་སྲབ་མོའི་ཐོག་འགྲོ་བ་ལྟར་དང་། གཡར་གཟར་མདུན་དུ་སླེབས་པ་ལྟར། ལྷོད་གཡེངས་མི་བྱེད་པ་དང་། ལམ་སྲོལ་ལས་མི་བརྒལ་བ། སྒྲིག་སྲོལ་ལས་མི་བརྒལ་བ་བཅས་བྱས་ནས། རུལ་འགོག་འགྱུར་འགོག་གི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1