རྐུ།

སྨུག་པ། (མཚོ་སྔོན་མི་རིགས་སློབ་ཆེན) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


1

 

        ཨ།   ཡ་མཚན།   མེ་ལོང་ལ་མ་བལྟས་ཀྱང་ངས་རང་ཉིད་མཐོང་བྱུང་།  

 

         ང་རང་ངོས་གཉིས་སུ་གྱུར་འདུག་ཅིང་།   ངས་ནད་ཁྲི་ཆུང་ཆུང་དེའི་སྟེང་ཤི་བའམ་གཉིད་པ་ལྟར་གན་རྐྱལ་དུ་ཉལ་ཡོད་པའི་རང་ཉིད་ཀྱི་ངོས་ཁ་པ་དེ་མཐོང་བྱུང་།   ང་ཡི་ངོས་ཁ་པ་དེ་གཉིད་སོང་བ་ཡིན་ནམ་ཞེ་ན།   དབུགས་འབྱིན་རྔུབ་དང་སྔུར་བ་འདྲ་ཡང་འཐེན་གྱིན་མེད་པ་འདྲ།    ཤི་སོང་བ་ཡིན་ནམ།    དེ་འདྲ་ཡང་དཔེ་མི་སྲིད།    འདི་དོན་དམ་ཅི་ཞིག་ཡིན་ནམ།   

 

        དུས་དེར།  སྨན་པ་ཀྲང་དང་ནད་གཡོག་འགའ་ནང་དུ་སླེབས་ཤིང་།   ནད་ཁྲིའི་སྟེང་གི་ངའི་ངོས་ཁ་པའི་གམ་དུ་རུབ་ནས་ཅི་ཞིག་ལ་ཁོམ་གྱིན་མི་འདུག    

 

        "ངའི་བུ་འཛམ་གླིང་འདྲ་བོ"ཨ་མས་དེ་ལྟར་འབོད་བཞིན་མིག་ཆུའི་དོག་པ་ཕྲེང་?ག་ལྟར་སྟོར་བཞིན་ནད་ཁྲིའི་གམ་དུ་བརྒྱལ་ལ་ཁད་བྱས་བྱུང་བར་ནད་གཡོག་མ་འགས་མོ་བསྐྱོར་ནས"སྨན་པ་ཀྲང་ཐོན་ཡོད་པས་ཁོར་སྐྱོན་ཡོད་མི་སྲིད"ཅེས་སེམས་གསོ་བྱས་བྱུང་།  

 

        དེར་ང་ཡང་མྱུར་བར་ཨ་མའི་གམ་དུ་སོང་ནས"ང་ལ་སྐྱོན་མེད་པ་འདི་མིན་ནམ"ཟེར་ཞོར་མོ་རང་སྐྱོར་བསམ་དུས་ང་ནི་མཁའ་རླུང་ཞིག་དང་འདྲ་བ་སྟེ།  ཨ་མས་ངའི་སྐད་ཆ་གོ་ཡི་མེད་པ་མ་ཟད།  ལག་ཟུང་ནི་ཐོགས་རེག་དང་བྲལ་བས་མོ་སྐྱོར་ཐབས་ཤིག་གཏན་ནས་མ་བྱུང་།

   

        དེ་ལྟར་བདག་གིས་རང་ཉིད་རྨི་ལམ་གྱི་ཞིང་དུ་ཡོད་པར་སྙམ་པས་འཕོངས་ཚོས་ཀྱི་སྟེང་དུ་ཤ་གཅུ་ཞིག་བརྒྱབ་པར་དེ་ཡང་ཐོགས་རེག་དང་བྲལ་བས་ཅི་ཡང་ཚོར་མ་བྱུང་།  ནད་ཁྲིའི་སྟེང་གི་ངོས་ཁ་པར་ཕྱོགས་ཏེ་ཁ་གཅུ་སྣ་གཉེར་ཅི་ཙམ་བྱས་ཀྱང་དེས་སྣང་དོགས་ཕྲན་ཙམ་ཡང་མི་བྱེད་པར་སྔར་བཞིན་གཉིད་པའམ་ཤི་བ་ལྟར་སྡོད་པར་བྱེད།   ཡ་མཚན།   འདི་ཅི་ཞིག་ཡིན་ནམ།   

 

        སྐབས་ཤིག་བསམ་བློའི་འཁོར་ཕྱོགས་ཤིག་གིས་རྣམ་ཤེས་ཞེས་པ་དེ་ཡིད་ལ་འཁོར་བྱུང་།  

 

        ཇི་སྐད་དུ་རྣམ་ཤེས་ནི་མགྲོན་པོ་དང་ལུས་པོ་ནི་མགྲོན་ཁང་ལྟ་བུ་ཡིན་ཟེར་བ་བཞིན་ད་ནི་རང་ཉིད་དེ།  རྣམ་ཤེས་ཀྱི་མགྲོན་པོ་ང་ལུས་པོའི་མགྲོན་ཁང་ལས་ཕྱིར་བུད་ཟིན་པ་ཡིན་ནམ་ཅི།   

 

        སྐབས་དེར།   བདག་གིས་དབང་མེད་དུ་རང་གིས་བགྲང་བྱ་སུམ་ཅུ་ལྷག་ལ་གླས་པའི་མགྲོན་ཁང་སྟེ།  རང་ཉིད་ཀྱི་ངོས་ཁ་པར་ཅིས་ཀྱང་ཞིབ་ལྟ་ལན་གཅིག་བྱེད་དགོས་བྱུང་།   

 

        དབྱེས་ཆེ་བའི་དཔྲལ་བར་ཆུ་རིས་ལྟ་བུའི་གཉེར་མ་ཤུར་ཤུར་དུ་བབས་ཡོད་ཅིང་།  འགྲམ་པ་ཡང་སྤུ་ཡི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་ཚར་འདུག ད་དུང་ཐུང་ཞིང་རྒྱགས་པའི་ལུས་པོའི་སྟེང་ཕོ་བ་སྔུན་དུ་འབུར་ཞིང་།  འཕོངས་ཚོས་ཕར་ལ་བརྒྱངས་འདུག འོན་ཏེ།   དེ་རིང་འཕྲུལ་རྟའི་བང་རྩལ་མྱུར་དྲགས་པས་ཁ་དཀྱུ་མ་ཐུབ་པར་དབོ་ཉག་ཁ་ནས་ལམ་གཡས་སུ་ལྡང་བ་མིན་ཚེ།   རང་ཉིད་ཀྱི་ལུས་པོ་བདེ་ཞིང་ཐང་པོ་ཡིན་པས་མགོ་རུ་རྨ་ཁ་འདི་ཡོད་མི་སྲིད་ཅིང་།  རྨ་ཁ་གཅུད་བྱེད་ཀྱི་རས་དཀར་པོ་དེ་ཁྲག་གིས་སིམ་ནས་དམར་པོར་བསྒྱུར་མི་སྲིད།  ད་དུང་ལུས་སྟེང་གང་རུང་དུ་སྐྲངས་པ་དང་།  དེའི་ནང་རྣག་ཀྱང་འཁྱིལ་མེད་ངེས།  དེ་ལྟར།   ནད་ཁྲིའི་སྟེང་གི་རང་ཉིད་ཀྱི་ངོས་ཁ་པར་ལྟ་བཞིན་ཡ་མཚན་སྐྱེ་དགོས་པའི་དོན་འདི་འདྲ་ཡང་བྱུང་མི་སྲིད་ཨང་།   

 

        ད་ནི་མགྲོན་ཁང་འདི་ཉིད་བསྐྱུར་ཏེ་མགྲོན་ཁང་གཞན་ཞིག་གླ་དགོས་པ་བྱུང་ཚེ།    རང་གིས་མགྲོན་ཁང་འདིའི་ཡན་ཞིག་ཉོ་ཐུབ་བམ།   ཏག་ཏག་རང་ལའང་གདེང་ཚོད་མི་འདུག  ཨ་ཙི།    འདིའི་ཡན་ཞིག་ཕར་ཞོག ལྷ་མ་ཡིན་དང་དམྱལ་བ།  ཡི་དྭགས་དང་དུད་འགྲོ་གང་རུང་ཞིག་གི་ཁམས་སུ་མགྲོན་ཁང་གླ་དགོས་པ་བྱུང་ཚེ་ཇི་འདྲའི་བཟོད་པར་མི་ནུས་པ་ཞིག་རེད་ཨང་།   

 

         དེ་ལྟར།   ངས་རང་གི་སྐྱེ་བ་སྔོན་མ་དེས་འབད་པ་བྱས་བྱས་མཐར་མི་ཞེས་པའི་མགྲོན་ཁང་འདི་གླ་ཐུབ་པ་བྱུང་བར་ཡི་རངས་དང་བཀའ་དྲིན་ཞུ་འདོད་བྱུང་ལ།   ཞོར་དུ་སྐྲག་སྣང་རིགས་ཤིག་ཀྱང་ཡིད་སེམས་ཀྱི་ཟབ་ས་ནས་སྣུམ་བཞིན་འཛར་བྱུང་།  

 

        དེ་ལྟར་ལྟ་ཕྱོགས་ཤིག་གིས་ནད་ཁང་འདིའི་རྩིག་པ་དག་ཀྱང་ཕྱི་གསལ་ནང་གསལ་སྒོས་ཤེལ་ལྟར་འདུག་ཅིང་།   སྒེའུ་ཁུང་མ་བརྒྱུད་ཀྱང་ཕྱི་རོལ་མཐོང་བྱུང་།  

 

        དོ་ནུབ་ཕྱི་རུ་ཟླ་འོད་མི་འདུག་ཅིང་།    སྐར་མའི་ཚོགས་ཀྱང་སྤྲིན་ནག་གིས་བསྒྲིབས་འདུག ཐག་མི་རིང་བའི་མཁའ་མཐའ་ཞིག་ཏུ་གློག་ཞག་མཆེད་པར་བལྟས་ན་རིང་མིན་ཆར་བ་དབབ་རྒྱུ་ཡིན་པ་འདྲ།   སྤྱིར་ན་མུན་པའི་ཡོལ་བ་སྟུག་པོས་གྲོང་རྡལ་ཆུང་ཆུང་འདིའི་ཡོད་ཚད་བཏུམས་པར་སྔབ་པ་ཡིན་སྲིད་ཀྱང་།   རྒྱ་ལམ་འགྲམ་ངོགས་ཀྱི་གློག་སྡོང་དེ་དག་གིས་མུན་པའི་ཡོལ་བ་ཐོལ་གྱིས་གཏད་དེ་འོད་ཀྱི་ཟེར་མ་ཆེམ་ཆེམ་དུ་སྤྲོ་བཞིན་འདུག་ཅིང་།  རྒྱ་ལམ་གྱི་མི་དང་རླངས་འཁོར་དག་ཀྱང་གང་ཞིག་ཏུ་ཡལ་བས་འུར་ཟིང་དང་འདུ་འཛི་ཡང་ངང་གིས་ཞི་འདུག   དེར་ངས་ད་ནི་དུས་ཚོད་ཀྱི་མདའ་ཁབ་འཁོར་འཁོར་ནས་ནམ་གུང་ཞེས་པའི་ས་ཚིགས་དེར་སླེབས་པ་འདུག་པ་ཚོར་བྱུང་།    

 

         སྨན་པ་དག་ད་དུང་ཁོམ་གྱིན་མི་འདུག་ལ།    ཨ་མས་ཀྱང་མིག་ཆུ་འཕུད་བཞིན་འདུག  དེར་ང་ཡང་སོང་ནས་ཅི་ནུས་ཀྱིས་མོའི་མིག་ཆུ་ཕྱིས་ཀྱང་ཡོད་ཚད་སྟོང་བ་རང་དུ་འདུག་པས་མིག་ཆུ་?ག་པོ་གཅིག་ཀྱང་འབྱིད་ཐུབ་མ་སོང་།   སྐབས་དེར་སྟོང་བ་ཞེས་པའི་ཐ་སྙད་དེའི་གདགས་གཞིར་ཡང་ཏག་ཏག་ངེས་ཤེས་ཏོག་ཙམ་འདྲོངས་བྱུང་བ་འདྲ།   

 

        སྐབས་ཤིག་ཐྲག་ཐྲག་གི་གོམ་སྒྲ་ཞིག་སྨན་ཁང་གི་བར་ཁྱམས་ནས་མཆེད་བྱུང་།  ངས་དེའི་ཕྱོགས་སུ་བལྟས་པས་སྨན་པ་ལྭ་དཀར་པོ་གྱོན་པ་ཞིག་འཇབ་བུའི་སྒོ་ནས་སྐས་རྐང་བརྒྱུད་དེ་ཁེར་ཐོག་ནས་ངེད་ཅག་ཡོད་སའི་ཉིས་ཐོག་ཏུ་ཡོང་བཞིན་འདུག  ཐྲག་ཐྲག་གི་སྒྲ་དེ་གོམ་ཁ་འཇབ་བུའི་སྒོ་ནས་བསྒྱུར་བཞིན་པ་ཞིག་ལས་མཆེད་པས་ཡིན་ནམ།  སྨན་པ་དང་ཨ་མ་སོགས་སུས་ཀྱང་ཐོས་ཀྱིན་མེད་པ་འདྲ།  འོན་ཏེ།   ཁོས་གོམ་ཁ་ཇི་ལྟར་འཇབ་བུའི་སྒོ་ནས་སྒྱུར་ཀྱང་ངས་གསལ་བོར་ཐོས་བྱུང་།   ནམ་གུང་ཞིག་ལ།   གོམ་ཁ་འཇབ་བུའི་སྒོ་ནས་བསྒྱུར་བཞིན་པ་འདིར་ལྟད་མོ་ཞིག་ཅིས་ཀྱང་ཡོད་ངེས་སྙམ་བྱུང་།   

 

        དེར་ང་རང་བར་ཁྱམས་སུ་འགྲོ་བསམ་མ་ཐག་སྐད་ཅིག་ཉིད་ལ་བར་ཁྱམས་སུ་ཐོན་བྱུང་།   ཨ་ཡ་མཚན།   སྔོན་ཏག་ཏག་ལ།  ངས་ཕྱི་རུ་འགྲོ་བར་མཁའ་རླུང་ལྟ་བུའི་ལག་ཟུང་གིས་སྒོ་ཕྱེ་ཐུབ་བམ་སྙམ་ནས་སེམས་ཁྲལ་བྱས་མོད།  ཡིད་ལ་དྲན་པ་ཙམ་གྱིས་སྐད་ཅིག་ཉིད་ལ་སླེབས་པར་བྱེད་པ་འདི་ཅི་ཞིག་ཡིན་ནམ།   རང་གིས་དངོས་ལུགས་སློབ་ཐུན་སྟེང་།   བྱིས་པ་ཚོར་ཁྲིད་པའི་འོད་ཀྱི་འགྲོས་ཚད་ཅེས་པ་དེ་ཡང་འདིའི་མྱུར་ཞིག་ཡིན་མི་སྲིད་ཨང་།   ད་ནི་རང་ཁོ་ན་མཁའ་རླུང་ཙམ་མིན་པར་ནད་ཁང་གྲུབ་བྱེད་ཀྱི་གྱང་འདི་ཡང་མཁའ་རླུང་ལྟ་བུ་ཞིག་ཡིན་པ་འདྲ་སྟེ།   ང་རང་བར་ཁྱམས་སུ་འགྲོ་དུས་གྱང་འདི་བརྒལ་ནས་སོང་མོད།  ཐོགས་རེག་དང་བྲལ་བ་ཞིག་རེད།   དེ་ལྟ་ནའང་།    དོན་དམ་ང་དང་གྱང་གཉིས་ཀ་མཁའ་རླུང་ལྟ་བུ་ཞིག་ཡིན་ནམ།  ཡང་ན་རང་གཅིག་པུ་མཁའ་རླུང་ལྟ་བུ་ཞིག་ཡིན་པ་འཁུམས་མ་བྱུང་།   

 

        གད་སྙིགས་སྒམ་ཞིག་གི་འགྲམ་ནས་ཁོར་བསྒུགས་ཏེ་དུས་ཚོད་སྐར་ཆ་འགའ་འདས་མོད།    ཁོ་ད་དུང་སྐས་རྐང་དུ་འདུག་པ་ལས་ཡར་སླེབས་མ་བྱུང་བས་ངས་མི་དེས་རང་ཉིད་མཐོང་སོང་བ་མིན་ནམ་སྙམ།   འོན་ཀྱང་།   དཔེ་མི་སྲིད།   དེ་འདྲ་ཡིན་ན་ཨ་མ་དང་སྨན་པས་ཀྱང་ང་མཐོང་ཡོད་ངེས། 

 

        ངས་སྨན་ཁང་གི་བར་ཁྱམས་སུ་བལྟས་པ་ན།   བར་ཁྱམས་ཡོངས་སྟོང་ལྷང་ངེར་འདུག  འོན་ཏེ།   རང་དང་བར་ཐག་གོམ་པ་འགས་ཆོད་པའི་ནད་ཁང་དེའི་ཁ་གཏད་ཀྱི་མལ་ཁྲིའི་སྟེང་མི་ཞིག་ཉལ་འདུག་ཅིང་།   ཁོ་ནི་ནད་པ་སྲུང་མཁན་ཞིག་ཡིན་པ་འདྲ།   ཁོས་ལན་རེར་སྔུར་བ་ཡང་མོ་རེ་འཐེན་བཞིན་གཉིད་བཤད་རེ་ཡང་རྒྱག་གིན་འདུག

  

        སྐབས་དེར།   སྔོན་ཏག་ཏག་ལ་གོམ་ཁ་འཇབ་བུའི་སྒོ་ནས་སྒྱུར་བཞིན་པའི་ཁོ་རང་སླེབས་བྱུང་།  ཁོས་སྨན་པའི་ལྭ་བ་དཀར་པོ་དེ་གྱོན་ཞིང་།   ཁ་ཐུམ་བརྒྱབ།   ཤེལ་གྱི་མིག་ཤེལ་དཀར་པོ་ཞིག་མནབས་ཀྱང་ཤེལ་མིག་གི་ནང་ནས་མི་ལྟ་བར་གོང་ནས་བར་ཁྱམས་ལ་མིག་ཉུལ་བྱེད་བཞིན་ངའི་གམ་ནས་ཤ་ལེར་བུད་སོང་།   ངས་ཁོའི་རྗེས་སུ་བལྟས་པར་མི་འདིས་གོམ་པ་ལེན་སྟངས་ལ་འཚེར་སྣང་རིགས་ཤིག་གིས་ཁེངས་འདུག་པ་འདྲ།    དེ་བས།    ངས་ཀྱང་ཇི་འདྲ་གང་འདྲ་སྙམ་ནས་ཁོའི་རྗེས་བསྙེགས་ཏེ་སོང་།    ཁོ་རང་བར་ཁྱམས་སུ་ཉལ་བའི་མི་དེའི་གམ་དུ་སླེབས་འཕྲལ་ཏན་སེར་བསྡད་ཅིང་།   ཡང་བསྐྱར་ཡར་མར་ལ་བལྟས་ཙམ་བྱས།   དེ་ནས་ཁུག་མ་ལས་ཅི་ཞིག་བཏོན་མུར།   ཡང་ཅི་ཞིག་དྲན་པ་ལྟར་མགོ་བོ་བཏེགས་ནས་མགོ་ཐོག་གི་ཚོད་འཛིན་བརྙན་མིག་ལ་ཐེངས་ཤིག་བལྟས་བྱུང་།   མལ་ཁྲིའི་སྟེང་གི་མི་དེས་ལུས་ཡོངས་མལ་ཐུལ་གྱིས་གཅུད་དེ་ཀུམ་ཀུམ་སྒོས་འཁོང་ནས་ཉལ་འདུག་མོད།   རྐང་བ་ཡ་གཅིག་མལ་ཐུལ་གྱི་ཟུར་ཞིག་ནས་ཕྱིར་མངོན་འདུག ཁོས་མི་དེར་ལན་གཅིག་བལྟས་རྗེས་སྟབས་གང་ཞིག་འགྲིག་མ་བྱུང་བའམ་ཅི།    མི་དེའི་རྐང་མཐིལ་དུ་ག་ག་ཚིལ་སྒོག་པར་ཁོ་རང་ཙོག་པུར་བསྡད་བྱུང་།   དེར་སྨན་པ་ནི་འཚབ་ཙམ་ཡང་མི་བྱེད་པར"ཨ་རོག  མལ་ཐུལ་གྱོན་ཡག་བྱོས།   མཐོ་སྒང་ནས་དྲོད་འཁྱག་བྱུང་ཚེ་དཀའ་ནི་རེད་ཡ"ཞེས་པར་ཁོས་ཀྱང་མིག་ཟུང་རབ་རིབ་ངང་ཕྱེས་ཤིང་།  ཕར་ཚུར་ལ་བལྟས་ཙམ་བྱས་རྗེས"སྨན་པས་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ"ཞེས་བཤད་མུར་ཕྱིར་ཉལ་བྱུང་།   

 

        སྨན་པ་དེ་དང་ཐོག་ཕར་ལ་འགྲོ་ཙམ་བྱས་ཤིང་།    དེ་ནས་ཁོ་རང་སླར་ཡང་གཉིད་པ་མཐོང་བས་ཕྱིར་སླེབས་བྱུང་།   མི་དེས་ད་ནི་རྐང་བ་མལ་ཐུལ་དུ་བཅུག་འདུག་མོད།  ཁོག་སྟོད་ཡོངས་ཕྱི་རུ་མངོན་འདུག སྨན་པས་ལག་པ་གཅིག་ཏུ་ཅི་ཞིག་བཟུང་འདུག་ཅིང་།   ལག་པ་ཡ་གཅིག་གིས་ཁོའི་སྐེ་རུ་རེག་ཙམ་རེག་ཙམ་སྒོས་ཅི་ཞིག་འཚོལ་བར་བྱེད།   འོན་ཏེ།   ཁོ་ནི་ཤི་སོང་བ་ལྟར་ཅི་ཞིག་གི་གཏིང་རིམ་དུ་བྱིངས་འདུག  

 

        དེར་སྨན་པས་གློག་འོད་ཀྱི་ལྡོག་འཕྲོའི་འོག་འོད་ཆེམ་ཆེམ་བྱེད་པའི་སྤུ་གྲི་ཞིག་གིས་ཁོའི་སྐེ་ནས་ཅི་ཞིག་བཅད་བྱུང་།   ངས་ནི་ཁོས་མི་དེའི་སྐེ་རྩ་བཅད་བྱུང་བར་སྙམ་པས་དེ་འཕྲལ་མི་བསད་བྱུང་ཞེས་འུར་རྒྱག་བཞིན་དེའི་ཕྱོགས་སུ་བརྒྱུགས་མོད།   སུས་ཀྱང་ངའི་འབོད་སྒྲ་ཐོས་མ་བྱུང་།   ངས་ལག་དམར་འདི་ཅིས་ཀྱང་འཛིན་དགོས་སྙམ་སྟེ།   ཁོའི་རྒྱབ་ཕྱོགས་ནས་ཁོ་རང་དམ་དུ་བསྡམས་ཀྱང་རང་ཉིད་ནི་མཁའ་རླུང་ལྟར་དུ་འདུག་པས་རྔོ་ཐོགས་མ་བྱུང་།  ཁོས་ད་དུང་མི་དེའི་སྟེང་ནས་ཅི་ཞིག་འཚོལ་བར་བྱེད།   དེར་ངས་མི་དེར་བལྟས་དུས་ཁོའི་སྐེ་རྩ་བཅད་མི་འདུག་ཅིང་།    ཁོས་ད་དུང་སྔུར་བ་འཐེན་བཞིན་གཉིད་བཤད་རེ་ཡང་རྒྱག་གིན་འདུག    ངས"ཨ་རོག རྐུན་མ་ཐོན་འདུག"ཅེས་འབོད་བཞིན་ཁོ་རང་ཇི་ལྟར་བསྒུལ་ཀྱང་མཁའ་རླུང་ལྟ་བུའི་བདག་གིས་ཁོ་རང་གཉིད་ལས་སློང་ཐབས་ཤིག་གཏན་ནས་རྙེད་མ་བྱུང་།   དེ་བས།   མཁའ་རླུང་ལྟ་བུའི་རང་ཉིད་ལ་དངོས་གནས་ཡིད་ཐང་ཆད་སོང་།   གནད་འགག་གི་སྐབས་འདིར་རང་གིས་ཅི་ཡང་བསྒྲུབས་མི་ཐུབ་པ་ནི་ཏག་ཏག་སྡུག་བསྔལ་རིགས་ཤིག་རེད་ཨང་།  

 

        སྐབས་དེར།  ཨ་མའི་ངུ་འབོད་ཀྱི་སྒྲ་ཞིག་སྟོང་འཇགས་ཀྱི་བར་ཁྱམས་བརྒྱུད་ནས་མཆེད་བྱུང་།  དེར་ཁོ་རང་བློང་བློང་བོར་གྱུར་ཞིང་།  མྱུར་བར་ཕྱིར་ལོག་བྱུང་།   གད་སྙིགས་སྒམ་ཞིག་གི་གམ་ནས་འགྲོ་དུས་གློག་ཞག་ཅིག་མཆེད་པ་དང་འབྲུག་སྒྲ་ཡང་གྲག་པས་ཁོ་རང་ལྷབ་སེར་སོང་ལ།   རྐང་བ་སྤོ་ཉེས་ཤིག་གིས་སིལ་ཤུན་ཞིག་གི་སྟེང་དུ་སྤོས་པས་གོམ་ཁ་གཡས་སུ་ཅིག་འཁྱར་མུར་གཡོན་དུ་ཡང་འཁྱོར་ཞིང་།  ཅུང་མིན་ན་ཐང་དུ་འགྱེལ་བྱུང་།   ཏག་ཏག་སྐབས་དེར་ཁོའི་ལག་ནས་དངོས་པོ་ཅི་ཞིག་ཐག་སྒྲ་དང་བཅས་འོད་ཆེམ་ཆེམ་གྱིས་ས་རུ་ལྷུང་བྱུང་།   ཁོ་རང་ཕྱིར་འཁོར་ནས་དེ་ཉིད་ཡར་བསྒྲུགས་རྩིས་འདུག་མོད།   ནད་གཡོག་མ་དེས་ཨ་མ་བསྐྱོར་ཏེ་ནད་ཁང་ལས་ཕྱིར་བུད་པས་ཁོ་རང་མགྱོགས་པོར་ཕར་ཕྱིན་སོང་།    དངོས་པོ་དེ་ནི་གཟི་མིག་དགུ་བ་ཞིག་རེད།  དེ་ཉིད་འོད་ལྷམ་མེར་བདག་པོའི་མལ་ཁྲིའི་འགབ་ཅིག་ཏུ་གྲིལ་སོང་།   བདག་གིས་གཟི་ནི་དངོས་གནས་གཟི་རང་སྟེ།   རང་གི་བདག་པོ་ཡང་ངོས་ཟིན་གྱིན་པ་ཡིན་ནམ་སྙམ།    རེད་ཡ།    མི་གན་སུ་ཞིག་ཡིན་ནམ།   ཁོའི་སྐེ་ཡི་དངོས་པོ་དེ་གཅོད་དུས་བྱང་ཆ་ལྡན་ལུགས་ལ་བལྟས་ན་གཤའ་བཅོས་བྱེད་པར་གོམས་པའི་སྨན་པ་ཞིག་ཡིན་ནམ།    ཡང་ན་རྣམ་ཀུན་སྤུ་གྲིས་སུ་ཞིག་གི་ཁུག་མ་གཤགས་ཏེ་རྐུ་བྱེད་པར་འཇོན་པའི་རྐུན་མ་ཞིག་ཡིན་ནམ།  

 

         ངས་གཟི་དེ་ཡར་བསྒྲུགས་ནས་བདག་པོར་སྤྲོད་བསམས་ཀྱང་གར་ཡོང་མི་ཤེས་པའི་སྟོབས་ཤུགས་ཤིག་གིས་ང་རང་ཅིས་ཀྱང་ཕྱིར་ལོག་དགོས་བྱུང་།    ཕྱིར་ནད་ཁྲིའི་སྟེང་ཤི་བའམ་གཉིད་པ་ལྟར་ཉལ་ཡོད་པའི་རང་ཉིད་ཀྱི་ངོས་ཁ་པ་དང་གཞི་གཅིག་ཏུ་འདྲེ་དགོས་བྱུང་།  

     

2

 

        ཉི་འོད་ཀྱི་གསེར་ཞུན་གྲངས་མེད་ཅིག་སྒེའུ་ཁུང་བརྒྱུད་དེ་བདག་གི་སྔས་འགྲམ་དུ་གསེག་ནས་འཕྲོས་འདུག་ཅིང་།   མིའི་སྐད་ཅོར་དང་འཕྲུལ་ཆས་ཀྱི་ལྡིར་སྒྲ་ཇི་སྙེད་གཅིག་འཇགས་གཅིག་ལངས་སྒོས་ཐོས་འཛིན་ལ་གཟས་ནས་མཆེད་བྱུང་། 

    

        སྐབས་དེར།  "ཁོ་སད་བྱུང་།  ཁོ་སད་བྱུང"ནད་གཡོག་མ་ཞིག་གིས་དེ་ལྟར་སྐད་བརྒྱབ་བྱུང་།  མོའི་སྐད་གདངས་ལ་རང་གི་གཉེན་ཉེ་ཞིག་ས་ཐག་རིང་ལ་ཕྱིན་ནས་ཕྱིར་ལོག་དུས་ཡུལ་མིས་དགའ་འབོད་སྒྲོག་པ་ལྟ་བུའི་ཁ་དོག་ཅིག་བསྒོས་ཡོད་པ་འདྲ།  ཡུལ་མི་དང་སྨན་པ་ཀྲང་བཅས་ནད་ཁྲིའི་གམ་དུ་རུབ་བྱུང་ལ།   ཨ་མ་ངའི་ལག་མགོར་འཇུས་ཏེ་སྤྱན་ལས་མཆི་མ་བྲུལ་བར་བྱེད།  དེ་ནི་སྔོན་ཏག་ཏག་ལ།   གང་ཞིག་ནས་བལྟས་པའི་བརྙན་ཐུང་ཞིག་བསྐྱར་གཏོང་བྱས་པ་དང་འདྲ་བར་རང་ལ་ཤིན་ཏུ་རྒྱུས་ཡོད་པ་ཞིག་ཏུ་སྣང་སོང་།   དེ་འཕྲལ་ངས་ལག་པ་ཕར་བསྲིངས་ནས་མོའི་མིག་ཆུ་ཕྱིས་པར་ད་ནི་རང་ཉིད་མཁའ་རླུང་ལྟ་བུ་ཞིག་མིན་པར་མོའི་མིག་ཆུ་འབྱིད་ཐུབ་སོང་།  སྨན་པས"མ་འགུལ་མ་འགུལ།  ངལ་གསོ་བྱོས"ཞེས་གདམས་བྱུང་བས་ངས་ལག་པ་ཕྱིར་བསྐུམས།  

 

        དེ་ནས་སྨན་པས་ཡུལ་མི་དག་ལ་ཕྱོགས་ཏེ"རྒྱུ་རྫས་རྩ་ཆེན་འདྲ་ཡོད་ན།   དོ་དམ་ནན་མོ་བྱོས།  མདང་སྨན་ཁང་དུ་རྐུན་མ་སླེབས་འདུག"ཅེས་བཤད་རྗེས་ཕྱིར་ལོག་རྩིས་བྱས་བྱུང་།  

 

        རྐུན་མ་ཞེས་པ་འདི་ཐོས་མུར།   རྒྱུས་ཡོད་ཡོད་འདྲ་བའི་བག་ཆགས་མང་པོ་ཞིག་ལ་སླར་ཡང་གཤོག་པ་ཐོགས་ཏེ་བདག་ཡིད་ཀྱི་ནམ་མཁར་ལྡིང་སྐོར་བྱས་བྱུང་།    འོན་ཏེ།    དེ་ནི་རྨི་ལམ་དང་མངོན་སུམ་གཉིས་ཀའི་གང་ཞིག་ནས་རྙེད་པའི་བག་ཆགས་ཤིག་ཡིན་པ་རང་གིས་ཀྱང་སྨྲ་བར་མ་ནུས།  

 

         "ཅི་ཞིག་བརྐུས་སོང་ངམ"ངས་དབང་མེད་དུ་དེ་ལྟར་འདྲི་དགོས་བྱུང་།  འོན་ཏེ།    སྨན་པས་གོ་མ་སོང་།    དེ་ལའང་ཁག་མེད་དེ་ངའི་ཁ་སྣ་ཡོངས་སུ་སྨན་ཆས་བཙུགས་ཡོད་པས་སེམས་ལ་དེ་ལྟར་དྲན་པ་ཙམ་ལས་ངག་ནས་ཅི་ཡང་འཁྲོལ་ཐབས་མ་བྱུང་།  དེར་ངས་སྨན་པའི་རྗེས་སུ་ལག་པ་བསྲིངས་ཏེ་ཅི་ཞིག་བཤད་རྒྱུ་ཡོད་མདོག་བསྟན་པར་ཕུ་བོས་སྨན་པ་ཕྱིར་བོས་བྱུང་།   སྐབས་དེའི་ངའི་བཟོ་ལྟ་དང་ཉམས་འགྱུར་ལས་སྨན་པས་ཅི་ཞིག་དཔགས་སོང་བ་ཡིན་ནམ།  ཁོས་མཚར་སྣང་དང་བཅས་ང་ལ་ལྟ་ཞོར"ཅི་ཞིག་རེད"ཟེར།   ངས་ཁ་སྣའི་སྨན་ཆས་ལོངས་དང་།   ང་ལ་སྐད་ཆ་བཤད་རྒྱུ་ཡོད་ཅེས་པའི་བརྡ་བསྟན།   ཁོས་གཟབ་ནན་སྒོས"དེ་ལེན་ག་ལ་རུང"ཟེར།    དེ་ནས་ང་ལ་ཤོག་བུ་དང་སྨྱུ་གུ་དགོས་ཞེས་པའི་བརྡ་བསྟན་པར་སྨན་པས"ཁྱོད་འགུལ་རྒྱུ་དེ་འདྲ་མང་མི་རུང"ཟེར་བཞིན་གམ་གྱི་ནད་གཡོག་མ་དེར་མཆུ་ཏོས་བྱིན་ཅིག་ཅེས་པའི་བརྡ་སྤྲད།  

 

        ངས་ལག་པ་འདར་སིག་སིག་གིས"ཅི་ཞིག་བརྐུས་སོང་ངམ"ཞེས་བྲིས།   ཡི་གེ་དེ་དག་ནི་ངོ་མ་གྲོག་མས་སུག་རྗེས་བཀོད་པ་ལྟ་བུ་ཞིག་ཏུ་སྣང་བས་རྣམ་ཀུན་ཡི་གེ་འབྲི་བར་འཇོན་པའི་བདག་རང་ཉིད་ལ་ཁ་སྐྱེངས་དགོས་བྱུང་། 

 

        "དེ་དྲིས་ནས་ཅི་ཞིག་བྱ"

 

        "གཟི་ཞིག་བརྐུས་སོང་བ་ཨེ་རེད"

 

        "རེད།   ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན།  གཟི་གསུམ"

 

        "ངས་རྐུན་མ་དེས་རྐུ་བྱེད་པ་མཐོང་བྱུང"

 

        "ཀུ་རེ་མ་རྩེ།    སྐད་ཆ་འདི་འདྲ་གང་བྱུང་དུ་ལབ་མི་རུང"

 

        "ངོ་མ་ཟེར་བ་ཡིན།   གཟི་མིག་དགུ་དེ་བདག་པོའི་མལ་ཁྲིའི་འགབ་ཞིག་ཏུ་གྲིལ་ཐལ"

 

        དུས་དེར།  ང་ལ་སེམས་ཁྲལ་གཞན་ཞིག་ཀྱང་སྐྱེས་བྱུང་།    སྨན་པའམ་རྐུན་མ་དེ་ཕྱིར་གཟི་འཚོལ་དུ་འོངས་མེད་པའི་ངེས་པ་ག་ལ་ཡོད།   གལ་ཏེ།   ཁོ་ཡོང་ཡོད་ཚེ།  གཟི་དེ་ད་ནི་མལ་ཁྲིའི་འགབ་ཏུ་ཡོད་དམ།     ཡོད་ཀྱང་སྲིད།  

 

        སྨན་པས་སོམ་ཉིའི་མིག་མདངས་ཤིག་གིས་ང་ལ་བལྟ་ཞོར"ངས་ཅིག་བལྟ"ཟེར་ཞོར་སྒོར་ཕྱིན་སོང་།  

 

        "གཟི་ཞིག་ངོ་མ་འདུག"ཁོས་དེ་ལྟར་བསྙད་བཞིན་ཕྱིར་སླེབས་བྱུང་ལ།  ངོ་མདངས་ཀྱང་དཀར་པོར་གྱུར་འདུག་པ་འདྲ།  ཡུད་ཙམ་ལ་མིག་ཟུང་ནི་རི་མོར་བྲིས་པ་བཞིན་ཀེམ་ཙམ་ཡང་མི་བྱེད་པར་ང་ལ་ཅེར་ནས་བསྡད།   དེ་ནས་ཁོས་ཅི་ཞིག་དྲན་བྱུང་བ་ལྟར་མྱུར་བར་སྒོའི་ཕྱིར་བུད་སོང་། 

 

3

 

        ང་རང་སྣང་བ་བན་བུན་གྱི་ངང་གཉིད་ལ་ཉེ་དུས།   སྨན་པ་ཀྲང་དང་གཟི་བདག ད་དུང་ཉེན་རྟོག་པ་ཞིག་ནད་ཁང་དུ་སླེབས་བྱུང་། 

    

        མ་གཞིར་གཟི་བདག་དེ་ནི་ནང་ལོགས་ཀྱི་གྲོང་ཁྱེར་ཞིག་ནས་ང་ཚོའི་ས་ཆར་ཡུལ་སྐོར་དུ་ཡོང་ཞིང་།  གལ་སྲིད་གྲ་འགྲིག་པོ་བྱུང་ན་རིན་གོང་སླ་མོས་འབྲོག་པ་ཚོའི་ལག་ནས་གཟི་ཉོ་བཞིན་པའི་རྒྱ་མི་ཚོང་བ་ཞིག་ཡིན་འདུག 

 

        གཟི་བདག་གིས་རྫིག་ཉམས་དང་བཅས་ལག་ཏུ་ཡོད་པའི་གཟི་མིག་དགུ་བ་དེ་ང་ལ་སྟོན་ཞོར"གཟི་གཞན་པ་དེ་གཉིས་ཀྱང་དྲང་མོར་སྤྲོད་དང་།  ཁྲིམས་ཆད་ཇེ་ཡང་དུ་གཏང"ཟེར།  

 

        དེ་མ་ཐག བདག་གི་སྙིང་ཡང་ཡ་ཆུང་དུ་འཚངས་བྱུང་བ་ཡིན་ནམ།  བྲང་ཁ་ལྗིད་ཏིག་གེར་གྱུར་སོང་ལ།  ལུས་ཀྱི་བ་སྤུ་དག་ཀྱང་རྣམ་རིག་ཀྲོག་ཀྲོག་གིས་ཡར་གཟེངས་བྱུང་བ་འདྲ།  

         ངས་ཤོག་ངོས་སུ་ཅི་ཞིག་འབྲི་བར་འདོད་ཀྱང་ལག་པ་ནི་དར་ལྕོག་བཞིན་གཡོ་བར་བྱེད་པས་ཅི་ཡང་འབྲི་ཐུབ་མ་སོང་།  

 

          དེར་ཉེན་རྟོག་པས་ཁོ་རང་ལ་ཁ་རོག་གེར་སྡོད་ཅེས་པའི་བརྡ་སྦྲན་ཞིང་།    ང་ལ་དྲི་བ་མང་པོ་ཞིག་བཏོན་བྱུང་།  

 

        "ཁྱེད་ཀྱིས་གཟི་མིག་དགུ་བ་འདི་གང་ནས་ཁྱེར་འོངས་བ་ཡིན"

 

        "ངས་གང་ཞིག་ནས་ཁྱེར་འོངས་བ་མིན།  གཞན་གྱིས་བརྐུས་ནས་འགྲོ་དུས།  ས་རུ་ལྷུང་བ་མཐོང་བ་ཡིན"

 

        "དེས་ན་ཅིའི་ཕྱིར་མི་མ་བོས་པ་ཡིན"

 

        "མ་བོས་པ་ག་ལ་ཡིན།   སུས་ཀྱང་ཐོས་མ་སོང"

 

        "ཧི་ཧི།   ཁྱོད་ཀྱིས་སྐད་ཆ་བཤད་མི་ཐུབ་ན་དེར་ཁག་མི་འདུག ཁྱོད་ཉལ་སར་ལྷུང་བའི་ནད་པ་ཞིག་ཇི་ལྟར་བར་ཁྱམས་སུ་ཕྱིན་པ་ཡིན"

 

         དེར་ངས་རང་གིས་ཀྱང་རྨི་ལམ་ཡིན་ནམ་གང་ཡིན་མི་ཤེས་པའི་དོན་དེའི་མགོ་རྔ་མ་བར་སྐེད་པ་མ་ལུས་ཁོ་ཚོར་ལབ།   

 

        "ཉན་གྱིན་ཉན་གྱིན་ང་མགོ་ཉོག་སོང་།   ཁྱོད་གཏན་ནས་སྒོའི་ཕྱིར་མ་སོང་ངམ"ཁོས་དེ་ལྟར་ནན་འདྲི་བྱས་བྱུང་།  

 

        "ཁོ་ད་སོ་མར་བརྒྱལ་བ་ལས་སངས་པ་ཡིན།  དོན་ཅི་ཡོད་ན་ང་ཚོས་ཁོར་དྲག་བསྐྱེད་བྱུང་རྗེས་བཤད་ཡ"

 

        དེ་ལྟར་སྨན་པ་ཀྲང་ལགས་ཀྱིས་ཀྱང་ང་རང་མདང་ཞག་གང་བོར་དྲན་པ་སོས་མ་བྱུང་བས་སྒོའི་ཕྱིར་སོང་མེད་ལུགས་ཀྱི་བདེན་དཔང་བྱས་བྱུང་།  

 

        "ཁོས་སྔོན་ཏག་ཏག་ལ།   རྐུན་མ་དེ་སྨན་པ་ཞིག་རེད་ཟེར་ཨང་།   མདང་ནམ་སྨད་དུ་ང་ཡང་སྨན་པ་སྐྱེས་པ་ཞིག་གིས་གཉིད་ལས་དཀྲོགས་བྱུང་།" གཟི་བདག་གིས་དེ་ལྟར་བསྙད་བཞིན་སྨན་པ་ཀྲང་གི་གདོང་ལ་བལྟས་བྱུང་།  

 

            སྨན་པ་ཀྲང་གིས"མདང་སྨན་ཁང་དུ་སྨན་པ་སྐྱེས་པ་ང་གཅིག་པུ་ལས་མེད་ཨང་།"  ཟེར་བཞིན་ཅི་ཞིག་ལ་འདང་རྒྱག་པར་བྱེད།  

 

        ངས་མྱུར་བར"སྨན་པ་ཀྲང་མ་རེད"ཅེས་དག་སེལ་བྱས།  

         

        སྐབས་དེར།  ངའི་ཡིད་ལ་ཐབས་མཆོག་ཅིག་དྲན་བྱུང་།  

 

        "བར་ཁྱམས་སུ་ཚོད་འཛིན་བརྙན་མིག་(དྷྱཾམཱུཧྶ)བཙུགས་ཡོད་པ་མིན་ནམ།  དེས་བླངས་པའི་བརྙན་ལས་ཐེངས་ཤིག་བཤེར་ན་སྨན་པ་དེ་སུ་ཡིན་ཤེས་སྲིད་པ་མིན་ནམ"

ཉེན་རྟོག་པ་དེ་དགོད་ཙམ་བྱས་ཤིང་།  མཐོང་ཆུང་གི་མིག་མདངས་ཤིག་གིས་ང་ལ་ལྟ་བཞིན"ང་ཚོས་ཀྱང་དེ་མ་ཤེས་པ་ག་ལ་ཡིན།   མདང་ནུབ་སྨྱན་མིག་འཕྲུལ་ཆས་ཀྱི་ཁ་སུ་ཞིག་གིས་གཏན་ཟིན་པས་ཁུངས་སྣེ་ཅི་ཡང་འཚོལ་ཐབས་མི་འདུག"ཟེར།   དུས་དེར་གཞི་ནས་མདང་གི་སྨན་པ་ཡིན་ནམ་དེས་བརྙན་མིག་ལ་བལྟས་ཙམ་ལས་འཛེམ་དོགས་མི་བྱེད་པ་དེར་ཡང་རྒྱུ་མཚན་འདུག་པ་ཤེས་བྱུང་།  

 

           གཟི་བདག་གིས"ཆུང་མར་རྫ་དུག་ཕོག་པས་སྨན་ཁང་དུ་ཞག་གཅིག་བསྡད་པར་གཟི་གཉིས་བོར་སོང་།  ཨ་ཤུ་རེ་ཁོ།   སྨན་པའི་ངག་བཞིན་ཞག་སྡོད་བྱས་པར་དངོས་གནས་འགྱོད་པ་རྟས་མི་ཁྱོག་པ་ཞིག་སྐྱེས་བྱུང"ཟེར་བཞིན་ནད་ཁང་ནང་ནས་ཡར་མར་ལ་འགྲོ་ཙམ་བྱས་ཤིང་།  གོང་མཛུབ་ང་དང་སྨན་པ་ཀྲང་གཉིས་ཀར་རེས་མོས་སྒོས་བགྲད་དེ"ད་ནི་སྨན་པ་དང་ནད་པ་གཉིས་ཀས་རྫུན་ལུང་བ་གང་རེ་བསྒྲིགས་ཏེ་ཕན་ཚུན་ལ་འགེབས་སྲུང་མི་བྱེད་པར་ཁྲིམས་ཁ་ནས་ཐུག་རྒྱུར་གྲ་སྒྲིག་བྱོས"ཞེས་བཤད་རྗེས་སྒོ་ཁྲོག་གེར་བརྒྱབ་སྟེ་ཕྱིན་སོང་།

  

        ངས་སྨན་པར"ང་ལ་བདེན་དཔང་བྱ་དགོས"ཞེས་བཤད་དུས་རང་ཉིད་རིམ་བཞིན་ཅི་ཞིག་གི་གཏིང་སར་བྱིངས་ཀྱིན་པའི་ཉམས་སྣང་བྱུང་ལ།  སྨན་པས་ཕྱིར་ལན་ཅི་ཞིག་འདེབས་པར་རྩོམ་དུས་ཉེན་རྟོག་པས"ཁྱོད་སྒོར་ཤོག་དང"ཅེས་སྨན་པ་སྒོར་བོས་པའི་སྐད་དེ་ཡང་དེ་འདྲའི་རྒྱང་ཐག་རིང་བ་ཞིག་ནས་མཆེད་འོངས།   སྐབས་ཤིག་ང་རང་སླར་ཡང་ངོས་གཉིས་སུ་གྱུར་འདུག་ཅིང་།  ངས་ནད་ཁྲིའི་སྟེང་ཤི་བའམ་གཉིད་པ་ལྟར་གན་རྐྱལ་དུ་ཉལ་ཡོད་པའི་རང་ཉིད་ཀྱི་ངོས་ཁ་པ་དེ་མཐོང་བྱུང་།

  

2016ལོའི་ཟླ་3པར་ཞི་བདེ་རྒྱ་མཚོའི་འགྲམ་དུ་བྲིས།  


རྩོམ་ཡིག་རྗེས་མ།
ཟམ་འོག་ཟ་ཁང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1