ཟམ་འོག་ཟ་ཁང་།

གཅོད་པ་མཚོ། (ནུབ་བྱང་མི་རིགས་སློབ་ཆེན) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


        ལོ་དེར་ང་ད་དུང་སློབ་མཐར་ཕྱིན་མེད།   སྟོན་མཇུག་གི་དུས་ཚིགས་ཀྱིས་པེ་ཅིན་གྱི་གནས་གང་དུ་ཡང་དགའ་སྐྱོ་ཟུང་གི་ཚོར་བ་སྦྱིན་པའི་ཡུལ་ལྗོངས་ཀྱི་རྣམ་པ་ཞིག་མངོན་འདུག གྲལ་འགྲིག་ཅིང་ཁ་མདོག་སྣ་ལྔ་འཛིན་པའི་གྲོང་ཁྱེར་གྱི་འགྲིམ་འགྲུལ།   གྲོག་ཚང་སློག་འདྲའི་ཕར་འགྲོ་ཚུར་འོང་གི་ལམ་འགྲོ་བ།   དམར་སེར་དུ་གྱུར་བའི་སྟོན་མཇུག་གི་སྡོང་ལོ།   གང་དགར་རྩེན་པའི་ལོ་མས་ལམ་ཆུང་གཡོགས་པའི་རྣམ་པ།   རྒྱང་ལ་བལྟ་དུས་མཐོང་ལམ་དུད་སྨུག་གིས་བསྒྲིབས་ཤིང་།   གྱེན་དུ་བལྟ་དུས་མགོ་བོ་ཁང་བརྩེགས་ལ་ཐོགས་འགྲོ་བ་ལྟ་བུའི་གྲོང་ཁྱེར།   ཁྲ་ཁྲ་རིག་རིག་གི་སྲང་ལམ་གྱི་ཚོང་འདུས་མགྲོན་པོ།   ཟང་ཟིང་ལང་ལོང་དུ་གྱུར་བའི་གཟའ་མཇུག་གི་དུས་སུ།   ཚོད་ཚོད་ལ་སྣ་འདུས་འཕྲུལ་ཆས་ཀྱི་བར་གསེང་ཞིག་ནས་རྒན་སྨན་བླའི་བཞད་གར་གསེར་མདོག་གི་ཕ་ས་ཞེས་པ་དེ་ཡིད་ལ་ཡང་ཡང་འཁོར་ཡོང་།  

 

        ཉིན་དེར་གཟའ་མཇུག་དང་ཐག་ཉེ།  ངས་ལོ་ན་ལྔ་ལ་སོན་པའི་བུ་ཆུང་ནོར་བུ་བསམ་འགྲུབ་ཁྲིད་ནས་བྱང་ལྷོ་མའི་གནམ་གྲུ་འབབ་ཚིགས་སུ་བུ་ཆུང་གི་ཨ་ཕ་བསུ་རུ་ཕྱིན་པ་ཡིན།   ངའི་ཁྱིམ་དང་གནམ་གྲུ་འབབ་ཐང་བར་ཆུ་ཚོད་གཅིག་གི་ལམ་ཐག་མ་གཏོགས་མེད་མོད།   ཉི་མ་དེར་གཟའ་མཇུག་ལ་འཁེལ་འདུག་པས་ཡིན་ནམ་ཅི།   ཕལ་ཆེར་ལམ་ཐག་དུས་ཚོད་གསུམ་ཙམ་ཞིག་ལ་འགྲོ་དགོས་བྱུང་།  སྲོད་དུས་སུ་བརྡ་འཕྲིན་ཞིག་འབྱོར།   བརྡ་འཕྲིན་དུ་ཟམ་འོག་ཟ་ཁང་གི་སྒོ་ཁ་ནས་མཇལ་ཞེས་བྲིས་འདུག གང་ལྟར།   ངས་ཚོད་ཚོད་ལ་སེམས་ལ་ཟུག་པའི་སྙིང་གཏམ་ཞིག་ལ་རྐྱེན་བཅས་ཏེ་སྲང་གི་འདུ་འཛིར་གནས་བཅའ་དགོས་སོང་།   དེ་ནི་རང་ཉིད་ཀྱིས་ཀྱང་འགོག་ཏུ་མེད་པའི་ཐོལ་བྱུང་གི་སེམས་འདུན་ཞིག་ལས་མ་འདས།   པེ་ཅིན་མཁར་གྱི་གྲོང་གི་སྲང་ལམ་དེ་དག་ལ་འགྱུར་ལྡོག་ཤིན་ཏུ་ཆེ་ན་ཡང་།   ཤར་ལམ་བརྒྱད་པ་དང་ཟམ་འོག་ཟ་ཁང་གི་ས་ཚིགས་གཉིས་ནི་པེ་ཅིན་གྱི་བོད་པ་ཚོར་ཆེས་ཆ་རྒྱུས་ཡོད་པའི་ས་ཆ་འབའ་ཞིག་ཡིན།   གནའ་བོའི་ཏ་ཏུའུ་རུ་འབོད་པའི་པེ་ཅིན་ནས་ཤར་ལམ་རེ་རེ་བཞིན་ཁོ་པ་ཚོའི་བློ་ཁོག་ཏུ་གསལ་ལེར་མངོན།  ཤར་ལམ་བརྒྱད་པ་ནི་ངེད་ཀྱི་སློབ་གྲྭའི་སྒོ་ཆེན་བརྒྱུད་ནས་འགྲོ་དགོས།   ཤར་ལམ་དེ་ནི་ནོར་བུ་བསམ་འགྲུབ་ལ་མཚོན་ན་ཡང་མིག་བྱང་དུ་སོང་བའི་སྲང་ལམ་ཆུང་ཆུང་ཞིག་ཏུ་ཆགས་ཡོད་ངེས་ཡིན།   རྒྱུ་མཚན་གནས་འདི་དང་ཐག་མི་རིང་བའི་ས་ན་པེ་ཅིན་མཁར་གྱི་བྱིས་གཉོར་ཁང་གི་སློབ་གྲོགས་ཚོའི་རེས་སྐྱིད་རེས་སྡུག་གི་རྩེད་ར་ཡོད་པས་ཡིན།   སྲང་ལམ་དེ་ནས་ནོར་བུ་བསམ་འགྲུབ་ཀྱིས་ཀྱང་བྱིས་གླུ་མང་པོ་ཞིག་བློ་ལ་འཇགས་ཅི་ཐུབ་བྱས་མྱོང་།   ཉིན་དེར།   ཏག་ཏག་བརྡ་འཕྲིན་ཞིག་ལ་རྐྱེན་བྱས་ཏེ་ང་ནི་གང་ནས་ཡོང་བ་མི་ཤེས་པའི་བྲེལ་ཤ་ཞིག་དང་།   སྡོད་མི་ཚུགས་པའི་སེམས་འགྱུ་ཞིག་གིས་དེད་དེ་པེ་ཅིན་མཁར་གྱི་ཤར་ལམ་བརྒྱད་པའི་ཕྱོགས་ནས་རིམ་གྱིས་བྱང་ལྷོ་མའི་གནམ་གྲུ་འབབ་ཚུགས་ཀྱི་ཕྱོགས་སུ་ཆས་པ་ཡིན།  

 

        བུ་ཆུང་ནོར་བུ་བསམ་འགྲུབ་སྐྱེས་ནས་ཟླ་གཉིས་མ་གཏོགས་སོན་མེད།   ལོ་དེའི་དབྱར་ཁར་ངའི་ཁྱོ་གས་ཨ་རིའི་མེར་སོན་སློབ་ཆེན་དུ་རྒྱུགས་འཕྲོད་དེ་ཕྱི་རྒྱལ་དུ་སློབ་གཉེར་དུ་འགྲོ་རྒྱུ་ཐག་གིས་བཅད།   ཁྱོ་ག་ཕྱི་རྒྱལ་ལ་སློབ་གཉེར་དུ་འགྲོ་ཆེད་རྒྱུགས་སྤྲད་པ་ཡིན་མིན་དེ་རང་ཉིད་ཆུང་མ་ཞིག་གི་ངོས་ནས་ཅི་ཡང་མ་ཚོར།   དོན་དག་ལ་ཤས་ཤིག་རང་ཉིད་ཀྱིས་རང་ཉིད་ཁོ་ནར་བཤད་པས་ཆོག དེ་ནི་ལོ་རབས་དགུ་བཅུ་པའི་རྗེས་ཀྱི་གཞོན་ནུ་ཚོའི་གསང་བའི་ཟློས་གར་ཞིག་ལས་མ་འདས།   ཡིན་ཀྱང་།   གསང་བའི་ཟློས་གར་ཞིག་ཡིན་ཕྱིན་ངེས་པར་དུ་གསང་སྟབས་ཀྱིས་འཁྲབ་དགོས་མིན་དེ་ང་ལ་གསལ་ཆ་ཅི་ཡང་མ་མཆིས།    གང་ལྟར།   གསང་བའི་ཟློས་གར་འཁྲབ་མཁན་གྱི་མི་དེ་དག མིག་དཀྱུས་རིང་ཞིང་མིག་མདངས་རྒོད་པ།   གདོང་མདོག་དཀར་ཞིང་ཚོན་ཁ་དོད་པ།   སྨིན་མ་རིང་ཞིང་ཚོས་མདོག་བྱུགས་པ།   དངོས་གནས་དར་མཚོན་སྣ་ལྔས་སྤྲས་པའི་ལུག་ཚེ་ཐར་ཞིག་དང་ཨ་ན་མ་ན་རེད།   ཧང་སངས་པ་ཞིག་དང་བློ་ཡུལ་ལས་འགོངས་པ་ཞིག་རང་རེད་ཨང་།    བསླུ་བྲིད་རུམ་གང་གི་དོན་དུ་སྙིང་གཏམ་ཚེ་གང་བོར་ལབ་དགོས་པ་དེ་ཡང་སྙིང་ཅི། 

  

        ལོ་དེར་ང་སློབ་མཐར་ཕྱིན་ལ་ཉེ་བའི་སློབ་ཆེན་སློབ་མ་ཞིག་ཡིན།   ད་དུང་ནར་མ་སོན་པའི་བྱིས་པ་ལོ་ཆུང་ཞིག་གི་ཨ་མ་ཡིན།   དོན་དག་ཆེ་མ་ཆུང་གསུམ་གྱི་འཚང་ཀའི་བར་ནས་ངས་བྱིས་པ་ཆུང་ཆུང་ཞིག་གི་འཚར་ལོངས་ཀྱི་གོ་རིམ་ཁོ་ན་ལས་ཅི་ཡང་བསམ་བློ་བཏང་མ་མྱོང་།   གཏོང་དགོས་དོན་ཀྱང་ཕལ་ཆེར་མེད་པ་འདྲ།  

 

        ལོ་ངོ་དུ་མའི་སྔོན་གྱི་དགོང་མོ་ཞིག་ལ་ཁྱོ་ག་ནང་དུ་ལོག་བྱུང་།   བྲེལ་བྲེལ་འཚབ་འཚུབ་ཀྱིས་སང་ཉིན་ལམ་ལ་ཆས་དགོས་གསུང་བྱུང་།   བུ་ཆུང་གིས་མལ་ཁྲིའི་སྒང་ནས་ངུ་འབོད་བྱེད་དེ་ངེད་ཀྱི་ལས་ཀར་བར་ཆད་ཏོག་ཙམ་བཟོས་པ་མ་གཏོགས།   གམ་གྱི་བྱ་དངོས་དག་ལ་ཁྱད་མཚར་ཅི་ཡང་མ་མཆིས།   ཐ་ན་ཁྱོ་གས་ཀྱང་ཅི་ཡང་ཚོར་གྱིན་མི་འདུག  ཁོས"རིག་གནས་རིན་ཐང་གསེར་ཡིན།"ཞེས་ཁྱིམ་ནས་སྒོར་འབུད་པར་བྲེལ་བཞིན་གདའ།   བུ་ཆུང་ནོར་བུ་བསམ་འགྲུབ་ཀྱི་ངུ་སྒྲ།    ཁྱོ་གས་ཁྱིམ་གྱི་ཟོག་དངོས་བསྡུ་གསོག་བྱས་པའི་སྒྲ།   དེ་མིན་བདག་གི་སྨྱུག་རྩེ་ནས་བ?ལ་བའི་ཡིག་འབྲུ་ཁ་ཤས་དང་འབྲི་ཤོག་གི་འཕྲད་སྦྱོར་ལས་བྱུང་བའི"ཚག་སྒྲ" འདི་དག་ཡོད་ཚད་ཀྱིས་པེ་ཅིན་གྱི་མཚན་མོའི་ལྷིང་འཇགས་དཀྲོགས་ལ་ཁད་དུ་གདའ།   ངས་མཚན་མོ་དེར་སློབ་གླིང་གི་དཔྱད་རྩོམ་བགྲོ་གླེང་དང་འབྲེལ་བའི་ཤིས་ཚིག་དེ་བྲིས་ནས་ཁོམ་ལོང་ཞིག་བྱུང་མ་སོང་།   སྟབས་མི་ལེགས་པ་ཞིག་ལ།   དགོང་མོ་དེར་གློག་ཆད་སོང་།   ཨ་ཙི།   ས་རུབ་རྗེས་གློག་ཆད་སོང་།   གྲོང་ཁྱེར་གྱི་མི་ཚང་མ་ད་དུང་སྔར་བཞིན་ལྷིང་འཇགས་གེར།   ཅི་ཡང་མི་མཐོང་ལ།   ཅི་ཡང་མི་ཐོས་ན་ཡང་རང་གི་ལས་ཚོགས་ལ་བྲེལ་ནས་ཡོད།   ངའི་ཚོར་བ་ཞིག་ལ་ང་གཅིག་པུས་ད་གཟོད་བསྒྲུབས་མི་ཚར་བའི་ལས་ཀ་དེའི་རྗེས་མི་བསྐྱོངས་ཐུ་མེད་རེད་སྙམ་པའི་བསམ་བློ་དེ་དུས་དེ་ནས་བཟུང་གར་སོང་ཆ་མེད་དུ་གྱུར་སོང་།   རྒྱུ་མཚན་ང་སྐབས་དེར་བོད་ཀྱི་པེ་ཅིན་སློབ་གྲྭ་ཆེན་མོ་བ་ཞིག་དང་ནར་མ་སོན་པའི་བྱིས་པ་དམར་འབྱར་ཞིག་གི་ཨ་མ།   དེ་མིན་ད་དུང་པེ་ཅིན་མཁར་གྱི་བོད་པའི་ཁྱིམ་ཚང་ཞིག་གི་བདག་མོ་ཡིན། 

  

        ནོར་བུ་བསམ་འགྲུབ་ཀྱིས་ངུས་ངུས་མཐར།   ངུ་མཚམས་བཞག་ནས་ཨ་མ་ང་ལ་ཨུ་ཚུགས་མ་བྱེད།   དེ་ནི་གནམ་རྒན་མར་སྐྱབས་སུ་བཅོལ་བའི་ལོ་ཆུང་གི་བྱིས་པ་ཞིག་གིས་མི་ཡུལ་གྱི་ལྷ་མོ་ལྟ་བུའི་ཨ་མར་བཅངས་པའི་དུངས་པ་ཡིན་ཞེས་ལབ་ཆོག་གམ།   དངོས་གནས་ཧ་གོ་མ་སོང་།   ངས་སྟེགས་སྒྲོན་གྱི་འོད་སྣང་ལ་ཁེན་ནས་ཤིས་ཚིག་གི་མཇུག་བསྐྱང་དགོས་བྱུང་མོད།   བྲེལ་ཟིང་དང་འགལ་འདུ་ཡི་བར་ནས་མང་པོ་མང་པོ་ཞིག་གི་དབུ་སླར་ཡང་བརྙེས་བྱུང་།     ཐོབ་པ་དང་ཤོར་བ།       ཐོབ་ཤོར་གྱི་ཀློང་ནས་སྐར་མདའ་ཞིག་གློ་བུར་བར་མུན་ནག་གི་ཁྲོད་ནས་ས་རུ་ཟགས།    སྒྲོན་འོད་འོག་གི་ངའི་གྲིབ་གཟུགས།   སྣ་མང་སྣེ་འཛིང་གི་ཁྱིམ་གྱི་བྱ་དངོས་ཐ་དག  སྨག་རུམ་ལ་ཞུགས་ཏེ་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར་ཅིང་།   ཡང་རིམ་བཞིན་ཇེ་ཆུང་ནས་ཇེ་ཆུང་དུ་སོང་།   རྒྱ་མཚོར་གཡེང་བའི་རླབས་ཀྱི་གཟུགས་རིས་ནང་བཞིན་ཕྱིས་སུ་དེ་དག་ཀྱང་རེ་ཞིག་མི་སྣང་བར་གྱུར།    སྨྱུག་རྩེ་ནས་རང་དབང་གིས་སྐགས་སོང་བའི་སྣུམ་ཞག་གི་ཐིགས་པ།  སེམས་ཚེགས་ཀྱིས་མནར་བའི་དཔྲལ་གཞུང་གི་རྔུལ་ཆུ།   མིག་ཀོང་དུ་འཁྱིལ་བའི་མཆི་མའི་ཕྲེང་?ག ཐ་མར་གཤེར་གཟུགས་ཀྱི་གཤིས་སུ་གནས་པ་འདི་དག་གོང་བུ་གཅིག་ཏུ་གྲུབ་སྟེ་འཁྲིས་ཀྱི་འབྲི་དེབ་ཀྱི་སྒང་དུ་ལྷུང་།   ངས་དབུགས་ལྷོད་ལྷོད་ཅིག་བྱས་རྗེས།   དལ་མོར་ལག་པ་འབྲི་དེབ་ཀྱི་སྟེང་དུ་བསྔས་པ་ན་མིའི་གཟུགས་རིས་ཤིག་ངའི་རྒྱབ་ཕྱོགས་སུ་ལངས་འདུག ཁྲིགས་ཁྲིགས་མེད་ན་ངས་གཉིད་ཡོར་ཅུང་བྱས་པ་ཡིན་ཀྱང་སྲིད།  

         གཟུགས་རིས་ནི་མུན་ནག་གི་ཀློང་ནས་གྱང་ངོས་ཀྱི་ཟུར་ཞིག་ཏུ་ཡིབ་སོང་།   ང་སྐྲག་མ་དངངས་ཀྱིས་འཁྲུལ་སྣང་ཞིག་གིས་གཟུགས་རིས་དེ་གྱང་ངོས་ཀྱི་ནག་ཐིག་ཅིག་ཏུ་སྒོམ་དགོས་སོང་།  ནག་ཐིག་དེ་མ་གཞི་འབུ་ཨང་ང་ཙི་ཞིག་ཏུ་འཁྲུལ་ནས་ཚོད་ཚོད་དུ་འདར་སིག་སིག་བྱེད།   ཉྭ་ལྷབ་ལྷབ་ཀྱིས་མདུན་ཅོག་སྒུལ་བྱུང་།   གྲོང་ཁྱེར་ནས་དུག་སྦྲང་འདིའི་རིགས་ཀྱིས་ག་དུས་ཡིན་ཡང་མུན་ནག་གི་ལམ་བུ་འབའ་ཞིག་ཏུ་གནས་བཅས་ནས་ཡོད།   མུན་ནག་གི་ཁྲོད་ནས་མིའི་ལུས་པོར་རྨུག་གིན་པའི་སྲིན་འབུ་ཚོགས་ཨང་།   ནམ་ཟླ་སྟོན་མཇུག་སླེབས་འདུག 

 

        མཚོ་མོ།   ང་འགྲོ་རྒྱུ་ཡིན། 

 

        ཁང……ཁང་བ་འདི་ཁྱོད་ལ་སྤྲད་པ་ཡིན།

 

        འོ……ད་དུང་བུ་ཆུང་ནོར་བུ་བསམ་འགྲུབ།   དེ་ཡང་ཁྱོད་ལ་བྱིན་པ་ཡིན།

 

        སྐད་ཆ་ཚིག་གསུམ་མ་གཏོགས་ཁོས་ང་ལ་ཅི་ཡང་ལབ་རྒྱུ་མ་བྱུང་།   ངས་ཚོད་ཚོད་མིག་ཆུས་བརླན་པའི་འབྲི་དེབ་ཀྱི་ཤོག་བུ་གཅིག་གཤགས།   སྲན་མ་མ་ཆོད་པར་ཡོས་ཟེར་བའི་དཔེ་བཞིན་དུ།   དབུགས་ཀྱིས་བརྒྱངས་པའི་དབུགས་ལྒང་ཞིག་སྐད་ཅིག་གི་དུས་སུ་ཉེས་པ་ཅི་ཡང་མེད་པའི་འབྲི་དེབ་ཀྱི་སྟེང་དུ་ལྷུང་སོང་།    གདོང་གི་རྔུལ་ཆུ་ཕྱིས་མ་ཕྱིས་ཙམ་ལ་གཟུགས་རིས་དེ་མུན་ནག་གི་ཁྲོད་ནས་ཡལ་སོང་།   ང་མྱུར་དུ་ཡར་ལངས་ཏེ་བུ་ཆུང་གི་མགོ་སྐྲ་ཉག་གཅིག་བཏོགས་རྗེས།   མུན་ནག་གི་ཁྲོད་དུ་ཁོ་པ་འཚོལ་དུ་རྒྱུགས་པ་ཡིན།   བཙལ་བཙལ་མོད།    ཡེ་ནས་རྙེད་མ་བྱུང་།  ཐ་མར་ང་རེ་ཐག་ཆད་དེ་མུན་ནག་གི་ཁྲོད་ནས་སྐྲ་རྐང་ཉག་གཅིག་པུ་དེ་རླུང་ལ་བསྐུར་བ་ཡིན།   དུས་དེ་ནས་བཟུང་།   ས་རུབ་རྗེས་སུ།   པེ་ཅིན་ལ་གློག་ཆད་ཐེངས་རེར།   ངས་ཀྱང་གྲོང་མི་ཚོ་ནང་བཞིན་མུན་ནག་གི་ཁྲོད་ནས་སྐྲ་ལོ་ཉག་གཅིག་པུ་དེ་རྙེད་ཐབས་བྱེད།   གཏམ་རྒྱུད་དེ་གློ་བུར་དུ་བྱུང་ནས་གློ་བུར་དུ་མཇུག་རྫོགས།   བཙལ་བཙལ་ནས་མི་ལོ་ལྔ་འགོར་ན་ཡང་ད་དུང་སྔར་བཞིན་རྙེད་མི་སྲིད་པའི་སྐྲ་ལོ།   སྟོན་རླུང་གིས་བདས་ཏེ་རྒྱང་རིང་རྒྱང་རིང་གི་གནམ་མཐའི་མཚམས་ཀྱི་སྐར་འོད་ལ་འཐམས་ནས་འཕུར་སོང་བ་ཨེ་ཡིན།   འདི་ལྟར་ངའི་པེ་ཅིན་གྱི་སློབ་མའི་གཏམ་རྒྱུད་ནི་རེ་ཞིག་མཇུག་མི་སྐྱོང་ཐུ་མེད་བྱུང་སོང་། 

 

         ནར་མ་སོན་པའི་ཚེ་སྲོག་ཆུང་ཆུང་ཞིག  ཚོད་ཚོད་ལ་ཉེས་པ་ཅི་ཡང་མེད་པར་ཨ་ཕའི་བྱམས་བརྩེ་དང་ཁ་ཐག་རིང་དུ་ཕྱིན།   ལོ་ངོ་དུ་མའི་རིང་ལ་གཅིག་སེམས་གཅིག་ལ་གཏད་པའི་ཁྱོ་ཤུག་གཉིས་ཀྱང་སྟོན་མཇུག་གི་ཁུར་མོང་ནང་བཞིན་རང་རང་ས་ལ་ཞོགས་སོང་།   གང་ཞིག་ཏུ་ཕྱི་མིག་ཅིག་ཀྱང་མེད་པར་བཞུད་སོང་།    པེ་ཅིན་མཁར་གྱི་བོད་པའི་ཁྱིམ་ཚང་ཞིག་གི་གསང་བའི་རྒྱུད་ཅིག ཕྱི་འགྲིམས་སློབ་མ་ཞིག་དང་འབྲེལ་ནས་མགོ་བརྩམས་ཤིང་མཇུག་ཀྱང་བསྡུས།   དེ་ནི་གས་ཆག་ཤོར་བའི་ས་ངོས་ཀྱི་ཁུང་བུ་ནང་བཞིན་ཤི་ལ་ཉེ་བའི་ཕྲ་ཕུང་གིས་ཟོས་ཏེ་ལངས་མ་འགྱེལ་དུ་ཆགས་འདུག  གཏམ་རྒྱུད་དེ་རླུང་ནག་འཚུབ་མས་བདས་པའི་ཉམ་ཆུང་ལོ་མ་ནང་བཞིན།   ཁ་ཁུ་སིམ་ཆུང་ཆུང་གི་རྒས་གཉེར་གྱིས་ཕྱུག་པའི་ངོ་གདོང་གིས་འཚོས་ནས་གསོན་པ་ཇི་འདྲའི་མཚར་ཨང་།

  

        ཟླ་ཕྱེད་ཀྱི་རྗེས་སུ།   ཟླ་བ་སྒོར་ཞིང་།   སྐར་འོད་བཀྲ། ས་ཡི་བ་མོ་ཡལ།   ཚེས་བཅོ་ལྔའི་དུས་སུ་སླེབས་རན་འདུག སྡུག་བསྔལ་མང་བའི་ངས་ནོར་བུ་བསམ་འགྲུབ་བྱིས་གཉོར་ཁང་དུ་བསྐྱལ་རྒྱུའི་སེམས་ཐག་བཅད་པ་ཡིན།  ངའི་མ་འོངས་པའི་ཁྱིམ་ཚང་དང་བུ་ཆུང་གི་དོན་དུ་བསམས་ནས་དོན་དག་འདི་ལྟར་ཐག་གིས་གཅོད་དགོས་སོང་།   ནར་མ་སོན་པའི་བྱིས་པ་ཆུང་ཆུང་ཞིག་རྒྱུས་མེད་ཀྱི་གྲོང་ཁྱེར་ཞིག་ནས་ལོ་ཆུང་གི་རྩེད་རོགས་ཚོ་དང་མཉམ་དུ་འཚོ་བ་རོལ་ཆོག་ཆོག་ཡིན།   ནམ་རྒྱུན་གྱི་གཟའ་མཇུག་གི་དུས་སུ་ད་གཟོད་ངེད་མ་བུ་གཉིས་ལྷན་འཛོམས་བྱུང་།   ངེད་གཉིས་གཟའ་མཇུག་གི་དུས་སུ་ལྷན་འཛོམས་བྱུང་ཐེངས་རེར།   ནོར་བུ་བསམ་འགྲུབ་ཀྱིས་ང་ལ་བློས་མི་དཔོག་པའི་དྲི་བ་ཏག་ཏག་འདྲི།   འདི་དག་ལས་ཆེས་བརྗེད་དུ་མེད་པ་ནི་ཁོས་ཁོ་ཆུང་དུས་ནས་དྭ་ཕྲུག་ཡིན་དོན་དང་།   ཁོའི་ཨ་ཕ་སུ་ཡིན་འདྲི་རྒྱུར་དགའ་བ་དེ་ཡིན།   ཁོ་ལ་མི་རིགས་གཞན་པའི་བྱིས་པ་ཚོས་ཤན་ཤུགས་ཐེབས་པས་ཡིན་ཀྱང་སྲིད།   གང་ལྟར།   ང་ལྟ་བུའི་ཞིང་གྲོང་ནས་ནར་སོན་ཞིང་།   གཞི་ནས་གྲོང་ཁྱེར་ནས་འཚོ་དགོས་པའི་ཨ་མ་ཞིག་ལ་མཚོན་ན།   བྱིས་པའི་དུས་སུ་ས་?འི་སྡེར་ཁ་བསྒྲིགས་ནས་ཉིན་གང་བོར་རྩེད་མོར་གཡེང་བ་ལས་རྙོག་འཛིང་ཆེ་བའི་དྲི་བ་གཅིག་ཀྱང་ཡིད་ལ་དྲན་མ་མྱོང་།   མཚམས་ལན་རེར།   དབྱར་གཞུང་གི་དུས་སུ་བེའུ་རྫི་མ་ཐུབ་པར་བེའུ་ཨ་མར་ཁ་འཕྲོད་པར་བྱས་ཚེ་ཨ་མས་སྡིགས་སྡིགས་མྱངས་པས་སེམས་པ་སྐྱིད་པོ་མ་བྱུང་མ་གཏོགས།   ཉིན་གང་བོར་དགོད་སྒྲ་རྐྱང་རྐྱང་ལ་རེ་ནས་ཡོད་སྲིད།   རྒྱུ་མཚན་དེའི་དབང་གིས་ངས་གྲོང་ཁྱེར་ནས་ཆེས་བརྗེད་དུ་མེད་པ་ནི་ཕ་ཡུལ་གྱི་ཡུལ་མི་དེ་དག་ཡིན།   གྲོང་ཁྱེར་གྱི་བོད་པ་ཚོས་ཀྱང་དུས་རྟག་ཏུ་རི་མཐོ་ས་གཙང་གི་ཡུལ་གྲུ་ཞིག་དྲན་གྱི་ཡོད་ངེས།   

 

        ཉིན་གུང་ལ་ཡོལ་ཟིན།   གལ་ཏེ་ཕ་ཡུལ་དུ་གནས་བཅས་ཡོད་ཕྱིན།   ཡུལ་མི་ཚོས་ཟོག་ལུག་དེད་ནས་ཡུལ་ལ་ལོག་རན་འདུག  སུ་རུའི་མེ་ཏོག་གི་ཟེའུ་འབྲུས་ལུག་གཡང་དཀར་གྱི་བལ་ཁ་སྤྲས་པའི་རྣམ་པ་ནི་གྲོང་ཁྱེར་གྱི་འགྱིག་བཟོས་མེ་ཏོག་ལས་ཀྱང་གསོན་ཉམས་ལྡན་ན་ཡང་།   ཡུལ་མི་ཚོའི་མིག་ལམ་དུ་གྲོང་ཁྱེར་ལས་མཛེས་པ་ཞིག་མ་ལྷག ནམ་རྒྱུན་དབྱར་གནང་དགུན་གནང་གི་སྐབས་སུ།   ཕ་ཡུལ་དུ་ལོགས་ཐེངས་རེ་རེར་ཡུལ་མི་ཚོས་གྲོང་ཁྱེར་ཁོ་ན་གླེང་མགོ་བརྩམས་ཏེ་སླར་ཡང་གྲོང་ཁྱེར་ཁོ་ནའི་སྟེང་ནས་མཇུག་སྡུད།   ས་སྲོད་ཀྱི་ཕ་ཡུལ་ནི་ངས་པེ་ཅིན་ནས་ཆེས་བརྗེད་དུ་མེད།  བྱིས་དུས་སུ་བྲག་ཐོ་སྐྱ་རིས་ཀྱི་སྒང་ནས་ལོ་སར་ལ་བྲེལ་བའི་ཡུལ་མི་ཚོར་མིག་སྐྱེལ་བྱེད་པ་ཡང་ཐེངས་གཅིག་ཐེངས་གཉིས་མིན།   བྲག་ཐོ་ཁྲ་རིས་ནི་ཡུལ་མི་ཚོས་དགུན་མཚེར་དུ་གཟས་པའི་ས་གཡང་ཆགས་དེའི་མིང་རེད།   དུས་རྒྱུན་ས་སྲོད་སླེབས་ཐེངས་རེ་རེར།   ངེད་མིང་སྲིང་གསུམ་གྱིས་ཨ་མས་འབྲི་མོ་གཡང་གིས་བཞོ་བའི་བཞོ་དབྱངས་ཉན་བཞིན་སྤྲིན་དཀར་གྱི་རྒྱུ་བག་ལ་བལྟས་པ་ཡིན།    ལ་ལ་ནི་གཡང་དཀར་ལུག་གི་དབྱིབས་དང་།   ལ་ལ་ནི་སེང་གེའི་དབྱིབས།   རི་བོང་བློ་ལྡན་གྱི་དབྱིབས།   སྤྲིན་པ་ལེབ་མོ་དག་ས་སྲོད་ཀྱི་དུས་སུ་མཚམས་སྤྲིན་ལ་ཁེན་ནས་ལྷོ་བྱང་གི་ཕྱོགས་སུ་རྒྱུག་གིན་གདའ།   འདི་དག་ཡིད་ལ་དྲན་ཐེངས་རེར།   ངས་བུ་ཆུང་གི་སྐྲ་ལོ་རྐང་གཅིག་པུ་དེ་གྲོང་ཁྱེར་ནས་དུས་གཏན་དུ་བོར་སོང་བ་ཡིན་ནམ་ཞེས་རང་གིས་རང་ལ་དྲི་བ་ཞིག་འདྲི་དགོས་བྱུང་།   གློ་བུར་དུ་མིག་གིས་ལྟ་ཕྱོགས་ཤིག་ལ།   ངེད་ཀྱི་རླངས་འཁོར་སྡོད་སའི་ཟམ་འོག་དེ་རུ་སོ་མ་གསར་དུ་སྒོ་ཕྱེས་པའི་ཟ་ཁང་ཆུང་ཆུང་ཞིག་ཡོད་པ་མཐོང་།   ཟ་ཁང་དེའི་སྒོ་བྱང་ལ་བོད་ཡིག་གི་ཡིག་འབྲུ་ཆེན་པོ་འགའ་ཐད་ཀྱིས་བཀལ་ཡོད་པ་མཐོང་མ་ཉིད།   སེམས་སུ་རང་དབང་མེད་པར་སྤྲོ་སྣང་ཞིག་གིས་ཁེངས། 

 

        ཨ་མདོའི་ཟས་མཆོག་སྤྲོ་སྐྱིད་གླིང་།  ཞེས་པའི་ཡིག་འབྲུ་འདི་དག་གིས་ང་རང་ཕ་ཡུལ་དུ་ཁྲིད་སོང་བ་ལྟ་བུའི་སྣང་བ་སྟེར།   ངས་ཀྱང་ཅི་ཡིན་འདི་ཡིན་མེད་པར་རླངས་འཁོར་གྱི་བགག་ཟྭ་བསྡམ་དགོས་བྱུང་སོང་།   བུ་ཆུང་ནོར་བུ་བསམ་འགྲུབ་པང་ནས་ཟམ་འོག་གི་ཟ་ཁང་དེའི་ནང་དུ་འཛུལ་པ་ན།     ཟ་ཁང་གི་ཕྱིའི་བཀོད་པ་མཛེས་ཤིང་།   ནང་གི་སྒྲིག་གཞི་ལེགས་པའི་ཡིད་འོང་གི་གླིང་ག་ཞིག་ལས་མ་འདས།   ཟ་ཁང་དེའི་སྒོ་ཆེན་དུ་འཛུལ་མ་ཐག་མི་ཚོགས་ཀྱིས་འཚང་ཁ་རྒྱག་གིན་འདུག་ལ།   མང་ཆེ་བ་ནི་ཕྱི་གླིང་བའི་མགྲོན་པོ་དག་རེད།   དེ་དག་གིས་མིག་རིག་རིག་དང་རྣ་ཅོར་ཅོར་སྒོས་ཟ་ཁང་དེའི་ཕྱི་ནང་གི་སྣོད་ཆས་དག་ལ་ཡ་མཚན་པའི་མདངས་ཀྱིས་བལྟ་བ་ལས།   ནང་བཅུད་ཀྱིས་ཕྱུག་པའི་ཟས་རིགས་ལ་དེ་འདྲའི་སྣང་དོགས་བྱེད་ཀྱི་མེད།   གཡུང་དྲུང་གི་རི་མོ་ཕབ་པའི་ཀོ་ཁུག་ཆུང་ཆུང་ཞིག་ལ་འཁྲེང་ནས་ཡོད་པའི་སིང་ག་ཕོར་གྱི་ཨ་ཅག་སྣ་རིང་མ།   བལ་གྱིས་འཐགས་པའི་མགོ་དཀྲིས་ལ་ཞེན་པའི་ཨ་རིའི་ཨ་ཕོ་སྐྲ་སེར།   ཁོ་པ་ཚོས་གནའ་རྫས་ཞེས་མིག་འཇུར་འཇུར་གྱིས་གནས་དེར་འཁྲེང་ནས་ཡོད།   གནས་དེའི་གདོད་མའི་ཅ་ལག་དེ་དག་བལྟས་ནས་ཧད་འདུག

 

        "ཀོ་ཁུག་ལ་དངུལ་ག་ཚོད་རེད་དམ།" ཨ་ཅག་དེས་འཛུམ་དམུལ་དམུལ་གྱིས་དྲིས།  

 

        "ཀོ་ཁུག་ནི་ནང་དུ་བཤམས་པ་མ་གཏོགས་འཚོང་གི་ཡོད་ས་མ་རེད།"ངས་དེ་སྐད་དུ་ལབ།  

 

        "ངས་ཡང་བསྐྱར་ཚོང་པའི་དབང་དུ་བཏང་ན་སུས་ཀྱང་།  ཉོ་མི་ཐུབ་པའི་རིན་གོང་ཞིག་ཡིན།" ངས་གཟབ་ནན་གྱིས་དེ་སྐད་དུ་ལབ།  

 

        "སུས་ཀྱང་ཉོ་མི་ཐུབ་པའི་རིན་གོང་དེ་ག་འདྲ་ཞིག་ལ་གོ་དགོས།"མོས་དེ་ལྟར་ནན་གྱིས་དྲིས་བྱུང་།  

 

        ངས་འཛམ་གླིང་ན་དངོས་པོ་དེ་གཅིག་པུ་མ་གཏོགས་མེད་པས་རིན་གོང་ག་ཚོད་ཡིན་མིན་སུས་ཀྱང་ཐག་གིས་བཅད་མི་འདུག སའི་གོ་ལ་གཅིག་མ་གཏོགས་མེད།   

        ཅེས་དབྱིན་སྐད་ཁྱ་མ་ཁྱོག་གིས་ལན་བཏབ་པ་ཡིན།   ཨུ་ཚུགས་ཀྱི་དྲིས་ལན་དེ་ནི་ཁོང་ཁྲོ་དང་ཞེ་སྡང་གིས་བསྐྲུན་པའི་སྒམ་ཚིགས་ཤིག་ཏུ་མི་འགྱུར་བའི་ངེས་པ་ནི་གཏན་ནས་མེད།   དཔེ་དེ་འདྲ་ཞིག་བཀོལ་ནས་ཀོ་ཁུག་དེའི་རིན་གོང་ལབ་ཡོང་དུས།   བུད་མེད་དེས་ཀྱང་ཀོ་ཁུག་དེར་རེག་ཙམ་བྱས་ཏེ་ང་དང་རྒྱང་དུ་བཀྱེད་སོང་།  

        ནོར་བུ་བསམ་འགྲུབ་ཀྱིས་ངའི་ལག་པར་ཀློད་ཀྱིན་རྡབ་རྡིབ་ཅིག་ལབ་ཡོང་།   བུད་མེད་དེས་ཟ་ཁང་གི་སྦྱིན་བདག་ལ་ལབ་གླེང་བྱེད་ཀྱིན་པའི་རྣམ་པས་ངའི་གདོང་པ་དམར་པོ་དམར་ནག་ཅིག་ཏུ་ཆགས་པར་བྱེད།   ངའི་དབྱིན་སྐད་ཀྱི་ཆུ་ཚད་ནི་པེ་ཅིན་མཁར་གྱི་བོད་པའི་ཁྱིམ་ཚང་ཞིག་གི་བྲོ་བ་བསྣམས་ནས་ཡོད་པས་ཡིན།   བུ་ཆུང་གི་ལག་པས་ངའི་ཨམ་ཕྲག་གི་ནང་དུ་ཏོག་ཙམ་སློག ཚོད་ཚོད་ལ་དྭ་ཕྲུག་ཁང་གི་བྱིས་པ་ཚོ་དང་མཉམ་དུ་སློབ་གྲྭར་འགྲོ་རྒྱུའི་རེ་བ་བྱེད།   མགོ་བོ་ངའི་བྲང་གཞུང་ལ་བསྔས་ཏེ་སླར་ཡང་གཉིད་ཡོར་ཅིག་བྱེད་འདོད་པ་ཡིན་ནམ་ཅི།   བྱིས་པ་འདིས་ཅི་ཞིག་ལ་བསམ་བློ་གཏོང་གིན་སྐད་ཆ་ཚིག་གཅིག་ཀྱང་མི་ཤོད།   ཏག་ཏག་སྐབས་དེར་ཟ་ཁང་གི་སྦྱིན་བདག་གིས་གདོང་ལ་འཛུམ་ཞིག་ལངས་ནས་ངའི་གམ་དུ་སླེབས་ཡོང་།   ཁོས་གྱོན་པའི་གླང་རྫིའི་དོར་མ་དེ་ཅུང་དོག་དོག་ཅིག་ཏུ་སྣང་ན་ཡང་།   གཟུགས་རིང་སྟོབས་ཆེན་ཞིག་ཡིན་པས་ཕར་བལྟས་ཚོད་ཀྱིས་དེ་འདྲའི་ཚོན་པོ་ཞིག་གི་སྣང་བ་མི་སྟེར།   གསེར་ནག་གི་གདུ་བུ་དེ་ཟམ་འོག་གི་ཟ་ཁང་གི་དགོང་དྲོའི་ཉི་ཐིག་གི་ཀློང་ན་འོད་ལམ་ལམ་བྱེད།   གསེར་གྱིས་ཤན་པའི་སོ་སྒོ་གཉིས་པོ་ནི་ཟ་ཁང་གི་གྲུ་ཟུར་རེ་ནས་ཁྲ་ལམ་ལམ་བྱེད།   འོད་ཡུག་ཡུག་བྱེད་པའི་རྐང་གི་གོ་ལྷམ་ཆ་གཅིག་པོ་དེ་མཐོང་དུས།   ངས་ད་གཟོད་ཚོད་ཚོད་ལ་མུན་ནག་གི་ཁྲོད་ནས་རླུང་ལ་བསྐུར་བའི་སྐྲ་རྐང་ཉག་གཅིག་པོ་དེ་ཡིད་ལ་དྲན་འོང་། 

 

        སྦྱིན་བདག་དེས་ཅི་ཡིན་འདི་ཡིན་མེད་པར།   ངའི་བྲང་གི་ནུ་མར་བསྔས་ཏེ་གཉིད་དུ་ཡུར་བའི་བུ་ཆུང་གི་མགོ་ལ་བྱིལ་བྱིལ་ཐེངས་ཤིག་བྱས་ཡོང་།   ཁོའི་གདོང་གི་རྣམ་འགྱུར་དེས་ང་ལ་སྐྲག་དགོས་པའམ།   དགའ་དགོས་པ་ཡང་མི་ཤེས་པའི་ཚོད་དུ་བསྐྱལ།    ངའི་སེམས་སུ་རྣམ་རྟོག་དང་འཁྲུལ་སྣང་གིས་ཁྱབ་སྟེ་ལུས་ཧྲིལ་བོ་སྤུད་ནས་སོང་།    ཁོས་ངག་འཇམ་པོས"གསར་མོ་ཝུ་ཆང་ཏོག་ཙམ་བཞེས་རོགས" ཞེས་དབུས་སྐད་དང་ཨམ་སྐད་འདྲ་མ་འདྲེས་ཤིག་གིས་ང་ལ་ཆང་ཕོར་གཏད་བྱུང་།   སྐབས་དེར།    ས་རུབ་མེད།   ཟ་ཁང་ནང་གི་ཡར་འགྲོ་མར་འོང་གི་མི་ཚོགས་ཀྱི་ཁྲོད་ནས་ཕར་འགྲོ་ཚུར་འོང་གི་ངོ་གདོང་གྲངས་མེད་ཅིག་ངའི་མིག་ཀོང་ནས་འཛུམ་ཡོང་།   ཚོར་སྣང་ཞིག་ལ་དེའི་ཁྲོད་ཀྱི་ངོ་གདོང་ག་གེ་མོ་ཞིག ངེད་ཀྱི་རྣམ་ཤེས་ལ་འཐིམ་སོང་བ་ནང་བཞིན་འཇིགས་སྣང་ཞིག་སྐྱེས་འོང་།   སྲོད་དུས་ཀྱི་རླུང་བུས་མི་ཚོགས་ཀྱི་ཁ་རླངས་འབྱིན།   དྲོད་མ་འཇམ་གྱིས་རེག་བྱ་ཞིག་གིས་ངའི་སྐྲ་ལོ་བསྒུལ་བྱུང་།   མ་གཞི་དེ་ནི་ཟམ་འོག་གི་གྱང་ངོས་སུ་བཏབ་པའི་འབུ་སྡོམ་ཞིག་ཡིན་འདུག

 

        གློ་བུར།   སྦྱིན་བདག་ཁོ་པ་ངའི་གམ་ནས་ལངས་ཏེ་འཛེམ་དོགས་ཅི་ཡང་མེད་པར་ངའི་སྐྲ་ལོར་རེག་མགོ་བརྩམས།   ངས་སེམས་ནས་ང་བོད་མོ་ཞིག་ཡིན་ཞེས་ལབ་འདོད་ཅིང་།   བྱིས་པ་ཆུང་ཆུང་པང་ནས་གཞན་གྱི་ཟ་ཁང་གི་གྲུ་ཟུར་ཞིག་ནས་གནའ་བོའི་ལོ་རྒྱུས་ཤིག་ལ་ཕྱིར་དྲན་བྱ་རྒྱུ་ལས་ཐབས་གཞན་ཞིག་མ་རྙེད།   ཅུང་ཙམ་འགོར་རྗེས།   གཞོན་ནུ་དེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལག་པ་ངའི་པང་གི་བྱིས་པའི་སྟེང་དུ་བསྲིངས་ནས་ཡོང་།   ཁོས་ཟ་ཁང་གི་ཕྱོགས་ཡར་མར་ལ་བལྟ་ཙམ་བྱས་མ་ཐག དལ་མོར་ངའི་གམ་དུ་ཙོག་སྟེ་སེམས་ཞིབ་མོས"ཁྱེད་ཀྱིས་དོན་དངོས་སུ་གནས་འདི་རུ་སུ་ཞིག་ལ་སྒུག་བཞིན་ཡོད"ཅེས་ཡང་དང་བསྐྱར་དུ་འདྲི།   སྦྱིན་བདག་གཞོན་ནུ་དེས་ཅི་ཞིག་བཤད་འདོད་ཀྱི་འདུན་པ་ཆེ་ན་ཡང་།   ངའི་པང་དུ་གཉིད་དུ་ཡུར་བའི་བུ་ཆུང་གི་གདོང་ལ་བལྟ་ཐེངས་རེ་རེར།   སེམས་ཀྱི་སྐད་ཆ་དེ་ད་གཟོད་ཁོག་ཏུ་མི་མིད་ཀ་མེད་རང་རེད་འདུག  སྦྱིན་བདག་གཞོན་ནུ་དེས་སྐད་ཆའི་བཤད་སྟངས་ནི་བུ་མོ་ལོ་ཆུང་ཞིག་དང་འདྲ་བར་ཟ་རི་ཟི་རེ་བྱས་ནས་ལབ་ཡོང་།   ཕར་བལྟས་ཚོད་ཀྱི་ཨ་མདོའི་འབྲོག་ཁྱིམ་ཞིག་ནས་ཐོན་པ་ལྟ་བུའི་གསར་ཉམས་ཡོད།   མ་བསམ་ས་ནས།   ཕར་སོང་ན་གོམ་པ་ཙག་ཙིག་སྤོ་བ་དང་།   ཚུར་ཡོང་ན་ལག་པས་སྣ་མགོ་རེག་པ།    ད་དུང་གདོང་མདོག་ཀྱང་དམར་པོར་འགྱུར་འགྲོ། ཁྲིགས་ཁྲིགས་མེད་ནས་ཟམ་འོག་ཟ་ཁང་ནས་བྱ་སྤྱོད་དེ་འདྲ་སྤེལ་ནས་གོམས་ལོབས་སུ་སོང་བ་ཡིན་ཀྱང་སྲིད།   གང་ལྟར།   མཚམས་རེར་མིག་གིས་ཚུར་ལ་བལྟ་དུས་གམ་གྱི་བྱ་དངོས་དེ་དག་ཟམ་ཟིམ་དུ་སྣང་བ་ནང་བཞིན་མིག་གིས་ཙམ་མེ་ཙུམ་མེ་བྱེད།   ཁོའི་མིག་མདངས་ལས་ང་ལ་བྱིས་པ་དམར་འབྱར་ཞིག་པང་ནས་འདུག་པ་ལས་ཟ་ཁང་ནས་གླ་བྱས་ན་ཡོང་འབབ་བཟང་རབས་འཆད་ཀྱིན་པ་གཉིས་སུ་མ་མཆིས།  

 

        རེད་དེ།    སིང་ག་ཕོར་ནས་ཡིན་པའི་བུ་མོ་གཞོན་ནུ་མ་དེ་ཕྱིར་སྦྱིན་བདག་ཡོད་སའི་གནས་དེར་སླེབས་ཡོང་།   མོས་ཅི་ཞིག་བོར་སོང་བ་ནང་བཞིན་ཡར་མར་ལ་བལྟ་ཙམ་བལྟ་ཙམ་བྱས་མཐར།   ཡང་བསྐྱར་ཀོ་ཁུག་ཆུང་ཆུང་དེའི་གམ་དུ་ལོག་སོང་།   ཀོ་ཁུག་དེ་ང་བྱིས་པ་ཡིན་དུས་ཨ་མྱེས་ཀྱི་བྲོ་ཁུག་ཡིན་ཟེར་བའི་ཁོ་ཁུག་རྙིང་བ་དེ་དང་འདྲ་བོ་འདུག ཀོ་ཁུག་སྙིང་རྗེ་པོ་དེ་ཡིད་ལ་དྲན་ཐེངས་རེར།   ངས་བྱིས་དུས་ཀྱི་གངས་རི་དང་རྩྭ་ཐང་།   ལུག་ཁྱུ་དང་གཙང་ཆབ།   ད་དུང་རྩྭ་ཐང་གི་སྤོ་བོ་དག་དྲན་ནས་ཡོང་།   ངས་ཀྱང་བེའུ་རྫི་ལ་འགྲོ་དུས་ཐེངས་འགར་བྲོ་ཁུག་བྱས་ནས་རྫི་སར་འཁྱེར་མྱོང་བའི་ཀོ་ཁུག་དེ།   ཕྱིས་སུ་ང་སློབ་གྲྭར་སོང་བ་ནས་བཟུང་།   ཀོ་ཁུག་ཆུང་ཆུང་བོ་དེ་ཡང་མཐོང་རྒྱུ་མེད་སོང་།   ཕལ་ཆེར་གནའ་རྫས་ཉོ་མཁན་གྱི་ཕྱི་གླིང་བ་ཞིག་གི་ལག་ཏུ་ཤོར་སོང་བ་འདྲ།   སིང་ག་ཕོར་ནས་ཡིན་པའི་བུ་མོ་གཞོན་ནུ་མ་དེས་ལག་ཏུ་ཆང་ཕོར་ཞིག་ཐོགས་ཤིང་།   ཅི་ཞིག་ཤེས་འདོད་ཀྱི་མིག་ཟུང་གིས་ཡང་དང་བསྐྱར་དུ་ངའི་གམ་གྱི་སྦྱིན་བདག་གཞོན་ནུ་དེའི་ཕྱོགས་སུ་ཟུར་མདའ་འཕེན།   ཟ་ཁང་གི་གླ་བ་གཞོན་ནུ་མ་དེ་དག་གིས་ཀྱང་འགྲུལ་བ་སྣེ་ལེན་བྱས་པའི་བར་གླགས་རེ་ནས་ང་དང་ངའི་གམ་གྱི་སྦྱིན་བདག་གཞོན་ནུ་དེར་མིག་གི་ཟུར་མདའ་གྲངས་མེད་ཅིག་འཕེན།   མཚམས་རེར་སྒེའུ་ཁུང་གི་དྲ་མའི་ཁར་རུབ་ནས་བལྟས་ཡོང་དུས།   ངའི་སེམས་སུ་གནའ་བོའི་རྒྱ་གར་གྱི་རྣམ་ཐར་འཁྲབ་གཞུང་གི་ཁྲོད་ཀྱི་མི་སྣ་དེ་དག་ཡིད་ལ་ཤར་ཡོང་།   ཁོ་མོ་ཚོས་གཅིག་གིས་རྣ་བར་གཅིག་གིས་བཤད།   ཕྱིས་སུ་ཁ་ཕུ་ཐང་གིས་བཅད་དེ་དགོད་བཞིན་དུ་རང་སར་ལོག

 

        ཟ་ཁང་གི་ཞབས་ཞུ་བ་ཞིག་རྒྱུགས་ཡོང་སྟེ་འཛུམ་གྱི་ལེར་སྦྱིན་བདག་གཞོན་ནུ་དེའི་རྣ་ནང་དུ་ཁ་རོག་གེར་ཅིག་ལབ་ཡོང་།   དེ་ནས་ཅང་མ་འགོར་བར།   ཨ་མྱེས་བགྲེས་པོ་ཞིག་གིས་ཨ་ཡེ་བགྲེས་མོ་ཞིག་བསྐྱོར་ནས་ཟ་ཁང་འདིར་སླེབས་ཡོང་དུས།   ཟ་ཁང་གི་འུར་ཟིང་གི་རྣམ་པ་དེ་རེ་ཞིག་ཞི་ཞིང་དལ་ཅག་གེར།   ཁ་ཁུ་སིམ་མེར།   ཡིན་ཡང་།   ཟམ་འོག་གི་མེ་འཁོར་གྱི་རྐན་སྒྲ་ནི་སྔར་བཞིན་ཞི་འཇགས་མ་བྱུང་།   དུས་གཏན་དུ་དེ་འདྲ་རང་རེད་འདུག  རྒད་པོ་དེ་ཕར་བལྟས་ཚོད་ཀྱིས་བོད་མི་ཡིན་པའི་ཚོར་སྣང་སྟེར།   ཁོས་གམ་གྱི་རྒན་མོ་དེར་རྒྱ་སྐད་རྐྱང་རྐྱང་གིས་ཁ་བརྡ་བྱེད་པའི་ཚུལ་གྱིས་མི་རིགས་གང་ཡིན་ཆ་མ་འཚལ།   རྒན་མོ་དེས་ཀྱང་ཤབ་བེ་ཤོབ་བེ་ཅི་ཞིག་ལབ་ཀྱིན་ཡོད་མོད།   ཚིག་འབྲུ་རེ་རེའི་དོན་ནི་གསལ་བོ་ཞིག་མ་གོ རྒན་རྒོན་གཉིས་ཀྱིས་ཟ་ཁང་གི་འུར་ཟིང་ལ་ཨུ་ཚུགས་ཀྱིས་ལྷིང་འཇགས་ཤིག་བསྐྲུན་སོང་།     དཀར་བོང་བོང་གི་སྐྲ་ལོ།   འཁྱར་འཁྱོར་གྱི་གོམ་འགྲོས།   ཤུར་ཤུར་དུ་ལུས་པའི་གཉེར་རིས།   ལོ་ཟླ་ནི་སྡོང་ལོར་ཟགས་པའི་བརྙན་རིས་ཇི་བཞིན་འདས་སོང་གི་ལམ་བུར་བསྟིམས་ནས་ཡུན་རིང་འདས།   ལམ་རིང་ཐུང་།   ཚེ་རིང་ཐུང་།   རིང་ཐུང་ཞེས་པ་ནི་དོན་དམ་དུ་སུ་ཞིག་གིས་གཏན་ལ་ཕབ་པའི་ཚད་འཇལ་བྱེད་ཅིག་རེད་དམ།  

 

        པེ་ཅིན་གྱི་གནམ་མཐའི་མཚམས་ནས་དུད་སྨུག་གིས་དཀྲིགས་པའི་སྨག་རིམ་སྟུག་པོ་དེ་རིམ་གྱིས་ལམ་འགྲམ་གྱི་གློག་འོད་ཀྱིས་གསལ་བོར་བཏང་སོང་།    ངས་ཀྱང་ཅི་ཡིན་འདི་ཡིན་མེད་པར་གམ་གྱི་སྦྱིན་བདག་གཞོན་ནུ་དེར་ས་རུབ་ཁར་ཟམ་འོག་ཟ་ཁང་དུ་ཡོང་བའི་བགྲེས་སོང་རྒད་པོ་དེའི་གནས་ཚུལ་གླེང་མགོ་བརྩམས་དུས།   གཞོན་ནུ་དེས"མ་བསམ་ས་ནས་ཁྱེད་རང་གསར་འགོད་པ་ཞིག་རེད་མོད།   ཡིན་ཏེ།   ངས་གང་འདོད་དུ་བཅར་འདྲི་དང་ལེན་མི་བྱེད"ཅེས་ཀུ་རེའི་ཚུལ་གྱིས་ལབ།   གཞོན་ནུ་དེས་གློ་ལུད་ཅིག་རྒྱག་ཞོར།   "ཆེད་ལས་ཀྱི་མནར་གཅོད་ཡོད་དམ།" ཞེས་བཤད།   ངས་དགོད་ཞོར་དུ་ངའི་ཆེད་ལས་གསར་འགོད་པ་ཡིན་པ་དེ་བདེན།   ཡིན་རུང་།   གསར་འགོད་ལས་རིགས་གཉེར་ནས་ཡུན་རིང་སོང་མེད།   སྒོས་སུ་ང་ད་དུང་སློབ་མཐར་ཕྱིན་མེད།   གལ་ཏེ།   མ་འོངས་པ་ན་ང་ཐེངས་གཉིས་པར་ཟམ་འོག་ཟ་ཁང་འདིར་གསར་འགྱུར་འགོད་དུ་ཡོང་རྒྱུ་རག་ཚེ།   ངས་ཆེས་ཐོག་མར་འདྲི་འདོད་པ་ཞིག་ནི་ཁྱོད་དང་གཡུང་དྲུང་གི་རི་མོ་ཕབ་པའི་ཀོ་ཁུག་ཆུང་ཆུང་དེའི་བར་གྱི་གསང་བ་ཡིན།   ཡིན་ཡང་།   བགྲེས་སོང་རྒད་པོ་དེ་ངའི་ཨ་མྱེས་དང་འདྲ་བོ་ཡོད་པས་ཚོད་ཚོད་དུ་དྲིས་པ་ཡིན་ཞེས་མགོ་རྔ་འཆོལ་ཏེ་ལབ་དགོས་སོང་། 

  

        གཞོན་ནུ་དེས།  བུ་མོ།  ཁྱེད་ཀྱི་ཨ་མྱེས་གང་ན་ཡོད།  ཅེས་དྲིས་བྱུང་།   

 

        ཡང་ཁོས་ཅུང་མ་རངས་བའི་ཚུལ་གྱིས་ཁ་ལག་པས་བཅད་ནས།   ཕེ་ཕེ་ང་འདི་མི་འདྲི་རྒྱུ་ཞིག་མེད་པར་ཟེར་ཞོར།  སྐད་ཆའི་རྔ་མ་མྱུར་མོའི་སྒོ་ནས་བསྡུས་སོང་།

  

        ངས་སྐྱོན་མི་འདུག   ངའི་ཨ་མས་ང་ལ་ཨ་མྱེས་ནི་ལོ་མང་པོའི་སྔོན་ལ་གཤེགས་ཚར།    ཆུང་དུས་ཀྱི་བག་ཆགས་ཤིག་གིས་བོད་མི་བགྲེས་སོང་རེ་མཐོང་མ་ཉིད།  ངའི་ཁྱིམ་རྒྱུད་ཀྱིས་བོར་ཟིན་པའི་ཨ་མྱེས་དེ་འཚོལ་གྱིན་པ་ཡིད་ལ་དྲན་ཡོང་།

 

 

        གཞོན་ནུ་དེས"འོ་ན་ཁྱེད་ཀྱིས་ད་སོ་མར་ལབ་པའི་སྐད་ཆ་དེ་ཧུ་ཧུ……"དགོད་བཞིན་དུ་སྐད་ཆའི་མཇུག་བསྐྱངས།  

 

        ངས"འོ།  རེད།  ཨ་མས་རྒྱུན་དུ་སྡེ་བའི་ནང་གི་རྒད་པོ་ཞིག་ངའི་ཨ་མྱེས་དང་ཨ་ན་མ་ན་རེད་ཅེས་ལབ་པས་ཡིན།" ཞེས་ལན་གླན་པ་ཡིན།  

 

        དེ་ནས་གཞོན་ནུ་དེས་ཡུན་རིང་ཞིག་ལ་བསམ་བློ་བཏང་མཐར།   དྲང་མོར་བཤད་ན་ང་ཡང་པེ་ཅིན་ནས་ནར་སོན་པ་མིན།   སློབ་ཆེན་ལོ་རིམ་གསུམ་པ་འདོན་བཞིན་པའི་སྐབས་དེར།   ཁྱིམ་གྱི་ཨ་མ་ཁོ་ནའི་ཡོང་འབབ་ལ་ཁེན་ནས་སློབ་མཐར་ཕྱིན་རྒྱུའི་རེ་བ་མ་བྱས་པར་ཟམ་འོག་འདི་ནས་གླ་བྱས་པ་ཡིན།   ལོ་རེའི་དབྱར་དགུན་གནང་གི་སྐབས་སུ་ད་གཟོད་ཕ་ཡུལ་དུ་ལོག་པ་ཡིན།   ཁོས་ད་དུང་བཟི་མ་གཏམ་གྱིས་སྙན་ངག་པ་འབྲོང་གི་སྙན་ཚིག་ཅིག་བློ་ལ་གྱེར་ཡོང་།  ང་ཕ་ཡུལ་ན་ཡོད་དུས།   ཕ་ཡུལ་ཧ་ཅང་ཆུང་།   ཕྱིར་ཕ་ཡུལ་ལ་བལྟ་དུས་ཕ་ཡུལ་ཧ་ཅང་ཆེ……།  ཁོས་ད་དུང་བགྲེས་སོང་རྒད་པོ་དེ་ནི་ཉེ་ས་ནས་ཡར་དེད་ན་ས་སྐྱ་མགྲོན་མགོན་འཕགས་པ་པེ་ཅིན་དུ་སླེབས་པའི་རྗེས་ཀྱི་ལོ་ངོ་དུ་མའི་ཁྲོད།  ལོ་རྒྱུས་སུ་བོད་པ་སྐོར་ཞིག་པེ་ཅིན་དུ་ཐོན་པ་ཡོད་པ་གསལ།   དེ་ནས་བཟུང་རྒད་པོ་བགྲེས་སོང་གན་ཚང་གི་ཁྱིམ་རྒྱུད་ཀྱིས་པེ་ཅིན་གྱི་ཤར་ལམ་འདི་ནས་དུས་གཏན་དུ་གནས་ཡོང་རབས་ལབ་ཡོང་།   རིང་ས་ནས་ཡར་དེད་ན་རྒད་པོ་དེ་བོད་བཙན་པོའི་སྐབས་ཀྱི་དམག་གི་རྒྱུད་པ་ཡིན་རབས་སོགས་ལུང་བ་གང་ལབ་ཡོང་དུས།   ངས་ཀྱང་ས་རུབ་ཁ་འདིར།   ཟམ་འོག་ཟ་ཁང་གི་མི་ཚོགས་ཀྱི་འཚང་ཀའི་དབུས་ནས་ས་སྐྱ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱི་ཐང་ག་ཞིག་ལས་ཅི་ཡང་དྲན་གྱི་མི་འདུག 

 

        ས་སྲོད་དེར།   ཁ་དཔེར་བདུད་རྩི་ཆང་གིས་བཟི་ན་དྭངས་ཐབས་ཡོད་ལ།   བརྩེ་དུང་འོ་མས་བཟི་ན་དྭངས་ཐབས་མེད་ཅེས་པའི་དཔེ་ལྟར་རྒད་པོ་བགྲེས་སོང་དེས་ཀྱང་བུ་མོ་གཞོན་ནུ་མ་ཞིག་ལ་འཐམས་ནས་ཝུ་ཆང་བཞེས་མགོ་བརྩམས་བྱུང་།   རྒད་པོ་དེའི་གདོང་གི་གཉེར་མས་ཐད་ཀྱིས་གཤགས་ཤིང་།   ཁ་ཡི་གཉེར་མས་ཐུར་དུ་གཤགས་ཡོད་ན་ཡང་།   མཚན་མོའི་དུས་སུ་གཞོན་ནུ་ཞིག་དང་འདྲ་བར་རོལ་དབྱངས་དང་སྙིང་གཏམ་མ་ཡིན་པའི་སྙིང་གཏམ་གང་དེའི་སྤྲོ་སྐྱིད་ཀྱི་ཀློང་ན་ཚེ་མཇུག་གི་སྤྲོ་སྐྱིད་རོལ་ནས་ཡོད།   དགོད་བྲོའི་ཟློས་གར་གླིང་གི་བུད་མེད་གཞོན་ནུ་མ་དེ་དག་དང་མཉམ་དུ་ཟམ་འོག་གི་འདུ་འཛིར་གནས་བཅས་ནས་ཡོད།    ངའི་མིག་གི་ལྟ་ཕྱོགས་ཤིག་ལ།   གཡུང་དྲུང་གི་རི་མོ་ཕབ་པའི་ཀོ་ཁུག་དེ་མཐོང་རྒྱུ་མི་འདུག ངའི་གམ་གྱི་གཞོན་ནུ་དེ་ཡང་ཕལ་ཆེར་བཟི་ཡོད་པ་འདྲ།   ངས་ཁ་རོག་གེར་ཀོ་ཁུག་དེ་མི་འདུག་ཅེས་ལབ་དུས།   གཞོན་ནུ་དེས་ངའི་པང་གི་བུ་ཆུང་གི་གཉིད་དཀྲོགས་པར་དོགས།    སྐད་དམའ་མོས་ཉིན་འགའི་སྔོན་ལ་ཀོ་ཁུག་དེ་ཕྱི་གླིང་གི་བུ་མོ་ཞིག་ལ་བཙོངས་ཡོད།   དེ་རིང་གི་དུས་ཚོད་འདི་ཀོ་ཁུག་དེ་ཡ་གླིང་གི་གྲོང་ཁྱེར་ཞིག་ནས་བཤམས་པའི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན།   ཡང་གཅིག་བཤད་ན།   ཀོ་ཁུག་དེ་བོད་ཡུལ་ནས་འཚོ་བའི་ཚེ་མཇུག་གི་ཉིན་མོ་ཡིན།  

 

        གཞོན་ནུ་དེ་བཟི་འདུག  ཆང་ཕོར་ཆག་འདུག ཆག་གྲུམ་ཤོར་བའི་ཤེལ་ཟེགས་ཀྱིས་ལུས་པོར་རྨ་ཁ་དོད་འདུག ཁྲག་ཙ་ར་ར།   མིག་ཆུ་ཤ་ར་ར།   ང་སྐྲག་ནས་འདར་སིག་སིག་བྱེད།   ངའི་པང་གི་བྱིས་པས་སྔུར་བ་འཐེན་གྱིན་འདུག 

 

        ཁོས"ཀོ་ཁུག་དེ་ཁོའི་ཕ་དྲིན་ཆེན་པོ་དེ་ཉི་མ་ལྷ་སར་ཇོ་བོར་མཇལ་སྐབས་ལམ་ནས་རྙེད་པ་ཡིན"ཞེས་བཤད།  

 

        གཞོན་ནུ་དེས་ལག་པ་གཡས་གཡོན་གཉིས་ཀར་ཆང་དམ་ཆ་གཅིག་ཐོགས་ཤིང་།   མཚམས་རེར་ཤུབ་ཤུབ་ཏུ་ངུས་ཡོང་།   ཡང་མཚམས་མཚམས་སུ་ལྷུག་ལྷུག་ཏུ་དགོད།   ཁོས་མིག་བཙུམ་ནས་ཅི་ཡང་མི་བཤད་ལ།   ཡང་ཅི་ཞིག་གིས་དྲན་པ་སློང་གིན་པ་དང་འདྲ་བར་ཝུ་ཆང་དམ་བེ་དེ་ཧབ་ཀྱིས་འཐུང་བཞིན་ཕ་ཡུལ་དྲན་རབས་སྐད།   ཁོས་པེ་ཅིན་ནས་ཁྱིམ་ཚང་ཞིག་ཏུ་གནས་བཅས་ཡོད་རབས་དང་།   བྱིས་པས་ཕ་སྐད་མི་ཤེས་རབས་ལབ་ཡོང་།   གང་ལྟར།   སྡོད་ཀྱིན་སྡོད་ཀྱིན་ཁོ་བཟི་སོང་།   བཟི་ནས་རབ་བེ་རོབ་བེ་ཞིག་ཏུ་ཆགས་ཤིང་།   ཁོས་པེ་ཅིན་ནས་ཁ་བ་འབབ་ཐེངས་ཉུང་བའི་ཁར་ཁ་ཐག་རིང་བའི་ཕ་ཡུལ་དྲན་རབས་སོགས་མང་པོ་ལབ་ཡོང་།   ལམ་ཐག་ཅི་འདྲ་རིང་ན་ཡང་པེ་ཅིན་དུ་ཡོང་མཁན་གྱི་བོད་པ་ལོ་རེ་ནས་ལོ་རེར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་སྐད་འདུག ཟམ་འོག་ཟ་ཁང་དང་ཁ་བྲལ་མ་མྱོང་བའི་ངའི་ཡུམ་ཆེན་དང་།   ས་འོག་ལྕགས་ལམ་གྱི་མི་ཚོགས་ཀྱི་ཁྲོད་ན་ཚོད་ཚོད་ལ་བཟི་ནས་བོད་སྐད་བོར་སོང་བའི་ངའི་ཕ་ཡར།   ད་དུང"ཨ་མདོའི་ཟས་མཆོག་སྤྲོ་སྐྱིད་གླིང་།"ཞེས་པའི་ཡིག་འབྲི་འདི་དག་གི་དྲིན་གྱིས་གསོས་པའི་ཞོ་ལོག་པ།  (ཞོ་ལོག་པ་ནི་ཨ་མདོའི་ལུང་སྐད་བྱེ་བྲག་པ་ཞིག་སྟེ།   སློབ་གྲྭ་ནས་སློབ་མཐར་མ་ཕྱིན་པར་ལོག་པའི་སློབ་མ) ཡིན་ཡང་།   ཁོ་རང་ཚོའི་ཁྲོད་ན་ཅི་ཡང་འགྲུབ་ཀྱིན་མེད་པར་ཕྱིར་ལོག་མཁན་ཡང་མ་བྱུང་ཞེས་ཀི་རིང་ཞིག་བཏབས་བྱུང་།   ཏག་ཏག་ཨག་སྐད་དེས་ངའི་པང་གི་བུ་ཆུང་ཡང་གཉིད་ལས་དཀྲོགས་བྱུང་། 

 

        ས་རུབ་ལ་ཉེ།   བུ་ཆུང་གི་ཨ་ཕས་ཁ་པར་སླེབས་མ་སོང་།   པེ་ཅིན་གྱི་གྲོང་མི་ཚོ་ཁྱིམ་དུ་ལོག་རྒྱུའི་སྟ་གོན་ལ་བྲེལ་མགོ་བརྩམས་བྱུང་།   མེ་འཁོར་གྱི་རྐན་སྒྲ་ཡང་ཇེ་གསལ་ནས་ཇེ་གསལ་རེད།   ཁོར་ར་ཁོར་ཡུག་ཀུན་ཏུ་འུར་སྒྲ་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར་ནས་རིམ་བཞིན་ཟང་ཟིང་ཞིག་ཏུ་གྱུར་སོང་།   ཟ་ཁང་གི་མགྲོན་པོ་ཚོས་ཀྱང་བྷི་རག་བཞེས་མགོ་བརྩམས་བྱུང་།   སྦྱིན་བདག་གཞོན་ནུ་དེས་ཟ་ཁང་གི་ཞབས་ཞུ་མཁན།   བུད་མེད་ལོ་ཆུང་ཞིག་དང་འགྲོགས་ཏེ་ཟ་ཁང་གི་ཟུར་ཞིག་ནས་མཐོང་རྒྱུ་མ་བྱུང་།   ཟ་ཁང་གི་སྒྲོན་འོག་གི་གྲིབ་གཟུགས་འོག་ནས་སྦྱིན་བདག་གཞོན་ནུ་དེའི་ལག་པ་ཡ་གཅིག་མངོན་འདུག ལག་པ་ཡ་གཅིག་པོ་དེ་ཡུན་རིང་ཞིག་ལ་གྲིབ་གཟུགས་དེའི་འོག་ནས་ཡལ་རྒྱུ་ཞིག་མ་བྱུང་།   ཟ་ཁང་གི་འགྲུལ་བ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་ཨ་རག་ལ་རོལ་བྱུང་།   གཞོན་ནུ་ལོ་ཆུང་ཞིག་གི་ཨག་སྐད་དང་གསར་མོ་ལོ་ཆུང་ཞིག་གི་ངུ་སྐད་གཞི་གཅིག་ཏུ་འདྲེས་ཏེ་ཐ་མར་ཟ་ཁང་ཧྲིལ་བོ་འུར་ཟིང་སེ་བཏང་སོང་།   ངའི་པང་གི་བྱིས་པས་ཀྱང་གཉིད་མ་སད་ཀྱིས་ཨ་མ་ཞེས་ཐེངས་ཆ་གཅིག་ལ་བོས་རྗེས་སླར་ཡང་གཉིད་དུ་ལོག་སོང་།  

 

        ཉིན་འདི་དག་གི་རིང་ལ།   ས་རུབ་རྗེས་པེ་ཅིན་ལ་གློག་ཆད་པའི་གོམས་སྲོལ་ཞིག་ཆགས་འདུག ཟམ་འོག་འདི་ནས་ངས་སྒུག་ནས་ཡུན་རིང་ཕྱིན་ཀྱང་།   འཚོལ་གྱིན་པའི་མི་དེ་སླེབས་རྒྱུ་མ་བྱུང་།   གློ་བུར་དུ་ཟམ་འོག་འདིར་གློག་ཆད་སོང་།   མུན་ནག་གི་ཁྲོད་ནས་ཅི་ཡང་མཐོང་རྒྱུ་མ་བྱུང་།   ཟམ་འོག་གི་མེ་འཁོར་གྱི་ཚོགས་ནི་སྔར་བཞིན་ལྡི་རུ་རུ་མདུན་ནས་མདུན་དུ་སྐྱོད་ཀྱིན་གདའ།    དྭ་ཕྲུག་ཁང་གི་བྱིས་པ་ཚོའི་དགོད་སྒྲ་མི་ཐོས་པས་ཡིན་ནམ་ཅི།   མཚན་མོ་དེར།   ནོར་བུ་བསམ་འགྲུབ་ཀྱིས་ངའི་པང་ནས་ལྷུག་ལྷུག་ཏུ་དགོད་ཀྱིན་འདུག  ཡུལ་མི་ཚོའི་བཤད་རྒྱུན་ལྟར་ན་བྱིས་པ་རློན་ནུའི་དུས་སུ་བགད་པ་དེར་ལྷ་དགོད་བྱེད་ཀྱིན་འདུག་ཟེར།   ཡང་མཚམས་རེ་རེ་དངན་པ་འཐེན་པ་ལས་རྒྱ་སྐད་ཀྱི་བྱིས་གླུ་ཐན་ཐུན་དེ་དག་ལེན་རྒྱུའི་རེ་བ་ཅི་ཡང་མི་བྱེད།   ནམ་རྒྱུན་ཡིན་ན།   ང་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་པའི་ལམ་ཁར་བུ་ཆུང་གིས་དྭ་ཕྲུག་ཁང་གི་རྒྱ་སྒོ་བརྒྱུད་ནས་བསླབས་པའི་བྱིས་གླུ་དེ་དག་ཡིད་ལ་འཇགས་ཅི་ཐུབ་ལ་བརྩོན་སྲིད།   ཡིན་ཀྱང་།   དོ་ནུབ་བྱིས་པ་འདིས་ཅི་ལ་ཡང་རེ་བ་མི་བྱེད་པར་གཉིད་ནས་བསྡད་འདུག སྨག་ནག་པའི་མཚན་མོ་དེར་ངའི་ལག་པ་ནས་འཇུས་ཏེ་ཅིས་ཀྱང་མ་གློད།   ངའི་སྣང་བ་ཞིག་ལག་པ་ནས་འཇུ་ཐེངས་རེར་ཇེ་དམ་ནས་ཇེ་དམ་དུ་གྱུར།   ས་རུབ་ཁར་ནོར་བུ་བསམ་འགྲུབ་ཀྱིས་མིག་ཕྱེས་ཏེ་ཨ་མ་འུ་གཉིས་ཀྱིས་དོན་དངོས་སུ་ལ་སྒུག་གིན་ཡོད་ཅེས་ཡང་དང་བསྐྱར་དུ་དྲིས་ན་ཡང་ངས་ཅི་ཡང་ལབ་རྒྱུ་མ་བྱུང་།   རྒྱུ་མཚན་ས་རུབ་ཁར་ཟམ་འོག་ཟ་ཁང་གི་སྦྱིན་བདག་དེས་སླར་ཡང་ངེད་མ་བུ་གཉིས་ཀྱི་རྗེས་སྙེགས་ཀྱིན་འདུག ཁོས་གོམ་ཆུང་འགའ་ངའི་རྗེས་སུ་སྤོ་ཞོར་ཟ་ཁང་གི་གླ་བ་བྱ་རྒྱུའི་བསམ་ཚུལ་འདྲི།   ས་རུབ་ཁར།   ངའི་ཞེ་ལ་ཐོགས་པ་ཞིག་ནི་སིང་ག་ཕོར་ནས་ཡིན་པའི་གཞོན་ནུ་མ་དེ་ཡིན།   ཟ་ཁང་གི་སྒོར་བུད་དེ་ཟམ་འོག་ནས་ལམ་ལ་ཆས་གྲབས་ཡོད་དུས།   གཞོན་ནུ་མ་དེ་སྔ་མོ་ནས་ཟ་ཁང་གི་སྦྱིན་བདག་གཞོན་ནུ་དེར་འགྲོགས་ནས་གཡུང་དྲུང་གི་རི་མོ་ཕབ་པའི་ཀོ་ཁུག་དེར་རེག་གིན་འདུག དེ་ནས་ཅུང་ཙམ་འགོར་རྗེས་གློག་ཆད་སོང་།   གློ་རྡེག་ཅིག་ལ།   ངའི་མིག་ལམ་ནས་ཕྱི་གླིང་གི་བུ་མོ་དེ་བོར་སོང་།   དེ་དང་ཆབས་ཅིག་གཡུང་དྲུང་གི་རི་མོ་ཕབ་པའི་ཟམ་འོག་ཟ་ཁང་གི་ཀོ་ཁུག་དེ་ཡང་མི་སྣང་བར་གྱུར།   དེ་ལོས་ཡིན།   མ་གཞི་ནས་ས་རུབ་འདུག གློག་ཀྱང་ཆད་སོང་།   ངས་ཁ་རོག་གིས་ནོར་བུ་བསམ་འགྲུབ་ལ་ས་རུབ་རྗེས།   ཁྱོད་སད་དགོས།  ཨ་ཕ་ཡོང་རྒྱུ་རེད།   ཅེས་ལབ་ན་ཡང་བྱིས་པ་འདིས་ནམ་མཁར་བལྟ་བ་ལས་ངས་བཤད་པའི་སྐད་ཆ་དེར་ཡེ་ནས་ཨ་ལན་མ་སྟེར།  

 

        དོན་དངོས་སུ་ངས་བརྡ་འཕྲིན་ཞིག་ལ་སྒུག་གིན་ཡོད།   ཆག་གྲུམ་ཤོར་བའི་བར་ནད་འཕྲིན་ཞིག་ལ་སྒུག་གིན་ཡོད།   གཟའ་ལྷག་པའི་དགོང་མོར།   སྐར་ཆ་ཁ་ཤས་ཀྱིས་ཆུ་ཚོད་བཅུ་པ་རུ་ཐོན་མི་འདུག  ང་དགོང་ཚོགས་གྲོལ་ནས་ཁྱིམ་དུ་ལོག་ལ་ཉེ་དུས།   ཨ་རི་ནས་བརྡ་འཕྲིན་ཞིག་འབྱོར་འོང་།   བརྡ་འཕྲིན་དུ་མ་གསང་དྲང་མོར་བཤད་ན།   ལོ་ངོ་འདི་དག་གི་རིང་ལ་ངས་ཁྱེད་མ་བུ་གཉིས་ཀྱི་འཚོ་བའི་ཐད་དུ་སེམས་ཁུར་བྱས་ནས་བསྡད་ཡོད།   ལྷག་དོན་ཉིན་འདི་དག་གི་རིང་ལ་བུ་ཆུང་ཡང་རྨི་ལམ་དུ་འཁོར་ནས་ཡོང་།    ངས་ཁྱེད་ལ་རེ་བ་ཞུ་རྒྱུ་ཞིག་ལ།   ད་ཐེངས་ཀྱི་གཟའ་མཇུག་ལ་ཁྱོད་ངེད་ཀྱི་ཀུང་ཟི་ཡི་ཚབ་བྱས་ཏེ་ཀྲུང་གོ་ནས་ཚོགས་འདུ་ཞིག་ལ་ཞུགས་དགོས་པས་ཞོར་དུ་བུ་ཆུང་ལ་ཅིག་བལྟ་རྒྱུ་བྱུང་ན་བསམ།   ད་དུང་ཁྱོད་ཀྱང་སེམས་ནས་དྲན་གྱི་འདུག དུས་ཚོད་གཟའ་ཉི་མའི་ཉིན།   ས་གནས་གསར་དུ་སྒོ་ཕྱེས་པའི་པེ་ཅིན་བརྒྱད་གཅིག་ལམ་གྱི་ཟམ་འོག་ཟ་ཁང་ནས་སྒུག  གཅིག་བྱས་ན་བྱང་ལྷོ་མའི་གནམ་གྲུ་འབབ་ཐང་ཡིན་ན་ཐང་།   གང་ལྟར།   ངས་ནོར་བུ་བསམ་འགྲུབ་རིག་འདོད་ཆེ།  སྐབས་དེར་འབྲེལ་བ་བྱེད་ཡོང་།  ཞེས་བྲིས་འདུག 

 

ངས་དུས་ཚོད་ཡུན་རིང་ཞིག་ལ་སྒུག་ཀྱང་།   ཁ་པར་ལ་སྔར་བཞིན་གྲགས་འགུལ་ཅི་ཡང་མེད།   ངའི་པང་ན་གཉིད་དུ་ཡུར་བའི་བུ་ཆུང་གི་སྔུར་སྒྲ་དེ་རེ་འཇགས་རེ་ལངས་ཀྱིས་ཡོང་དུས།   རླབས་ཀྱིས་བཏེགས་པའི་ཆུ་རིས་ཞིག་ཉི་ཟེར་གྱིས་སྤྲས་པ་ཇི་བཞིན་ངེད་ཀྱི་མིག་ལམ་ནས་འོད་དུ་འཚེར།   ཕྱིས་སུ་སྙིང་ཉེ་བའི་སྔུར་སྒྲ་དེ་མེ་འཁོར་གྱི་རྐན་སྒྲས་ཡོངས་སུ་གཡོགས་ཏེ་ཅི་ཡང་མི་མཐོང་ཞིང་ཅི་ཡང་མི་ཐོས་པར་བྱེད།   བྱིས་པ་ཆུང་ཆུང་འདི་ནམ་རྒྱུན་ཡིན་ན་ཤིན་ཏུ་པྲ་ཚག་ཅིག་ཡིན་མོད།   ཟམ་འོག་ཟ་ཁང་ནས་ཁོས་ཀྱང་སུ་ཞིག་ལ་སྒུག་གིན་པ་ནང་བཞིན་ཁ་རོག་གེར་ངའི་པང་ནས་ཉལ་འདུག  མཚམས་རེར་ཁོའི་གདོང་ལ་དགོད་ཁ་        ཤོར་ཞིང་།   ཡང་མཚམས་རེར་གདོང་གི་སྨིན་མ་སྡུད་ཅིང་ངོ་མདངས་མི་ལེགས་པར་གྱུར།

  

        ཟླ་འོད་མེད་པས་ཟམ་འོག་གི་ཟ་ཁང་འདི་ནས་ངས་ཅི་ཡང་མི་མཐོང་།   ཟ་ཁང་གི་ཁང་མིག་རེ་རེ་ནས་ཞག་སྒྲོན་གྱི་འོད་མདངས་གསལ་ལ་མི་གསལ་བ་ཞིག་བཀར་ཡོང་།   ངས་ཁ་ཕྱིར་འཁོར་ནས་བལྟ་དུས་ཁང་མིག་ཅིག་གི་དྲ་མའི་གྲིབ་གཟུགས་འོག་ན་མི་ཞིག་ད་དུང་ལངས་ནས་བསྡད་འདུག མུན་ནག་པའི་ཁར་ཟམ་འོག་ཅིག་ཏུ་གནས་པས་གསལ་བོ་ཞིག་ཡེ་ནས་མི་མཐོང་།   ཡིན་ཡང་།   སྒེའུ་ཁུང་ཞག་སྒྲོན་གྱི་འོད་མདངས་ལས་རྒན་མོ་བགྲེས་སོང་མ་དེ་ཡིན་པའི་ཚོར་བ་ཞིག་མིག་དབང་གིས་དྲུད་དུ་བདེན་གྲུབ་དུ་སྣང་སོང་།   མོས་བྱུ་རུའི་ཕྲ་རྒྱན་བཏབ་པའི་སྐྲ་འཛེར་དེ་སྒེའུ་ཁང་གི་སྒྲོན་འོད་ཀྱི་འོག་ནས་འོད་ལམ་ལམ་བྱེད།   ལོ་ན་བགྲེས་ན་ཡང་བོད་པའི་བོད་མོའི་གདོད་མའི་ཉམས་དེ་སྔར་བཞིན་ཡོད།   མཚན་མོ་དེར།   ངས་བུ་ཆུང་པང་ནས་སྒེའུ་ཁང་གི་གམ་ནས་ནང་དུ་བལྟ་དུས།   རྒན་མོ་དེས་ཞག་སྒྲོན་གྱི་འོད་ལ་ཁེན་ནས་མ་ཎི་ཡིག་དྲུག་གི་རས་བྲིས་ཤིག་གཙགས་ཀྱིན་འདུག མོའི་ངོ་གདོང་སྡུག་གིས་མནར་ཞིང་མེ་འཁོར་གྱི་རྐན་སྒྲ་གློ་བུར་དུ་གྲགས་ཐེངས་རེར།   མོས་ཡིད་ཙམ་ལ་ངལ་གསོ་ཡི་འདུག  ཅུང་ཙམ་གྱི་རྗེས་སུ།   ཁབ་སྐུད་གཅིག་རེ་གཅིག་རེ་བྱས་ནས་མོའི་ལས་དོན་དེ་འགྲུབ་ཅི་ཐུབ་ལ་འབད་ཀྱིན་འདུག ངས་རང་གིས་རང་ལ་ཀོ་ཁུག་ཆུང་ཆུང་བོ་དེ་ཡང་ཨ་ཡེ་རྒན་མོས་བཟོས་པ་ཡིན་ཐག་ཆོད་རེད་ཅེས་ཆིག་ལབ་ཅིག་ཁ་ནས་དབང་མེད་དུ་ཤོར།    མོས་གཙགས་པའི་མ་ཎི་ཡིག་དྲུག་གི་གཙགས་དྲུབ་ཀྱི་ལས་དོན་དེ།   ཉམ་ཐག་པའི་ཞག་སྒྲོན་ཞིག་ལ་ཁེན་ནས་མོའི་ཆེས་དུངས་པའི་ལྷ་དམ་པ་དེའི་མདུན་དུ་འཁྲིད་འགྲོ་བ་ནང་བཞིན་གསོལ་བ་འདེབས་ཀྱིན་འདུག  ཟམ་འོག་ཟ་ཁང་གི་ལྷིང་འཇགས་ཀྱི་བར་གསེང་དེ་དག་སྤྱད་ནས་དད་པའི་མཐུ་སྟོབས་དེ་མ་ཎི་ཡིག་དྲུག་གི་དབྱངས་རྟ་ལ་བརྒྱུས་ནས་གྲོང་ཁྱེར་གྱི་འཚོ་བའི་ཟང་ཟིང་ལ་གུ་ཡངས་ཐེངས་ཤིག་བཏང་བ་ཡིན་ཀྱང་སྲིད།   རྒན་མོ་དེས་རྒས་གཉེར་གྱིས་བཏུམ་པའི་ཕྱག་ཟུང་གིས་མ་ཎི་གཙགས་མ་དེ་ལ་ཡང་ཡང་རེག  སྒྲོན་འོད་ཀྱི་འོག་ནས་མོས་ཁབ་སྐུད་དེ་དག་གཅིག་རེ་གཅིག་རེ་བྱས་ནས་བརྒྱུས་བྱུང་།   མོས་ལུས་ཧྲིལ་བོར་ཁེབས་པའི་གོན་པ་ཞིག་གྱོན་ཡོད་ལ།   ལྭ་བ་དེ་ཡང་མོའི་ལུས་པོར་མི་མཛའ་རྒྱུ་ཡང་མི་འདུག  རྐང་ལ་གྲོང་ཁྱེར་གྱི་རྒྱ་མི་ལོ་ལོན་ཚོས་གྱོན་པའི་རས་ལྷམ་ནག་པོ་ཆ་གཅིག་གྱོན་འདུག  ཡུལ་མི་ཚོས་ལྷམ་དེ་ལ་ཀློའུ་གྱད་ཟེར།   དེ་ནི་ཕ་ཡུལ་གྱི་བཤད་སྟངས་ཤིག་སྟེ་མི་ལོ་ལོན་ན་སེམས་བྱིས་པའི་སེམས་ལྟ་བུ་ཞིག་ཏུ་འགྱུར།  རླུང་གིས་སྐྱོམས་པའི་སྒྲོན་མེའི་འོད་ཀྱིས་མཚམས་རེར་མོའི་དྲན་ངོས་སུ་སྐྱོ་གདུང་གི་རི་མོ་ཞིག་འབེབ་ཀྱིན་འདུག  ནམ་རྒྱུན་ཡང་དེ་འདྲ་ཡིན།   མོས་སྣང་དོགས་ཅི་ཡང་མེད་པར་མགོ་བོ་སྒུར་སྒུར་གྱིས་ཡིག་དྲུག་གི་རི་མོ་དེ་རས་ངོས་སུ་གཙགས་ཅི་ཐུབ་བྱེད།   ཞགས་སྒྲོན་གྱི་འོད་སྣང་ལ་འཁེན་པའི་ཟམ་འོག་ཟ་ཁང་གི་ཁང་མིག་ཆུང་ཆུང་དེ་མ་གཏོགས།   གྲོང་ཁྱེར་ཧྲིལ་བོ་མུན་ནག་ཅིག་གིས་བཏུམས་ནས་ཅི་ཡང་མཐོང་རྒྱུ་མི་འདུག དཀར་མེའི་མེ་ལྕེ་དེ་དྲ་མར་རྒྱུ་བའི་རླུང་བུ་ལྡོམ་པོ་རེ་རེ་ཡིས་བསྐྱོམས་དུས།   ང་ནི་ཚོད་ཚོད་ལ་གྲང་འདུར་ཞིག་བརྒྱབ་ཡོང་།   ཁོར་ར་ཁོར་ཡུག་ཐམས་ཅད་སྔར་བཞིན་ལྷིང་འཇགས་གེར།   ཅི་ཡང་ཐོས་རྒྱུ་མི་འདུག 

 

        མཚམས་མཚམས་སུ་རླུང་གི་རྒྱུ་ཕྱོགས་ཤིག་གིས་ས་འོག་ལྕགས་ལམ་གྱི་མི་ཚོགས་ཀྱིས་ཆོབ་སྒྲའི་ཟུར་ཙམ་ཞིག་ཐོས་ཡོང་།   སངས་རྒྱས་ལ་སྐྱབས་བསུ་མཆིའོ།  །ཆོས་ལ་སྐྱབས་བསུ་མཆིའོ།  །དགེ་འདུན་ལ་སྐྱབས་བསུ་མཆིའོ།  །ཞེས་སྐྱབས་འགྲོ་ཚར་གཅིག་ཟམ་འོག་གི་དབྱང་དབུགས་ལ་ཐོགས་ནས་ག་ལེར་ངའི་རྣ་ལམ་ཐོན་ཡོང་།   རེད།   མ་གཞི་རྒན་མོ་དེས་ཁ་ནས་མ་ཎི་བཟློས་བྱུང་།   ངས་རྣ་བ་བླགས་ནས་ཉན་པ་ན་ཡང་ཅི་ཡང་མ་ཐོས།   འོན་ཀྱང་།   མུན་ནག་གི་ཁྲོད་ནས་སྐྱབས་འགྲོ་ཚར་གཅིག་པུ་དེ་ངའི་རྣ་ལམ་ནས་ཡུན་རིང་ཞིག་ལ་གྲགས་ཀྱིན་འདུག ངས་པང་གི་བྱིས་པ་དེ་དམ་པོར་བསྡམས་ནས་ཡང་བསྐྱར་སྒེའུ་ཁུང་གི་དྲ་མའི་གམ་དུ་བཅར་ནས་ཞིབ་ཏུ་བལྟས་པ་ན།   རྒན་མོ་དེས་གམ་གྱི་འགྱིག་ཤིང་གི་ཅོག་ཙེ་རྙིང་བ་དེར་བསྔས་ནས་གཉིད་ལྕོག་རྒྱག་གིན་འདུག ཞགས་སྒྲོན་དེ་ཡང་མཚན་གུང་གི་རླུང་བུས་བསྐྱོམས་ཏེ་སྟོབས་ཤུགས་མེད་པ་ཞིག་ཏུ་བཏང་ཚར།   བགྲེས་སོང་རྒན་མོ་དེའི་མིག་ཀོང་དུ་འཁྱིལ་བའི་མཆི་མའི་ཐིག་པ་དེ་ས་ལ་ཟགས་ནས་ཚག……ཚག……ཚག་ཅེས་སྒྲ་ཞིག་རྒྱུན་མི་ཆད།  

 

        གཟིམ་ལ་ཉེ་བའི་ཞག་སྒྲོན་རྐང་གཅིག་པོ་དེས་མོའི་གདོང་ལ་དྲོད་ཁོལ་ཞིག་བསྐྱིལ་ཡོད་ན་ཡང་།   མོས་ཕལ་ཆེར་རེ་བ་དང་ཡིད་ཆེས་ཅི་ཡང་མེད་པར་ལེ་བདའ་དང་འཁང་ར་ཞིག་གི་ངང་ནས་གཉིད་སོང་བ་ལྟ་བུའི་ཚོར་སྣང་ཞིག་ངང་གིས་སྟེར་ཡོང་།   མ་གཞི་འཇིག་རྟེན་འདི་བརྩེ་དུང་དང་རེ་སྨོན་གྱི་གྲུབ་པ་ཞིག་ཡིན་ནམ།   འགྱོད་གདུང་དང་འཁང་ར་ཡིས་གྲུབ་པ་ཞིག་ཡིན་ནམ།   གང་ལྟར།   རླུང་བུ་གྲང་མོ་ཞིག་གིས་ངའི་ཕྱི་ནང་གཉིས་ཀ་འཁྱགས་ཤུར་ཤུར་ཞིག་ཏུ་བཏང་སོང་།   ནོར་བུ་བསམ་འགྲུབ་ཀྱིས་རྐང་ལག་འགུལ་ཙམ་འགུལ་ཙམ་གྱིས་སླར་ཡང་མགོ་བོ་ངའི་བྲང་གཞུང་དུ་བསྔས་ནས་དངན་པ་ཐན་ཐུན་ཞིག་ཐེན་བྱུང་།   མཚན་མོ་དེར།   ངའི་སེམས་སུ་རང་དབང་མེད་པར་མུན་ནག་གི་ཁྲོད་ནས་མི་ཞིག་གིས་ང་འཚོལ་གྱིན་པའི་གོམ་སྒྲ་ཐོས་ཤིང་།   ངས་ཀྱང་དམིགས་ཡུལ་ཅི་ཡང་མེད་པར་མི་ཞིག་ལ་སྒུག་འདུག་པའི་ཚོར་སྣང་སྐྱེས་ཡོང་།  

 

        ཟམ་འོག་དེ་ནས་ངས་ཅི་ལྟར་སྒུག་ཀྱང་མི་ཞིག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་།   ངས་ཀྱང་ཟམ་འོག་ཟ་ཁང་གི་ཁང་མིག་ཅིག་གི་གྱང་ངོས་སུ་རྒྱབ་གཏད་དེ་ནམ་ལངས་རྒྱུར་རེ་བ་བྱས་པ་ཡིན།   སྒུག་སྒུག་པའི་མཐར་སྐྱ་མདའ་འགྱོགས་ལ་ཉེ་དུས།   ང་གཞི་ནས་གཉིད་དུ་ཤོར་ནས་ནམ་ལངས་པ་ཡང་མ་ཤེས།   གཉིད་ལས་སད་དུས་ངས་ཟམ་འོག་ཟ་ཁང་གི་ཁང་མིག་ཅིག་ཏུ་བུ་ཆུང་རུམ་ནས་ཉལ་འདུག ནོར་བུ་བསམ་འགྲུབ་ཀྱིས་ངའི་བྲང་གཞུང་ལ་ཐོད་པ་བཞག་ནས་ལག་པས་ངའི་སྐེ་ཡི་སྲུང་འཁོར་དེར་རེག་གིན་འདུག ངས་མྱུར་དུ་མགོ་བོ་ཡར་བཀྱགས་ནས་གཡས་ལྟ་གཡོན་ལྟ་ཞིག་བྱས་པ་ན།   ཟ་ཁང་གི་ཨ་ཡེ་རྒན་མོ་དེ་སྔ་མོ་ནས་མལ་ལས་ལངས་ཏེ་ཟམ་འོག་མི་ཚོགས་ལ་འགྲོ་ལམ་འཕྱག་གིན་འདུག  མདངས་དགོང་གྲོང་ཁྱེར་ལ་ཁ་བ་བབས་འདུག 

 

        ནོར་བུ་བསམ་འགྲུབ་ཀྱིས་ཅི་ཞིག་མཐོང་སོང་བ་ནང་བཞིན་སྒོའི་ཕྱི་རོལ་ཏུ་རྒྱུགས་ནས་སོང་།   ཁོས་གངས་མི་ཞིག་བཟོས།   ཨ་ཡེ་རྒན་མོ་དེ་ཡང་བྱིས་པ་བསམ་མེད་ཅིག་དང་འདྲ་བར་ནོར་བུ་བསམ་འགྲུབ་དང་ལྷན་དུ་གངས་མི་དེའི་གམ་ནས་ཡར་རྒྱུགས་མར་རྒྱུགས་བྱེད།   མོས་དཀའ་སྣང་ཅི་ཡང་མེད་པར་ལག་ཏུ་ཕྱགས་མ་བཟུང་ནས་གངས་མི་དེ་ལ་མིག་དོད་ཅིང་།  དེ་ནས་རིམ་བཞིན་ཁ་སོགས་དོན་ལྔ་སྣོད་དྲུག་ཚང་མ་བཟོས་སོང་།   སླད་མར་ཅི་ཡང་འཛོམས་པའི་ཁ་བའི་བུ་མོ་ཆུང་ཆུང་ཞིག་ཏུ་ཆགས།   གངས་མི་བུ་མོ་དེར་མོས་སྐུད་པ་ནག་ནག་གི་སྐྲ་ལོ་ཞིག་བཏགས་ཤིང་།   མོའི་བྱུ་རུའི་སྐྲ་འཛེར་དེ་ཡང་ཁངས་མི་བུ་མོ་ཆུང་ཆུང་དེའི་སྐྲ་གསེང་དུ་འཛེར་བྱུང་།   ནོར་བུ་བསམ་འགྲུབ་ཀྱང་རྒན་མོ་དེ་དང་ལྷན་དུ་ཞོགས་པའི་ཁ་བའི་ཀློང་ནས་ཕྱིར་ལོག་མ་བྱུང་།  

 

        ཟམ་འོག་ཟ་ཁང་གི་ཕར་འགྲོ་ཚུར་འོང་གི་མི་ཚོགས་ཀྱིས་འཆར་ཀའི་ཁ་བའི་ཀློང་ན་འདུར་རྒྱུགས་རྒོད་པའི་རྒན་མོ་དེར་ལྟ་ཙམ་བྱེད།   སྤྱིར་གྲོང་ཁྱེར་ནས་ལོ་ལོན་ཚོར་སྔ་མོ་མལ་ལས་ལངས་པའི་གོམས་སྲོལ་ཞིག་ཆགས་ཡོད་ན་ཡང་།   དེ་དག་གིས་ནི་སྤྱི་གླིང་གང་ཞིག་ཏུ་ཆས་པར་བྲེལ་བ་ལས་རང་ཁྱིམ་ནས་འདུག་པའི་སྲོལ་ཞིག་ཕལ་ཆེར་ཆགས་མེད་པ་འདྲ།   སྒེའུ་ཁུང་ནས་ཕྱི་ལ་བལྟས་ན་ཁ་བའི་འཇིག་རྟེན་ཞིག་གིས་གྲོང་ཁྱེར་གྱི་ཁང་བརྩེགས་མནན་ནས་ཡོད་ཅིང་།   ལམ་འགྲམ་གྱི་ས་ལ་ལྷུང་བའི་ལོ་མ་སེར་པོ་དེ་དག་གི་སྟེང་དུ་ཞོགས་པའི་ཉེ་ཟེར་གྱི་འོད་མདངས་གླན་རྗེས།   ཟིལ་ཆུའི་ཐིགས་པས་གསེར་མདོག་གི་ལོ་མ་སྦངས་ནས་ནེམ་ནེམ་ཞིག་ཏུ་བཏང་འདུག  བུ་ཆུང་།   པེ་ཅིན་ནས་བབས་པའི་ཁ་བ་ང་རང་ཚོའི་ཚེ་བླ་སྲོག་གསུམ་ལ་འཐིམ་ནས་ཞུ་སོང་རུང་།   ང་རང་ཚོ་ཁ་བའི་ནང་དུ་འཐིམ་ནས་ཞུ་མི་རུང་།  རྒན་མོ་དེས་དེ་སྐད་ལབ་བྱུང་། 

  

        ཨ་ཡེ།   ཁྱོད་ངུ་དོན་ཅི་ཡིན།  ནོར་བུ་བསམ་འགྲུབ་ཀྱིས་དེ་ལྟར་ལབ།  

 

        པེ་ཅིན་ནས་ཁ་བ་བབས་ན་ལོ་ལོན་ཚོས་མིག་ཆུ་ཤོར་ཡོང་།  ཞེས་ལབ།  

 

        འོ།    རྒྱ་སྐད་བོད་སྐད་འདྲེས་མས་ཁ་བའི་ཁྲོད་ཀྱི་རྐང་རྗེས་བརྩི་ཞོར་བཤད་རྒྱུར།  ཉི་མས་ཁ་བ་མ་ཞུ་ཚེ།  ངས་ཨ་ཡེ་དང་མཉམ་དུ་དུས་གཏན་ཏུ་གངས་མི་བཟོས་ཆོག  ཅེས་བཤད། 

 

        རྒན་མོ་དེས་རླུང་གིས་འཁུར་ཡོང་བའི་ལོ་མ་ལྡོམ་པོ་ཞིག་ཕྱགས་མས་མནན་བྱུང་།   མོས་སྟོན་རླུང་གིས་བདས་ཡོང་བའི་ལོ་མ་དེ་ལག་ཏུ་བཟུང་ནས་སྟེང་གི་ཤུར་མོ་དེ་དག་གི་གྲངས་ཀ་བགྲངས།   ཨ་ཡེ་དེས"གཅིག……གཉིས……གསུམ……"ཞེས་རྩིས་ཡོང་དུས།   ནོར་བུ་བསམ་འགྲུབ་ཀྱིས་ཀྱང་ཨ་མ་རྒན་མོ་དེའི་རྗེས་མཐུད་དེ་གསལ་ཞིང་དག་པའི་སྒོ་ནས"གཅིག……གཉིས……གསུམ"ཞེས་བརྩིས་བྱུང་།   དེ་ནས་རིམ་བཞིན་རླུང་བུ་འཇགས་ཤིང་།   ཉི་འོད་ཀྱང་ཟམ་འོག་ཟ་ཁང་གི་གྱང་ངོས་རེ་རེར་འོད་ལམ་ལམ་གྱིས་འཕྲོས་འོང་།   རྒན་མོ་དེས་ཀྱང་ག་ལེར་གངས་མི་བུ་མོ་ཆུང་ཆུང་དེའི་སྐྲ་གསེང་ནས་བྱུ་རུ་སྐྲ་འཛེར་དེ་བླངས་ཏེ་རང་ཉིད་ཀྱི་སྐྲ་གསེང་དུ་བཙུགས་སོང་།   རྒན་མོ་དེས་རྒྱབ་གཟུགས་ཞོགས་པའི་ཉི་འོད་ལ་གཏད་ནས་ཡུད་ཙམ་ལ་ངལ་གསོས།   ཉི་འོད་ཀྱི་ཀློང་ནས་དངུལ་གྱིས་ཤན་པའི་བྱུ་རུའི་སྐྲ་འཛེར་དེ་འོད་ལམ་ལམ་བྱེད་ལ།   མཚམས་རེར་ཉི་འོད་ལྡོག་འཕྲོ་བྱས་ཏེ་ང་ཡོད་སའི་ཁང་མིག་དེའི་དྲ་མའི་ནང་དུ་བརྒྱབ་ནས་ངའི་མིག་ཀྱང་གཙེ་བར་བྱེད།  

 

        དེ་ནས་ཅང་མ་འགོར་བར་སྦྱིན་བདག་གཞོན་ནུ་དེས་ཀྱང་སྲིང་བལ་གྱི་ལྭ་རིང་ཞིག་ལ་གཡང་ཤམ་བྱས་ཏེ།   ཟམ་འོག་ཟ་ཁང་གི་ཁང་མིག་ག་གེ་མོ་ཞིག་ནས་ཐོན་ཡོང་།   ཁོའི་སྐྲ་ལོ་གཟེངས་ཤིང་།   མིག་ཡ་གཅིག་ཕྱེས་ཤིང་མིག་ཡ་གཅིག་བཙུམ་ནས་སྒོར་བུད་བྱུང་།   སྟོན་མཇུག་གི་རིང་ལ་དུབ་པའི་མཚན་ལྗོངས་ཤིག་ཕར་ལ་བསྐྱེལ་བས་ཡིན་ནམ་ཅི།   ཁོས་ཀླད་སྒྱིང་ཐེངས་འགའ་བྱས་རྗེས།   སྣ་གླུ་ཐན་ཐུན་ཞིག་ལེན་བཞིན་གང་ཞིག་ཏུ་འཛུལ་སོང་བ་ནང་བཞིན་ངས་ཅི་ཡང་མི་མཐོང་བར་གྱུར།   གཞོན་ནུ་དེ་ཡང་གཡུང་དྲུང་གི་རི་མོ་ཕབ་པའི་ཟམ་འོག་ཟ་ཁང་གི་ཀོ་ཁུག་དེ་ནང་བཞིན་རིམ་བཞིན་རབ་རིབ་ཅིག་ཏུ་གྱུར་ནས་ཕྱིས་སུ་ཅིས་ཀྱང་མཐོང་རྒྱུ་མ་བྱུང་།

 

        རེད།   དྲ་མའི་ངོས་སུ་རང་གི་ཁ་རླངས་བརྒྱབ་ནས་མི་མཐོང་བར་བྱས་སོང་མ་གཏོགས།   གཞོན་ནུ་དེ་བོར་བ་མ་རེད།   རྒྱའི་དཔེ་ཆོས་སུ"སྨུག་ཀློང་ནས་མེ་ཏོག་ལ་བལྟ་བ"ཞེས་པའི་དཔེ་ཇི་བཞིན་ངས་ཁ་བའི་ཁྲོད་ནས་མི་ཞིག་གི་རྒྱབ་གཟུགས་བོར་ཅིང་།   མི་དེས་ཀྱང་ཁ་བའི་ཀློང་ནས་མི་གཞན་ཞིག་གི་རྒྱབ་གཟུགས་བོར་སོང་བ་ནང་བཞིན་ཅི་ཞིག་འཚོལ་གྱིན་ཡོད།   བཙལ་ནས་རྙེད་ཀྱི་མི་འདུག 

 

        ངས་དྲ་མའི་ངོས་ཀྱི་རླངས་པ་ཕྱིས་ནས་ཞིབ་ཏུ་བལྟས་པ་ན་ཟ་ཁང་གི་གྲུ་ཟུར་ཞིག་ན་བགྲེས་སོང་རྒད་པོ་དེས་རླུང་བུས་བསུབ་ལ་ཉེ་བའི་རྐང་རྗེས་ཕྱེད་ཙམ་ཞིག་ལ་མཛུབ་མོས་བསྟན་ནས་ཅི་ཞིག་འཆད་ཀྱིན་ཡོད།   རྒན་མོ་དེས་བགྲེས་སོང་རྒད་པོ་དེའི་རྐང་རྗེས་སྙེགས་ཀྱིན་པའི་ཚུལ་ནི་ཞིང་གྲོང་གི་བྱིས་པ་ཚོས་བདའ་རེས་བདའ་མ་རྩེད་པའི་རྣམ་པ་དང་ཇི་འདྲའི་མཚུངས་ཨང་།   ཡིན་ཏེ།   སྦྱིན་བདག་གཞོན་ནུ་དེས་ཟམ་འོག་ཟ་ཁང་གི་མི་ཚོགས་ཀྱི་འདུ་འཛི་ལ་མིག་ཟུར་ཙམ་ཡང་མི་བལྟ་བར་ཨ་ཡེ་རྒན་མོ་དེས་རྐང་རྗེས་སྙེགས་ནས་བུད་འགྲོ ནོར་བུ་བསམ་འགྲུབ་ཀྱིས་མགོ་སྒུར་སྒུར་གྱིས་ཟ་ཁང་གི་སྦྱིན་བདག་གཞོན་ནུ་དེའི་རྐང་རྗེས་དེད་ནས་མུག་མུག་ཏུ་ཅི་ཞིག་འཚོལ་གྱི་ཡོད།   དེ་ནི་ཕ་ཡུལ་ནས་ར་ལུག་རི་ལ་འདེད་པའི་རྣམ་པ་དང་ཇི་འདྲའི་མཚུངས་ཨང་།   སེམས་ནས་རྒན་རྒོན་ལོ་ལོན་འདི་གཉིས་དང་གཞོན་ནུ་དེའི་བར་དུ་གསང་བ་ཅི་ཞིག་སྦས་ཡོད་དམ།   དེ་མིན་ད་དུང་ནོར་བུ་བསམ་འགྲུབ་ལྟ་བུའི་བྱིས་པ་བསམ་མེད་ཅིག་གིས་ཁ་བའི་ཁྲོད་ནས་མི་ཆེན་དེ་དག་གི་རྐང་རྗེས་སྙེགས་དོན་ཡང་སྙིང་ཅི་ཡིན་ནམ།   ཟམ་འོག་ཟ་ཁང་གི་ཕྱི་ནང་ཀུན་ཏུ་དེ་འདྲའི་འདུ་འཛིས་དབེན་ཡང་།   ཞོགས་པ་དེར་ཁ་བའི་འདབ་མའི་གསེང་ན་བསུབ་ལ་ཁད་དུ་ཡོད་པའི་རྐང་རྗེས་དེ་དག་འཚོལ་དོན་ཅི་ཡིན་ནམ།   འདི་ལྟར་ངས་སྒེའུ་ཁུང་གི་དྲ་མའི་ངོས་སུ་ཆགས་པའི་ཁ་རླངས་དེ་འབྱིད་ཞོར་མང་པོ་ཞིག་ལ་བློས་བསླངས་བྱས་མགོ་བརྩམས་སོང་།   ཁྲི་ཁྲི་འབུམ་འབུམ་གྱིས་དྲི་བས་ངའི་ལུས་སེམས་དུབ་པར་བྱེད།  

 

    "གཞོན་ནུ་མ་ཞིག་གི་རྐང་རྗེས་ཡེ།   མིན།   མོ་མདང་དགོང་བཟི་ནས་བསྡད་ཡོད་ཡ།" ཞེས་སྦྱིན་བདག་གཞོན་ནུ་དེས་ལག་འདོག་ཆུ་ཚོད་དེར་བལྟ་ཞོར་སྐད་ཆ་དེ་ལབ་བྱུང་།   ཁ་བའི་ཁྲོད་ནས་གཞོན་ནུ་དེར་ཨ་ལན་སྟེར་མཁན་མ་བྱུང་།   ཐ་མར་ཁོས་ཀྱང་མགོ་བོ་བསྒུར་ནས་སླར་ཡང་ཅི་ཞིག་འཚོལ་བཞིན་འདུག 

 

        ཏག་ཏག་སྐབས་དེར་ངའི་སེམས་སུ་གཡུང་དྲུང་གི་རི་མོ་ཕབ་པའི་ཀོ་ཁུག་དེ་ཡིད་ལ་དྲན་འོང་།   རང་གིས་རང་ལ་ཁོ་ཐག་ཀོ་ཁུག་དེ་བོར་སོང་རྒྱུ་རེད།   དེ་ག་ལ་ཡིན།   མདང་ནུབ་གཞོན་ནུ་དེས་ལབ་པའི་སྐད་ཆ་དེ་དག་གློག་བརྙན་བཞིན་དུ་ཡིད་ལ་ཤར་ཡོང་དུས།   ཀོ་ཁུག་དེ་ཕ་མེས་ཡང་མེས་ཀྱི་རིང་ལ།   ཡང་གཅིག་བཤད་ན་ས་སྐྱ་འགྲོ་མགོན་འཕགས་པ་མཆོག་པེ་ཅིན་དུ་ཕེབས་པའི་སྐབས་སུ་ལམ་ནས་བྲོ་ཁ་སྡུད་བྱེད་དེ་ཡིན་ཞེས་བཤད་ཚུལ་ཞིག་ཀྱང་མཆིས།   ཁོས་ད་དུང་སེམས་རྣལ་དུ་ཕབ་ནས་སྐད་ཆ་འདི་འདྲ་ཞིག་ལབ་སོང་།   ཀོ་ཁུག་དེ་རྟ་ཀོ་ཡིས་བཟོས་པ་ཡིན་རབས།   རྟ་ཀོ་དེ་རྟ་རྐྱང་དམར་ཞིག་གི་ཀོ་བ་ཡིན་རབས།   དེ་ནི་ཁོང་རིན་པོ་ཆེས་སོག་ཡིག་གསར་གཏོད་མ་གནངས་གོང་།   དེའི་ཡར་སྔོན་ཡིན་རབས།   ཁྱིམ་དེའི་ལོ་ལོན་ཚོའི་ངག་རྒྱུན་ནས་བརྒྱུད་པའི་བཤད་ཚུལ་ཞིག་ལ་ཀོ་ཁུག་དེ་རྗེ་ས་པཎ་རིན་པོ་ཆེ་ནས་ཁྱིམ་འདི་ལ་གཡང་རྟེན་དུ་བཞག་རབས།   གང་ལྟར།   ཀོ་ཁུག་དེ་ལོ་རྒྱུས་ཀྱི་ཀོ་ཁུག་ཅིག་ཏུ་ངོས་འཛིན་གྱིན་ཡོད་རབས་སོགས་མང་པོ་མང་པོ་ཞིག་ལབ་སོང་།   སྦྱིན་བདག་གཞོན་ནུ་དེས་ཆང་དམ་གྱི་རྐུབ་ཐོ་ས་ཐོག་ཏུ་ལན་འགའ་གླན་ཞོར་དངན་པ་ཞིག་ཐེན་ནས་ཡུད་ཙམ་ལ་སྐད་ཆ་ཅི་ཡང་མ་བཤད།   གཞོན་ནུ་དེས་མུ་མཐུད་དུ་སྐད་ཆའི་མཇུག་བསྐྱངས་ན་འདོད་ཀྱིན་པ་འདྲ་མོད།   ངའི་པང་གི་བུ་ཆུང་ནོར་བུ་བསམ་འགྲུབ་ཀྱིས་ཀྱང་ཨ་མ་ཨ་མ་ཞེས་ངུས་བྱུང་།  བྱིས་པ་ཆུང་ཆུང་ཞིག་གི་ངུ་སྐད་ལ་རྐྱེན་བྱས་ཏེ་གཞོན་ནུ་དེས་ཀྱང་མུན་ནག་གི་ཁྲོད་ནས་སྐད་ཆའི་མཇུག་བསྐྱང་རྒྱུ་མ་བྱུང་།   བྲེལ་བྲེལ་འཚུབ་འཚུབ་ཀྱིས་སྐད་ཆའི་མཇུག་བསྡུས་སོང་།   ཁོས་སྐད་ཆ་བཤད་མཚམས་མ་བཞག་གོང་ལ་ཟམ་འོག་ཟ་ཁང་གི་ཕྱོགས་ཀྱི་ཡར་མར་ཅིག་མིག་བལྟས་ཐེངས་ཤིག་རྗེས་སླར་ཡང་ཁ་རོག་ཁ་རོག་གིས་བགྲེས་སོང་རྒད་པོ་དེས་རིན་ཐང་གིས་ཟགས་པའི་ཀོ་ཁུག་དེ་གཞོན་ནུ་མ་ཞིག་ལ་བཙོངས་ཚར།   ཁོས་ད་དུང་ཁ་ཕྱིར་འཁོར་ནས་གཞོན་ནུ་མ་དེ་སྐྲ་སེར་མ་ཞིག་རེད་འདུག་ཅེས་ནན་གྱིས་ཡང་བཤད་བསྐྱར་བཤད་ལན་འགའ་བྱས་སོང་།   ཡིན་རུང་།   མཚན་མོ་དེར་ནོར་བུ་བསམ་འགྲུབ་ཀྱིས་ངའི་པང་ནས་པྲ་ཚག་གིས་ཟ་ཁང་གི་སྦྱིན་བདག་གཞོན་ནུ་དེའི་སྐད་ཆ་དེ་དག་སེམས་ཀྱི་གཏིང་དང་ཤ་རུས་ཀྱི་སྦྲིབས་ཤིག་ཏུ་ཟུག་པར་བགེགས་སོང་།  དེ་ཡང་ཁྲིགས་ཁྲིགས་མེད་ན་འཇིག་རྟེན་གྱི་ཨ་མ་ཞིག་གིས་རང་གི་བུ་ཕྲུག་ལ་བཟུང་བའི་བརྩེ་འདང་དེ་ལན་སོང་བས་ཡིན་ཀྱང་སྲིད།  ཡིན་ན་ཡང་།   སྐད་ཆ་དེ་དག་གི་ཁྲོད་ནས་ཐ་མར་ངའི་དྲན་པའི་ངོས་སུ་འཇགས་པ་ནི་ཟམ་འོག་ཟ་ཁང་ན་སྟེང་དུ་གཡུང་དྲུང་གི་རི་མོ་ཆ་གཅིག་ཕབ་ཡོད་པའི་ཀོ་ཁུག་ཆུང་ཆུང་དེ་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་བོར་སོང་བ་ཞིག་ལས་ཅི་ཡང་མ་མཆིས།  སྣང་ཞིང་སྟོང་སྟོང་འདྲ་བའི་ཀོ་ཁུག སྟོང་ཞིང་སྣང་སྣང་འདྲ་བའི་ཀོ་ཁུག་ཅིག་ངའི་མིག་ལམ་ནས་གར་སོང་ཆ་མེད་དུ་གྱུར་སོང་།  

 

        ཞོགས་པ་དེར།   ཁ་བའི་ཁྲོད་ན་གྲལ་འགྲིག་པའི་རྐང་རྗེས་འཚོལ་མཁན་གྱི་རྒན་རྒོན་གཉིས་ཀ ཟ་ཁང་སྦྱིན་བདག་གཞོན་ནུ་ཞིག ད་དུང་ངའི་བུ་ཆུང་ནོར་བུ་བསམ་འགྲུབ།   དེ་དག་ནི་ཕ་ཡུལ་གྱི་རྐང་ལམ་དེད་ནས་བཤར་སོང་བའི་ཡུ་མོ་ཁྱུ་གཅིག་དང་གཉིས་སུ་མ་མཆིས།   ཁོ་རང་ཚོས་ཞོགས་པ་དེར་ལེ་བདའ་དང་འཁང་ར་ཅི་ཡང་མེད་པར་རང་རང་གི་ས་ན་དོན་ངོ་མར་ཅི་ཞིག་འཚོལ་གྱིན་ཡོད།   ཟམ་འོག་ཟ་ཁང་གི་ཕྱི་ནང་གང་རུང་ཞིག་ཏུ་དངོས་གནས་རུས་འཁོན་ཅན་གྱི་གདུང་རྒྱུད་ཅིག་ལྷག་ཡོད་དམ།   ངས་མང་པོ་ཞིག་བསམ་བློ་གཏོང་མགོ་བརྩམས་དུས།   སྟོན་རླུང་གིས་འཁུར་བའི་ཁ་བའི་མེ་ཏོག་ཅིག་དྲ་མའི་སྒང་གི་མེ་ཏོག་གི་རྫ་བུམ་དེར་ལྷུང་སོང་།   ཕལ་ཆེར་གྲོང་ཁྱེར་གློག་གྲྭས་གློག་བཏང་བྱུང་བ་འདྲ།   པེ་ཅིན་མཁར་གྱི་ཁང་རྙིང་དེ་དག་ནས་དུད་སྤྲིན་འཕྱུར་ཞིང་ལམ་འགྲམ་གྱི་ས་ལ་ཟགས་པའི་ཇ་ཤིང་ལོ་མ་དག་ཀྱང་སྟོན་རླུང་གིས་བདས་ཏེ་བར་སྣང་ཞིག་ཏུ་བསྐྱོད་སོང་།   སྲང་གི་མི་ཚོགས་ཀྱི་གོམ་སྟབས་ཀྱང་ཇེ་མྱུར་ནས་ཇེ་མྱུར་དུ་ཕྱིན་ཅིང་།   ལམ་འགྲམ་གྱི་རླངས་འཁོར་གྱི་ཚོགས་ཀྱི་དུང་སྒྲ་ཡང་ཇེ་གསལ་ནས་ཇེ་གསལ་དུ་གྱུར།   ཟམ་འོག་གི་ཟ་ཁང་ཡང་རིམ་བཞིན་འགྲོ་འོང་གི་ཁྲོད་ནས་སླར་ཡང་འདུ་འཛི་ཡི་གནས་སུ་བཅས་བྱུང་།  

 

        གློ་བུར་ནོར་བུ་བསམ་འགྲུབ་ཀྱིས་ཅི་ཞིག་རྟོགས་སོང་བ་ཇི་བཞིན་ངའི་གམ་དུ་རྒྱུགས་ཡོང་།   ཁོས་དཀར་པོར་གྱུར་བའི་སྐྲ་རྐང་ཉག་མ་གཅིག་ལག་ཏུ་ཐོགས་ནས་ཨ་མ་ཁྱེད་ཀྱིས་བོར་སོང་བ་དེ་འདི་ཡིན་ནམ་ཞེས་དྲིས།   

ཅོང་བརྡ་གྲགས་བྱུང་།   ཅོང་བརྡ་གྲགས་མ་ཐག་ཏུ་སློབ་གྲོགས་ཚང་མ་ཤོབ་དིར་སེ་བགད་བྱུང་།   དགེ་རྒན་གྱིས་སྐད་ཆ་ཆེས་རྗེས་མ་དེ་ད་དུང་བཤད་ཚར་མི་འདུག་མོད།   འོན་ཀྱང་།    ནམ་རྒྱུན་དང་མི་འདྲ་བར་སློབ་གྲོགས་ཚོས་བྲེལ་བྲེལ་འཚབ་འཚུབ་ཀྱིས་སློབ་ཁང་གཞན་ཞིག་ཏུ་གནས་སྤོར་བྱེད་ཀྱིན་འདུག ངས་གཉིད་མ་སད་ཀྱིས་སློབ་གྲོགས་ཚོའི་དགོད་སྒྲ་མ་གཏོགས་ཅི་ཡང་མ་ཐོས།   ཅོང་བརྡ་དེ་མ་གཞི་སློབ་ཚན་གྲོལ་བའི་ཅོང་བརྡ་རེད།   ངའི་རྒྱབ་ཕྱོགས་ཀྱི་སློབ་གྲོགས་ཤིག་གིས་རྒན་དཔལ་མོས་སློབ་ཁྲིད་སྟེང་དུ་ཁྱོད་ལ་ཐེངས་དུ་མར་བོས་ཀྱང་ཁྱོད་ཀྱིས་ཨ་ལན་མ་བྱུང་ཞེས་ལབ་ཡོང་དུས།   ངའི་སེམས་སུ་ད་གཟོད་སློབ་ཁྲིད་གཉིས་ཙམ་ལ་རང་ཉིད་གཉིད་དུ་ཡུར་བ་ཚོར།   གཉིད་གོང་དུ་ངས་རྨི་ལམ་འཁྲིགས་པས་ལན་པ་ཡིན་ནམ་ཅི།   ནམ་རྒྱུན་ངས་སློབ་ཁྲིད་སྐབས་སུ་རྣམ་རིག་ཅི་འདྲ་བསྒྲིམས་ན་ཡང་ཐང་ཆད་པའི་སྣང་བ་ཞིག་སྐྱེས་མ་མྱོང་།   རྨི་ལམ་དུ་པེ་ཅིན་གྱི་ཤར་ལམ་བརྒྱད་པ་ཟེར་བ་ཞིག་ཀྱང་རྨིས།  ཤར་ལམ་དེ་དང་ཐག་མི་རིང་བའི་ས་ན་ཟམ་འོག་ཟ་ཁང་ཞིག་ཡོད།   གནས་དེ་རུ་ངས་ཚོད་ཚོད་ལ་སུ་ཞིག་གིས་བསྐུར་ཡོང་བའི་བརྡ་འཕྲིན་དེར་སྒུག་དགོས་བྱུང་སོང་།   ཡང་སེམས་པའི་གཏིང་རིམ་ཞིག་ན་མི་ཞིག་གིས་ཟམ་འོག་གནས་དེ་རུ་ང་འཚོལ་གྱིན་ཡོད་པ་མ་ཡིན་པར་ངའི་རྨི་ལམ་གྱི་བྱིས་པ་དེ་འཚོལ་བཞིན་འདུག་པའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་སོང་།  

 

        ང་སློབ་ཁང་གི་སྐས་ཐེམ་ནས་མར་འབབ་སྐབས་རྣ་ལམ་དུ་བྱིས་པ་ཞིག་གི་འབོད་སྐད་ཐོས་བྱུང་།  སྙིང་དུ་སྡུག་པའི་བྱིས་པའི་འབོད་སྒྲ་དེའི་ཁྲོད་ནས་ངས་ཡིད་དུ་འོང་བའི་ཨ་མ་ཞེས་པའི་ཚིག་འབྲུ་དེ་གཉིས་རྙེད།   ག་ལེར་རང་སེམས་ནང་དུ་བཀུགས་ནས་ཕྱིར་འདང་ཞིག་རྒྱག་དུས་ཁ་ནས་ད་དུང་ནོར་བུ་བསམ་འགྲུབ་ཅེས་ཟློ་བཞིན་མཆིས།

  

        ནོར་བུ་བསམ་འགྲུབ།  ངའི་རྨི་ལམ་ནང་གི་བུ་ཆུང་།   ཁ་བའི་ཀློང་ནས་ཅིག་བཙལ་བཙལ་བའི་མཐའ་མར་དཀར་པོ་གྱུར་བའི་སྐྲ་རྐང་ཉག་གཅིག་ཁྱེར་ནས་རྒྱུགས་ཡོང་།   ཁོས་ཨ་མ་ཞེས་ཐེངས་འགར་བོས་ཀྱང་།   ངས་ཅིས་ཀྱང་ཟམ་འོག་ཟ་ཁང་གི་མི་ཚོགས་ཀྱི་དབུས་ནས་བྱིས་པ་དེར་ཨ་ལན་ཞིག་སྟེར་ཐུབ་མ་སོང་།   དེ་ཡང་ཁྲིགས་ཁྲིགས་མེད་ན་ངའི་རྨི་ལམ་གྱི་མཇུག་མ་རྫོགས་པས་ཡིན་ཀྱང་སྲིད་།   སློབ་ཐུན་རྗེས་མ་འཚོགས་པའི་ཅོང་བརྡ་གྲགས་བྱུང་།   དཀར་ཞིང་གཙང་བའི་སློབ་ཁང་གི་ནང་ནས།  རིག་པ་ནངས་པར་འཆི་ཡང་སློབ་ཅེས《ས་སྐྱ་ལེགས་བཤད》སྐྱོར་སྦྱང་བྱེད་པའི་སྐད་གདངས་ཕྱོགས་བཞིར་ཁྱབ།

 

 

 

 



རྩོམ་ཡིག་སྔོན་མ།
རྐུ།
རྩོམ་ཡིག་རྗེས་མ།
ལྷ་ལྷ་ལག་རིང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1