གཅིག
ལྷ་ལྷ་ལག་རིང་ངམ་འགའ་རེས་ལག་གསུམ་དུ་འབོད་པའི་ཁོ་བོའི་ལག་པ་དེ་ནི་ཁོ་ལ་ལྷན་སྐྱེས་ནས་མངའ་བའམ་ཐོགས་ཡོད་པ་ཞིག་མ་ཡིན་པར། དེ་ནི་སྡེ་མི་ཚོས་ཁོར་བཙུགས་པའམ་བཏགས་པ་ཞིག་ཡིན་འདུག
ལྷ་ལྷ་ལག་རིང་གླེང་དུས་སྡེ་བའི་ནང་གི་བྱིས་པ་མཐེ་བོང་འདྲ་ཞིག་ཡིན་ནའང་དངངས་འདར་མི་བྱེད་མཁན་ཞིག་ཡོད་མི་སྲིད། སྡེ་དཔོན་གཙོས་པའི་སྡེ་མི་ཚོས་བྱིས་པ་ཚོར་ཁ་ཏ་བྱེད་དུས་རྒྱུན་དུ་ལྷ་ལྷ་ལག་རིང་གི་ལད་མོ་བྱ་མི་རུང་ཚུལ་དང་། སློབ་སྦྱོང་ཡག་པོ་བྱས་ནས་སློབ་གྲྭ་ཆེན་མོར་རྒྱུགས་མ་འཕྲོད་ཚེ་ལྷ་ལྷ་ལག་རིང་ལྟ་བུ་ཡིན་ཚུལ་སོགས་ཀྱི་འཇིགས་སྐུལ་ལམ་སློབ་གསོ་ལྟ་བུ་རེ་རྒྱུན་པར་བྱེད་པ་རེད།
གཉིས།
ལོ་དེའི་སྟོན་ཀའི་ཉིན་ཞིག་ལ་ཕ་རྒན་དབང་ལྡན་གྱིས་བུ་ལྷ་ལྷའི་གནས་ལུགས་དང་འགྲེལ་བཤད་ལ་རྣ་བ་བླགས་ཙམ་ཡང་མ་བྱས་པར་ཁོ་སྒོར་ཕུད་པ་རེད།
"ལོ་ངོ་དེ་འདྲ་མང་པོ་ཞིག་གི་རིང་ལ། ངས་དཀའ་ལས་དེ་འདྲ་མང་པོ་ཞིག་མྱངས་ནས་ཁྱོད་སློབ་གྲྭར་བསྐྱལ་དོན་ཡང་། ཁྱོད་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཨེ་ཉན་བསམ་པ་ཡིན། ཁྱི་སྐྱག་ཁྱོས་སློབ་གྲྭ་ཆེན་མོར་ཡང་རྒྱུགས་མི་འཕྲོད་ན། ངས་ད་བར་དུ་ཁྱོད་ཀྱི་དོན་དུ་བསྟིམས་པའི་སྒོར་མོ་ཡོད་ཚད་དོན་མེད་དུ་ཡལ་སོང་ནི་རེད། ངས་ཁྱོད་ལ་བཅངས་པའི་རེ་བ་མཐའ་དག་ཀྱང་སྟོང་ཟད་དུ་གྱུར་སོང་ནི་རེད། ཨ་ནུས་མེད་སྐྱག་གཟན་ཁྱོད……"
"ཨ་ཕ། ཁྱེད་ཀྱིས་དེ་ལྟར་མ་བཤད། ང་སློབ་ཆེན་དུ་འགྲོ་མི་འདོད་ཀི ང་རྒྱལ་ཁབ་ཀྱི་ལས་བྱེད་པ་དེ་བས་ཀྱང་བྱེད་མི་འདོད་ཀི ངས་ང་རང་ལ་དབང་བའི་ལམ་ཞིག་བཙལ་ནས་རང་དབང་གི་འཚོ་བ་བབ་ཆགས་ཤིག་རོལ་ན་འདོད……"
"ཁྱི་ཁ་ཚུམས། ཁྱོས་ད་དུང་དེ་འདྲའི་ཁ་ཤོབ་འཐེན་རྒྱུར་ངོ་མི་གནོང་ངམ། ང་ངོ་གནོང་གི སྡེ་མི་ཚོས་དྲིས་ན་ང་ངོ་གནོང་གི ཁྱོད་ཚང་གི་ཞི་ལུས་རྒྱུགས་ཀྱང་མ་འཕྲོད་པ་རེད་དམ་ཟེར་ན་ང་ངོ་གནོང་གི
……"
"མ་རེད་ཡ། ཨ་ཕ། ཁྱོད་ལྷོད་ལ་བོབས་དང་ངས་གསལ་པོར་བཤད། སློབ་ཆེན་ལ་རྒྱུགས་འཕྲོད་སོང་བ་ཡིན་ན་ཐམས་ཅད་འགྲུབ་འགྲོ་བ་ཞིག་དང་རྒྱུགས་མ་འཕྲོད་པ་ཡིན་ན་ཡོད་ཚད་ཚར་སོང་བ་ཞིག་གཏན་ནས་ཡིན་མི་སྲིད། ངས་ལོ་འདི་ཚོར་ཁེ་ལས་ཕྱོགས་ཀྱི་དཔེ་ཆ་འགའ་རེ་བཀླགས་ཤིང་ཁེ་གཉེར་གྱི་མི་སྣ་འགའ་རེར་ཁ་བརྡ་བཅར་འདྲི་འདྲ་བྱས་ནས།རང་ཚོད་ཀྱིས་ཉམས་མྱོང་འགའ་རེ་སྡུད་ལེན་བྱས་ཡོད། གལ་ཏེ་ཨ་ཕས་ང་ལ་མ་དངུལ་ཅུང་ཙམ་གྱིས་རྒྱབ་སྐྱོར་བྱས་པ་ཡིན་ན། ལོ་འགའི་རྗེས་ནས་གྲུབ་འབྲས་ལོན་ཁོ་ཐག་ཡིན། གལ་ཏེ……"
"ཅི་ཟེར། མ་རྩ་གཏོང་རོགས་བྱོས་ཨེ་ཟེར། སྒོར་མོ་བྱིན་ཟེར་གོ་ནི་རེད་ལ། ཧུན། འདིས་ངའི་སྒོར་མོ་ལ་དམིགས་ནས་ང་ལ་མགོ་སྐོར་གཏོང་བསམ་པ་རེད་ཨང་། ཨ་གནམ་རྒན་མ། ཁོ་འདི་ལྟ་བུ་ཞིག་ཏུ་ཇི་ལྟར་གྱུར་བ་རེད་དམ། ངོ་ཚ་མེད་པའི་ཁྱི་ཕྲུག་ཁྱོད། ང་ལ་ཁྱོད་ལྟ་བུའི་བུ་ཞིག་མི་དགོས། སོང……ཁྱོད་ད་སོང་། ངའི་མིག་གི་རིག་ས་ནས་འདུག་མི་དགོས། དེ་རིང་ནས་བཟུང་ང་ལ་ཁྱོད་ལྟ་བུའི་བུ་ཞིག་གཏན་ནས་མེད།"
"ཨ་ཕ……ཨ་ཕ……"ཁོས་སྐད་གསང་མཐོན་པོས་ཇི་ལྟར་བོས་ཀྱང་། ཁོང་ཁྲོ་འབར་བའི་ཕ་རྒན་གྱིས་ཕྱིར་མིག་ཙམ་ཡང་མི་ལྟ་བར་བུད་སོང་བས། ཁོ་ཁ་ཕྱིར་འཁོར་ནས་ཕ་རྒན་ལ་སྦས་པའི་སློབ་ཆེན་ཆེ་གེ་མོ་ནས་འབྱོར་བའི་སློབ་བསྡུའི་བརྡ་ཡིག་དེ་ལག་ཏུ་བཟུང་ནས་རེ་ཞིག་ཅི་བྱ་གཏོལ་དང་བྲལ་བ་ལྟར་ཧད་འདུག
གསུམ།
ལོ་དེ་ལ། ཁོས་ཕ་ཡུལ་ཕྱོགས་ཀྱི་སློབ་གྲོགས་སློབ་ཆེན་པ་དེའི་གཏམ་དེ་དག་ཐོས་པ་ན། རང་གི་གཡུར་ཟའི་འབྲས་བཟང་བསྣམས་ནས་དང་ཐོག་ཨ་ནེ་ཆེ་བར་བཞག་པའི་ཁ་དན་དམ་བཅའ་དག་མངོན་འགྱུར་བྱེད་པ་དང་ཆབས་ཅིག ཕ་རྒན་གཙོ་བྱས་ཏེ་ཆུང་མ་དང་མོའི་སློབ་མ་ཚོར་སྐོར་ཞིག་རྒྱག་པར་ཆས་པའི་འཆར་གཞིའང་ཅུང་ཙམ་གྱིས་ཉམས་པར་གྱུར་སོང་།
"ཨ་ལ་སྤྱི་གཉེར་བ་ལྷ་ཁོ་ཟེར་བ་དེ་ཁྱོད་ཡིན་ནམ། ང་འདིར་སྒུག་སྡོད་ཟེར་མཁན་ཁྱོད་རང་ཡིན་ནམ།"
"འོ་ལེ་འོ་ལེ། དེ་ནས་སྡོད། ཡ་?་?་ཁྱོད་བདེ་མོ་ཡིན་ནམ། ངས་ཁྱོད་ཡིན་པ་ཤེས་ནས་ད་གཟོད་ནང་དུ་བླངས་པ་ཡིན། མ་གཏོགས་ངེད་ཀུང་སིར་ལས་བཟོ་བ་གསར་བ་དགོས་ས་མེད། དེ་རིང་འུ་གཉིས་ཀྱིས་ཞེ་ལྷོད་ལྷོད་ངང་ཕ་ཡུལ་ཕྱོགས་ཀྱི་ཁ་བརྡ་ཞིག་བྱ། ང་ལོ་ངོ་དུ་མ་ཞིག་ལ་ཕ་ཡུལ་ལ་མ་སོང་། ཕ་ཡུལ་གྱི་ཡུལ་མི་གཅིག་ལའང་མ་ཐུག ཕ་ཡུལ་གྱི་རི་ཆུ་བདེ་མོ་ཡིན་ནམ། ཕ་ཡུལ་གྱི་ནང་མི་བདེ་མོ་ཡིན་ནམ།"
"འོ་འོ……བདེ་མོ་རེད་བདེ་མོ་རེད། ཕ་ཡུལ་གྱི་སྡེ་མི་ཚོས་སངས་རྒྱས་རྩིབ་ནས་བཞག་སྟེ། གུས་ཕྱག་རྒྱང་ལ་འཚལ་གྱིན་འདུག་ཁ་རེད་མ་གཏོགས……"
"ཟླ་འགའི་སྔོན་ལ་ངའི་ཆུང་མ་ང་ཚོའི་སྡེ་བའི་སློབ་ཆུང་དགེ་རྒན་དུ་བཀོད་སྒྲིག་བྱས་འདུག་པས་ཁོ་མོ་དེ་རུ་བུད་སོང་། ཐེངས་འདིར་ང་མོར་བལྟ་རུ་འགྲོ་བ་དང་མཉམ་དུ་ཕ་ཡུལ་གྱི་ཡུལ་མི་ཚོར་མཚམས་འདྲི་ཞིག་བྱེད་དུ་འགྲོ་རྩིས་ཡོད། ཕ་ཡུལ་གྱི་ཡུལ་མི་ཚོས་ང་དྲན་གྱིན་ཡོད་དམ།"
"……འོ་འོ། ཕ་ཡུལ་གྱི་སྡེ་མི་ཚོས་ཁྱོད་གླེང་གིན་འདུག"
ངོ་མ་?་?ས་ངག་ཀྱང་མ་འཁྲོལ་པར་ཡུན་རིང་ཞིག་ལ་ལུས་སོང་བར་ཡང་ཁག་ཅི་ཡོད་དེ། སྡེ་མི་ཚོའི་ཁ་ནང་གི་མར་རྐུན་ལག་རིང་དེ་དང་ཁོའི་སེམས་ནང་གི་སྐམ་ཞིང་རིད་པའི་སློབ་གྲོགས་ལྷ་ལྷ་ད་ལྟ་ཁོའི་མདུན་གྱི་ལུས་ཤ་རྒྱགས་ཤིང་སྐྲ་ལོར་འོད་མདངས་འཁྱུག་པའི་སྤྱི་གཉེར་བ་ཆེན་པོ་འདི་རེད་ཟེར་ན། མི་དེའི་གདོང་གི་གཟེངས་མཐོ་བའི་སྣ་ཁོ་ན་འཁྲུལ་བ་མེད་པའི་དཔང་རྟགས་སུ་ཡོད་པ་མ་གཏོགས་སུ་ཞིག་གི་རྣར་འགྲོའམ།
"ཅི་རེད། དེ་ལྟར་མིག་གི་རྒྱལ་མོ་གཡོ་བ་མེད་པར་ངའི་གདོང་ལ་ཅེར་ནས། ཁྱོས་ང་ཡིད་དུ་འོང་བའི་མཛེས་མ་ཞིག་ཏུ་འཁྲུལ་གིན་པ་མིན་ནམ། ཧེ་ཧེ……ཡ་ཤོད་དང་། ཡུལ་མི་ཚོས་ང་ཇི་ལྟར་གླེང་གིན་འདུག"
་སེམས་ལ་སྡེ་མི་ཚོས་སྐབས་རེར་ཧབ་ཆ་དིར་རེ་བྱེད་སྤྱད་དེ། "སྣ་གཏུལ་རྒན་འདྲ་བོའི་རྐུ་རྒན། །རྐུས་མག་རྒན་ཚང་ལ་བྱས་ཐལ། །བྱ་ཁྱི་རྒན་ཞིག་གི་བཙོག་རེད། །མར་དོ་རྒན་ཁུར་ནས་འབྲོ་དུས། །ཤེད་གཡག་རྒན་ཞིག་གི་ཐུ་རེད། །"ཅེས་པའི་བཏགས་པའི་ཚིག་འབྲུ་རེ་རེ་ཡིད་ལ་་ལེར་དྲན་ཡོང་ནའང་དེ་དག་ཇི་མ་ཇི་བཞིན་ངག་ནས་ཤོད་མ་ཐུབ་པར། "ཁོ་ཚོས་རྒྱུན་པར་མར་ལྟང་ཞིག་དང་ཁྱོད་གཉིས་མཉམ་དུ་གླེང་ཡོང་། "ཞེས་ཁ་ནས་ཤོར།
"བདེན་ནི་རེད། ཉིན་དེར་ང་འུ་ཐུག་ཐབས་ཟད་ངང་རང་ཁྱིམ་དང་གྱེས་དུས་ལག་ན་སྒོར་?ག་གཅིག་ཀྱང་མེད་པས། ཨ་ནེའི་སར་ཕྱིན་ནས་མོས་དབྱར་ཟླ་གང་བོར་བསགས་པའི་རྐྱལ་མར་དེ་མི་སྐྱི་ཀ་མེད་བྱུང་། ཧ་ཧ། དེ་དུས་ངས་ད་དུང་ཉིན་མོར་གསར་བུ་མར་ཁུར་ཞིག་འགྲོ་བཞིན་པ་གཞན་གྱིས་མཐོང་ན་འཕྱ་སྨོད་བྱེད་སྲིད་སྙམ་ནས་མཚན་མོར་ལམ་ལ་ཞུགས་པ་ཡིན། ད་སྐབས་དྲན་ན……ཧ་ཧ……"
"མར་ཁུར"དང"མཚན་མོར་སོང"སོགས་ཀྱིས་?་?འི་སེམས་སུ་སྔོན་ཞིག་ལ་ངོ་ཤེས་གསར་བུ་ཞིག་གིས་ཁོ་ལ་བཤད་པའི"ཁོ་བོ་མཚན་མོ་ཞིག་ལ་དགའ་རོགས་མའི་སར་འགྲོ་དུས་ལྷ་ལྷས་རྐྱལ་མར་ཞིག་ཁུར་ནས་འགྲོ་བཞིན་པ་མཐོང"ཞེས་པའི་དོན་དེ་དྲན་དུ་བཅུག་ཅིང་། ཡང"མར་བསྐྱིས་ནས"ཞེས་པའི་ཚིག་འབྲུ་འདི་ལས"ལྷ་ལྷས་ཨ་ནེ་ཚང་གི་རྐྱལ་མར་བརྐུས་ནས་བྲོས་སོང་ནི་རེད"ཅེས་པའི་གཏམ་དེ་བདེན་པ་ཡིན་མིན་ལ་དོགས་པ་སྐྱེ་རུ་བཅུག་སོང་བས།
"དེ་དུས་ཁྱོད་ཀྱིས་མར་དེ་བསྐྱིས་པ་ཡིན་ནམ། ཡང་ན……"
"འོ་ལེ། བསྐྱིས་པ་ཡིན། སྐབས་དེར་ངས་ཨ་ནེ་ལ་ཁས་ལེན་བྱས་ཡོད་པ་བཞིན་ད་ཐེངས་ལྡབ་འགའ་ཡི་སྐྱིན་པ་སྤྲོད་རྒྱུར་གྲ་སྒྲིག་བྱས་ཡོད།"
ས་ཁ་གདངས་མིག་བགྲད་ནས་འདང་བརྒྱབ་བརྒྱབ་མཐར་གློ་རྡེག་ཏུ་ཅི་ཞིག་གི་ཐབས་ལམ་ཡ་མེད་ཅིག་རྙེད་བྱུང་བ་ནང་བཞིན་ཧར་གྱིས་ཡར་ལངས་ནས།
"རེད། ད་ཐེངས་ངའང་ཁྱོད་དང་མཉམ་དུ་ཕ་ཡུལ་ལ་ཐེངས་གཅིག་འགྲོ་དགོས་བྱུང་། ཁོ་ཚོ……འོ་མ་རེད། ང་ཚོ་གོ་བ་ལོག་འདུག ངས་ཁོ་ཚོར་གསལ་བཤད་རྨ་མེད་པ་ཞིག་བྱ་དགོས།"
"ཁྱོད་ལ་ཅི་བྱུང་སོང་བ་རེད་དམ། མར་སྡོད་ལ་དལ་མོར་ཤོད་དང་། གོ་བ་ཅི་ཞིག་ལོག་སོང་ངམ། གསལ་བཤད་ཅི་ཞིག་བྱེད་དམ།"
ས་གལ་ཏེ་གསལ་བོར་དྲང་མོར་མ་བཤད་ན་ཁོས་རང་ཉིད་འགྲོ་རུ་འཇུག་མི་སྲིད་པ་དང་། དེ་ལྟར་ཁོ་གཅིག་པུ་ཕ་ཡུལ་དུ་ཐོན་ན་དོན་ཅི་ཞིག་འབྱུང་མིན་དཔོག་དཀའ་བར་བསམ་ནས་དྲང་མོར་བཤད།
"ཁོ་ཚོས་ཁྱོད……ཁོ་ཚོས་ཁྱོད་ལ་ལྷ་ལྷ་ལག་རིང་ངམ་ལག་གསུམ་དུ་འབོད། ཁོ་ཚོས་ཁྱོད་ཀྱིས་ཨ་ནེ་ཚང་གི་རྐྱལ་མར་བརྐུས་ནས་བྲོས་སོང་བར་བཤད།"
"……"
ཁོས་དུ་བ་རྐང་ཐུར་གཅིག་ཁ་རུ་བཙུགས་ནས་ཡང་ཡང་འཇིབ་ཅིང་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་དུ་བར་མིག་ཟུང་ཅེར་ནས་ཧད་འདུག་པ་ལས་ཅི་ཡང་བཤད་མ་སོང་།
བཞི།
ཉིན་དེ་ལ། སློབ་གྲྭའི་ནང་དུ་ཉིན་རྒྱུན་དང་མི་འདྲ་བའི་རྣམ་པ་ཞིག་ཤར་འདུག་སྟེ། སློབ་གྲྭའི་ནང་དུ་དགེ་སློབ་ཡོངས་ལས་གཞན་ད་དུང་སྡེ་དཔོན་དང་བཅས་པའི་ཁྱིམ་བདག་རྣམ་པ་དང་ལས་ཀ་གང་ཡང་མེད་པར་ཁོམ་བསྡད་ཡོད་པའི་ཕོ་གསར་མོ་གསར་ཐམས་ཅད། མདོར་ན་སྡེ་བ་དེའི་རྒན་མགོ་དཀར་ནས་གཞོན་སོ་དཀར་བར་གྱི་སྡེ་མི་ཚང་མ་འདུས་ནས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཅི་ཞིག་གི་སྟ་གོན་ལ་འབད་ཀྱིན་འདུག
སྡེ་དཔོན་གྱིས་སྡེ་མི་ཚང་མར་ཚོགས་འདུ་བསྡུས་ཏེ་ཅུང་ཙམ་ནས་སྦྱིན་བདག་ཆེན་མོ་ལྷ་ཁོ་ལགས་སླེབས་དུས་ཚང་མས་སྤྲོ་འཛུམ་དང་གུས་པ་ཆེན་པོས་དགའ་བསུ་བར་མེད་བྱེད་དགོས་ཚུལ་ནན་བཤད་ཡང་ཡང་བྱས།
བར་སྐབས་ཤིག་ལ་སློབ་གྲྭའི་སྒོ་སྲུང་བ་ཕ་རྒན་དབང་ལྡན་མི་ཚོགས་ཁྲོད་འཚང་འཚང་ནས་སྐྱེས་གཟུགས་དྲང་ཞིང་ངོ་གདོང་མཛེས་པའི་དགེ་རྒན་གཡང་འཛོམས་ཀྱི་རྩིབ་ལ་སོང་།
"དགེ་རྒན་གཡང་འཛོམས། ད་ལོར་སྦྱིན་བདག་ཆེན་མོ་ལྷ་ཁོ་ཟེར་བ་དེས……འོ་མ་རེད་ཁྱོད་ཚང་གི་ཁྱོ་གས་ང་ཚོའི་སློབ་གྲྭར་རོགས་སྐྱོར་གྱི་སྒོར་མོ་ག་ཚོད་ཕུལ་གྲབས་ཡོད་དམ།" "ལོ་སྔོན་མ་དག་དང་བསྡུར་ན་མང་དུ་བཏང་ཡོད་ཟེར། ཁ་གྲངས་གསལ་བོར་ངས་ཀྱང་མི་ཤེས།"
"འོ་འོ། ཁོ་ད་ངོ་མ་མི་རླབས་ཆེན་ཟེར་ནོ་རེད། ཅུང་ཙམ་གྱིས་ཁོ་འདི་རུ་ཐོན་ན་ཁྱོད་ཀྱིས་ང་ཁོར་ངོ་སྤྲོད་ཅིག་བྱོས་ཨ། ངས་ཁོར་བཟང་ས་བཅའ་འདོད།" ཕ་རྒན་དབང་ལྡན་གྱིས་སེམས་སུ་མི་དེ་ནི་གཏོང་ཕོད་ཅན་ཞིག་དང་བྱམས་སེམས་ཅན་ཞིག་ཡིན་ཚོད་འདུག་པས། གལ་ཏེ་སྟབས་འགྲིག་ན་ཁེར་ཐུག་ངང་རང་གི་མེད་མུག་དང་དཀའ་ཁག་བརྗོད་ནས་རེ་བ་རེ་བཤད་ན་སྒོར་མོ་འདྲ་འཐོབ་ཐུབ་ན་ཐང་སྙམ་ནས་དེ་སྐད་བཤད།
"ཡ་ཡ་ཨ་ཁུ། ད་ཐེངས་ཁོ་འདི་རུ་ཉིན་འགའ་ལ་འདུག་གྲབས་ཡོད་ཟེར། ང་ཚོས་དལ་མོར་ཁ་བརྡ་བྱས་ཆོག"
མི་ཚོ་ཕྱི་རོལ་ནས་སློབ་གྲྭའི་ར་སྐོར་ནང་དུ་འཐེན་པའི་ལམ་གྱི་གཞོགས་གཉིས་སུ་སྟར་ཕྲེང་དུ་བསྒྲིགས་ཤིང་། མིག་ཟུང་བརྒྱ་ཕྲག་མ་བགྲོས་གཅིག་མཐུན་ངང་དྲ་མ་ནག་པོ་ཅན་གྱི་རླངས་འཁོར་ཁམ་ནག་པོ་དེའི་ཕྱོགས་སུ་ཅེར་འདུག ཕ་རྒན་དབང་ལྡན་ཐོག་མར་རང་གི་མིག་ཟུང་ལ་ཡིད་མ་ཆེས། སྡེ་མི་ཐམས་ཅད་ཀྱི་མིག་ཟུང་དུས་མཉམ་དུ་འཁྲུལ་སོང་།
"ཨ་ཕ། གཡང་འཛོམས། ཁྱེད་གཉིས་ཀ་བདེ་མོ་ཡིན་ནམ།" ཁོ་ཐད་ཀར་ཕ་རྒན་དང་ཆུང་མ་གཉིས་ཀྱི་སར་ཕྱིན་ནས་མཚམས་འདྲི་སྟབས་བདེ་ཞིག་བྱས་རྗེས་ཁ་ཕྱིར་འཁོར་ནས།
"ཡུལ་མི་རྣམ་པ་ཚང་མ་བདེ་མོ་ཡིན་ནམ།"ཞེས་ལག་པ་གཡུག་གཡུག་བྱས།
"ལྷ་ལྷ་ལག་རིང……"
"ཨ་ཙི། ཁོ་ལྷ་ལྷ……"
"ཁོ……སྦྱིན་བདག་ཆེན་མོ་ལྷ་ཁོ……"
མི་ཚང་མའི་འཇིམ་སྐུའི་གཟུགས་རིས་ལ་གཞི་ནས་དབུགས་ཀྱི་རྒྱུ་བ་ཞུགས་ནས་དེ་ལྟར་ཤབ་ཤུབ་སྨྲས།