ཁ་སྔོན་བྲག་ར་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལགས་ཀྱིས་བདག་ལ་ཕོ་མ་གཡུ་མཚོ་དང་འབྲེལ་བའི་གནས་བཤད་ཅུང་ཟད་ཅིག་འབྲི་རོགས་གསུངས་དོན་བཞིན་དུས་བཏབ་ལྟར་དེ་རིང་ལྷ་ལྡན་ནས་ལྷོ་བྲག་ཏུ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་དུ་བསྡད་དེ་མཐུད་གྲོང་ཚོ་ག་ལ་བ་དེར་བསྐྱོད། ཆུ་ཚོད་གསུམ་ཙམ་འདས་རྗེས་ད་གཟོད་མཐུད་གྲོང་ཚོར་བདེ་འབྱོར་བྱུང་བས་ཁོ་བོར་སྟེང་ཕྱོགས་ལྷ་ཡུལ་དུ་སླེབས་སྙམ་གྱི་སྣང་བ་ཞིག་སྐྱེས་བྱུང་མོད་མཐུད་དགའ་ལྡན་མཐོ་སྨོན་གླིང་ལྷ་ཁང་གནས་ཡུལ་ནས་ཕོ་མ་གཡུ་མཚོའི་ནུབ་ལྷོའི་ཕྱོགས་ཀྱི་ཕོ་མོ་བྱང་བཏང་ཤང་གནས་ཡུལ་ལ་རྒྱང་ལྟ་ཞིག་བྱེད་སྐབས་དེ་བས་མཐོ་ཞིང་བརྗིད་ཆེའི་གངས་རིའི་མུ་ཁྱུད་འཆར་བས་ངོ་མ་
གནས་དེ་ལ་འཛམ་གླིང་ཡང་རྩེའི་རྒྱ་ཕིབས་སུ་འབོད་པ་གཏམ་དོན་གཉིས་རྦད་དེ་མཐུན་ཆོས་སུ་སྣང་ངོ་།། མཐུད་དགའ་ལྡན་མཐོ་སྨོན་གླིང་གི་ལྷ་ཁང་ན་ཚེ་རིང་ལགས་དང་ལྷ་ཁང་དེའི་དཀོན་གཉེར་སྔ་ས་ནས་སྒུག་བཞུགས་འདུག ཚེ་རིང་ལགས་ནི་རིན་སྤུངས་རྫོང་གི་བྲག་པར་སྐུ་འཁྲུངས་ཤིང་སློབ་གྲྭའི་ནང་ཕྱུགས་སྨན་རིག་པ་སྦྱངས་པས་སློབ་མཐར་ཕྱིན་རྗེས་མཐུད་ཤང་དུ་ཕྱུགས་རིགས་སྨན་པར་ལས་བགོས་བྱས་པ་ནས་བཟུང་ང་རང་སྣ་དཀར་རྩེར་གཞུང་ལས་སུ་གཞོལ་རིང་ཁོང་སྔ་རྗེས་སུ་མཐུད་དང་། ཕོ་མོ་བྱང་བཏང་། གྲམ་མདའ། ཁ་ལུང་། རྫོང་དགོན་སོགས་སུ་ཚན་རྩལ་ཤང་ཀྲང་སྐུ་གཞོན་དང་། ཤང་ཀྲང་། འཐུས་ཚོགས་ཀྲུའུ་ཞི། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རིན་སོགས་ཀྱི་འགན་བཞེས་སྐབས་ལས་ཀའི་འབྲེལ་བས་རྐྱེན་ཤིན་ཏུ་འབྲེལ་གཤིབ་ཟབ་རྐྱེན་དེ་རིང་གི་རྒྱང་སྐྱོད་དེ་ཡང་དྲང་པོ་ཞུས་ན་ཁོང་གི་སྐུལ་ངོ་མ་ལྡོག་པས་སོ།།
ཕོ་མ་གཡུ་མཚོ་ནི། བོད་ལྷོའི་ས་ཁོངས་ཀྱི་རྒྱ་མཚོའི་ངོས་ལས་ས་བབ་ཆེས་མཐོ་ཤོས་ཀྱི་ཚྭ་མེད་མཚེའུ་ཆེ་གྲས་ཤིག་ཡིན་པས་དྲན་རྒྱུ་རྒོད་པའི་ཡུལ་སྐོར་ལྗོངས་རྒྱུ་བ་ཚོས་འདྲ་བ་རྒྱུ་མཚན་དུ་བྱས་ནས་དེ་ལ་མཁའ་དབྱིངས་ཀྱི་མཚེའུ་ཞེས་པའི་མཚན་སྙན་ཞིག་གསོལ་ཡོད་ལ། ཆོས་ཕྱོགས་པའི་གསུང་རྒྱུན་ལྟར་ན། དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་བསྟན་ཕུན་ཚོགས་མཆོག་གིས་མཛད་པའི《བོད་རིག་པ་སྤྱི་བཤད》ཞུ་བའི་ནང་སློབ་དཔོན་པདྨ་འབྱུང་གནས་ཀྱིས《གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞག》ཅེས་པའི་ནང་གྲགས་པའི་མཚོ་ཆེན་བཞི་ནི། གནམ་མཚོ་ཕྱུག་མོ་དང་། ཡར་འབྲོག་གཡུ་མཚོ། ཕོ་མ་གཡུ་མཚོ། མ་ཕམ་གཡུ་མཚོ་བཞི་དྲངས་ནས་འདུག་པའི་དན་རྟགས་སུ《པདྨ་བཀའ་ཐང》གི་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་ཞིང་དམ་ལ་བཏགས་པའི་ལེའུ་ཞེས་པའི་ནང《ཕོ་མ་གངས་ཇོས་གདན་དྲངས་དམ་ལ་བཏགས》ཞེས་པ་དང་བོད་དུ་གཏེར་སྦས་པའི་ལེའུ་ཞེས་པའི་ནང《ཕོ་མ་རྫོང་ཕུག་གསང་གཏེར་ངན་སྔགས་སྦས》ཞེས་པ། ཡང《བཀའ་ཐང་སྡེ་ལྔ》ལས། རྒྱལ་པོ་བཀའི་ཐང་ཡིག་གི་ཁ་བྱང་ཀྱི་ལྡེ་མིག་རྒྱུད་ལས་ཕོ་མ་གླིང་གི་ལེའུ་ཞེས་པའི་ནང"དེ་ནས་ཡང་དག་བཤད་བྱ་བ། ཕོ་མ་གླིང་གི་སྒྲུབ་གནས་ཀྱི་ཕུག་པའི་དཀྱིལ་འཁོར་ནས། ཕུགས་སུ་འདོམ་གང་བཅལ་བའི་ས་ན་བྲག་ལ་གཟོང་རྗེས་གསུམ་ཡོད། དེ་ནས་སྟེང་གི་ངོས་ནས་ཁྲུ་གང་བཅལ་བའི་འོག་ན་?་ཆོལ་སོར་བཞི་པ་ཚེ་ཆུས་སྦྱར་བ་ཡོད། དེའི་འོག་ན་བསེའི་སྒྲོམ་བུ་ཞིག་ན་གསང་བ་ཕུར་གཅིག་པུ་ཏྲའི་སྐོར་དང་། བསེན་མོའི་སྒྲུབ་ཐབས་ཕྱི་ནང་གསང་གསུམ། ཡང་གསང་གཏེར་དུ་སྒྲུབ་པ་རྣམས་ཤོག་སེར་ལ་བྲིས་ནས་བཞུགས"ཞེས་པ་སོགས་མང་དུ་གསལ་ཁར། ཡུལ་དེ་གའི་དམངས་ཁྲོད་ངག་རྒྱུན་དུའང་སློབ་དཔོན་པདྨ་འབྱུང་གནས་མཆོག་ལྷོ་ནུབ་སྲིན་པོའི་ཡུལ་དུ་བྱོན་ལམ་ན་མཚོ་དེར་ཞབས་ཀྱིས་བཅགས་ནས་གནས་དེའི་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་བཏགས་པས་མཚོ་དེའི་ཀླུ་མོས་དྲིན་གཟོའི་ཕྱིར་སློབ་དཔོན་ལ་མཚོ་ཆབ་མཎ་དྲལ་དུ་ཕུལ་རྟགས་སུ་རང་རེ་སོ་སྐྱེ་ཕལ་པས་མཚོ་མོའི་གཡས་གཡོན་འཕྲེད་གཞུང་གང་ནས་གོག་བུར་བལྟས་ཚེ་མཚོ་དབུས་ཅུང་ཟད་མཐོ་ལ་དེ་ནས་རིམ་པས་དམའ་རུ་སོང་སྣང་གིས་མཚོ་དབུས་ཙམ་ལས་ཕ་རོལ་གྱི་མཚོ་མཐའ་མི་མངོན་པའི་ཁྱད་ཆོས་དང་ལྡན་པས་ངོ་མ་གཡུ་ཡི་མཎ་དྲལ་ཆེ་ཞིག་དང་གཉིས་སུ་མ་མཆིས། གཞན་ཡང་། སློབ་དཔོན་རིན་པོ་ཆེས་མཚོ་ནས་གཏེར་དུ་བཞེས་པར་གྲགས་པའི་?་ནག་གི་མ་ཎི་རང་བྱོན་དང་། ?ར་དྲིལ་གཏེར་མ་ཞིག་དུས་ད་ལྟའང་མགོ་ནག་མི་ཡི་བསོད་ནམས་མགོན་དུ་མཐུད་དགའ་ལྡན་མཐོ་སྨོན་གླིང་ལྷ་ཁང་དུ་བཞུགས་སུ་གསོལ་ནས་འདུག་ལ། ད་དུང《བྲག་ར་བསམ་
གཏན་ཆོས་གླིང་གི་ལོ་རྒྱུས་ཀུན་གསལ་སྣང་བའི་མེ་ལོང》ཞུ་བའི་ནང"ལྷོ་བཻ་རོའི་བླ་མཚོ་ཕོ་མ་གཡུ་མཚོ"གསུངས་པ་བཞིན་ས་གནས་དེ་གའི་དམངས་ཁྲོད་དུ་སློབ་དཔོན་པདྨ་འབྱུང་གནས་མཆོག་ལྷོ་ནུབ་སྲིན་པོའི་ཡུལ་དུ་བྱོན་ཉེའི་ཚེ་ལོ་ཆེན་བཻ་རོ་ཙ་ནས་གནས་དེ་བར་སྐྱེལ་ཐུང་མཛད་པས་སློབ་དཔོན་མཆོག་ནས་བཻ་རོའི་བླ་མཚོར་བྱིན་གྱིས་བརླབས་པའི་ཤོད་རྒྱུན་འདུག་པ་དེ་དང་ཡར་འབྲོག་སྤྱང་གཞུང་ནས་བྱུང་བའི་ཕོ་མ་གཡུ་མཚོའི་བཤད་པ་གཉིས་ཧ་ལམ་མཐུན་ཆོས་གཅིག་མཚུངས་སུ་སྣང་སྟེ། དེ་ཡང་། "ཁྱེད་རང་གཞས་མའི་མཆེད་གྲོགས་སྙན་རེ་གསོན། །ང་ཡིས་ཕོ་མ་གཡུ་མཚོའི་བཤད་པ་ཞུ། །མཚོ་སྟོད་ཡ་གིར་སེར་བྱ་ལྡང་མ་ལྡེམ། །གསེར་གྱི་བྱ་ཕོ་སློབ་དཔོན་པད་མ་བཞུགས། །དེ་ལ་བརྟེན་ནས་སེར་བྱ་ལྡང་མ་ལྡེམ། །ཁྱེད་རང་གཞས་མའི་མཆེད་གྲོགས་སྙན་རེ་གསོན། །ང་ཡིས་ཕོ་མ་གཡུ་མཚོའི་བཤད་པ་ཞུ། །མཚོ་དཀྱིལ་འདི་རུ་གཡུ་བྱ་ལྡང་མ་ལྡེམ། །གཡུ་ཡི་བྱ་མོ་སྒྲོལ་མ་གསུང་བྱོན་བཞུགས། །དེ་ལ་བརྟེན་ནས་གཡུ་བྱ་ལྡང་མ་ལྡེམ། །ཁྱེད་རང་གཞས་མའི་མཆེད་གྲོགས་སྙན་རེ་གསོན། །ང་ཡི་ཕོ་མ་གཡུ་མཚོའི་བཤད་པ་ཞུ། །མཚོ་གཞུག་མ་གིར་དུང་བྱ་ལྡང་མ་ལྡེམ། །དུང་གི་བྱ་ཕོ་བཻ་རོ་ཙ་ན་བཞུགས། །དེ་ལ་བརྟེན་ནས་དུང་བྱ་ལྡང་མ་ལྡེམ"ཞེས་པའི་དོན་གྱི་བསྟོད་བྱའི་ཡུལ་གཙོ་བོར་གྱུར་པ་ནི་སློབ་དཔོན་པདྨ་འབྱུང་གནས་དང་། ཐར་གླིང་སྒྲོལ་མ་གསུང་བྱོན། ལོ་ཆེན་བཻ་རོ་ཙ་རྣམ་གསུམ་ཡིན་ནའང་དེ་དག་ཕོ་མོ་གཡུ་མཚོའི་མཚོ་དབྱིངས་སུ་ལྡིང་ཞིང་རྩེན་པའི་སེར་བྱ་སྟེ་ངུར་བ་གསེར་ལྡན་དང་། གཡུ་བྱ་སྟེ་མཐིང་རིལ་གྱོ་མོ། དུང་བྱ་སྟེ་ཁྲུང་ཁྲུང་མགོ་ཁྲ་གསུམ་གྱི་གཟུགས་སུ་བཀོད་ནས་ཆུ་བྱ་དེ་གསུམ་ཕོ་མ་གཡུ་མཚོར་དགའ་བ་བཞིན་དུ་སློབ་དཔོན་པདྨ་དང་། སྒྲོལ་མ་གསུང་བྱོན། བཻ་རོ་ཙ་ན་རྣམ་གསུམ་ཤིན་ཏུ་བོད་ཆོས་ལྡན་ཞིང་ཁམས་ལ་གཅེས་པར་བསྟན་པ་ནི་ངོ་མ་དོན་ལ་འཇུག་ཆེ་ཞིང་དཔེ་མཚོན་འབྲེལ་ཆགས་པའི་དམངས་ཁྲོད་ཀྱི་ངག་ཐོག་སྙན་ངག་ས་ལེ་སྦྲམ་འབའ་ཞིག་མ་ཡིན་ནམ།
བཻ་རོ་ཙ་ན་ཞུ་བ་ནི། ལེགས་སྦྱར་གྱི་སྐད་དེ། བོད་སྐད་དུ་རྣམ་པར་སྣང་མཛད་ཞུ་ཞིང་། འཁྲུངས་འདས་ཀྱི་ལོ་ཚིགས་ཞིབ་རྙེད་མ་བྱུང་ཡང་། སྤྱི་ལོ760ཡས་མས་སུ་བོད་རྗེ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཡིན་པ་མཁས་པ་ཡོངས་གྲགས་ཞལ་མཐུན་ཆེ། དམ་པ་གང་ཉིད་ནི་སྙེ་མོ་བྱེ་མཁར་ཏེ། ད་ལྟའི་སྙེ་མོ་རྫོང་ཁོངས་ཟངས་རི་ཆུས་སུ་ཡབ་པ་གོར་ཧེ་འདོད་དང་ཡུམ་བྲམ་ཟེ་དཀར་སྐྱིད་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཆུང་དུས་ཀྱི་མཚན་ལ་གན་ཇག་ཐང་ཏ་ཞུ། དགུང་ལོ་བདུན་བར་དུ་དཀར་གསུམ་མངར་གསུམ་ཁོ་ནའི་ཟས་ཀྱིས་གསོས་པ་དང་། ཤེས་རབ་འཕེལ་ཐབས་སུ་བློ་འཕེལ་གཟུངས་སྒྲུབ་ཏུ་བཅུག དེ་ནས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨའི་དྲུང་དུ་དགུང་ལོ་བཅོ་ལྔའི་བར་སྒྲ་རིག་པ་གསན་པས་མཁས་པར་གྱུར། དེ་རྗེས་བཙན་པོས་བཻ་རོ་ཙ་ན་དང་གཙང་ལེགས་གྲུབ་ཟུང་ལ་གསེར་བསྐུར་ནས་བཀའ་རྫོགས་པ་ཆེན་པོ་འཚོལ་དུ་བཏང་། རྒྱ་གར་གྱི་སློབ་དཔོན་ཤྲི་རི་སིང་ཧ་ནས་བཀའ་རྫོགས་ཆེན་པོའི་གདམས་ངག་ཞུས། ལེགས་གྲུབ་སྔོན་དུ་ལོག་པས་གཅན་འཕྲང་པས་བསད། བཻ་རོས་གཅན་འཕྲང་པར་གསེར་ཕྱེ་བྱིན་ནས་ཆོས་ཐམས་ཅད་ཀྱི་རྒྱ་དཔེ་ཏ་ལའི་ལོ་མ་ལ་བྲིས་ནས་ལོག བོད་དུ་འབྱོར་རྗེས་བློན་རྣམས་རྒྱ་གར་གྱི་སྙན་ཕྲའི་དབང་དུ་ཤོར་ནས་རྒྱལ་པོའང་ཐབས་མེད་པར་རྒྱ་མོ་ཚ་བ་རོང་དུ་སྤྱུགས། ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་སྐབས་བོན་དང་ཆོས་གང་གིས་འདད་གཏོང་མིན་རྩོད་པ་བྱུང་བས་བཻ་རོ་ཙ་ན་ལ་གསོལ་བ་བཞིན་མུ་ནེ་བཙན་པོས་ཆོས་ཀྱི་འདད་བགྱི་བའི་ཞལ་བཞེས། དུས་དེ་ནས་འདད་ཐམས་ཅད་ཆོས་སུ་བྱེད་པ་བྱུང་ངོ་།། དམ་པ་གང་ཉིད་ནི་རྙིང་མའི་བླ་མ་གྲགས་ཅན་ཞིག་དང་། བསྟན་པ་སྔ་དར་སྐབས་ཡོངས་གྲགས་ཀྱི་ལོ་ཙཱ་བ་རབ་དགུའི་ཆེན་པོ་རྒན་གསུམ་གྱི་ཡ་གྱལ་དང་། བོད་ཀྱི་རབ་བྱུང་ཐོག་མར་སྒྲུབ་པའི་སད་མི་བདུན་གྱི་ནང་ཚན། རྗེ་འབངས་ཉེར་ལྔའི་བྱེ་བྲག གནའ་དུས་ཀྱི་སྨན་པ་གྲགས་ཆེན་ཞིག་བཅས་ཡིན་པས་བོད་ལ་སྐུ་དྲིན་ལྷག་པར་ཆེའོ།། དེས་ན《བཀའ་ཐང་སྡེ་ལྔ》ལས། བཙུན་མོ་བཀའ་ཐང་ཡིག་གི་མི་རྣམས་དང་དྲི་བ་དྲིས་ལན་མཛད་པ་ཞེས་པའི་ནང"བཻ་རོ་ཙ་ན་ཀུན་འཆང་སྤྲུལ་པ་ཡིན། །རྒྱལ་པོའི་མཆོད་གནས་བསྟན་པའི་སྒྲོན་མེར་བཏང་། །རྒྱ་བོད་མཁས་པ་བཻ་རོ་ཙ་ན་ཁྱོད། །དབང་པོ་གསལ་ཞིང་ཤེས་རབ་རིག་པ་དྭངས། །རིག་པ་རྣོ་ཞིང་བརྟུལ་ཞུགས་ཤིན་ཏུ་ཆེ། །འདུ་ཤེས་མྱུར་ཅིང་ཚོར་བ་སྐྱེན་བློ་བསྟན། །ཐུགས་རྗེ་ཆེ་ཞིང་བྱིན་རླབས་དྲེགས་པ་འདུལ། །ངས་ཀྱང་བསྟན་ནི་མི་དགོས་བློ་ཅིག་ཡིན། །པད་འབྱུང་བཀའ་འདི་ལོང་ཞིག་བུ། །ལྟ་བ་ཡས་འབུབས་མས་འཇོག་བརྩེགས། །གཞི་མ་སྙིང་རྗེ་ཆེ་ལ་ལོངས་ཀྱང་སྤྱོད། །ལམ་ནི་ཕ་རོལ་ཕྱིན་པ་བཅུ་ལ་སོང"ཞེས་སློབ་དཔོན་ནས་བསྔགས་པ་མཛད་ཅིང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཀྱང"བཻ་རོ་ཙ་ན་ནམ་མཁའ་དག་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །རིན་ཆེན་བཟང་པོ་ཐོ་
རངས་སྐར་ཆེན་བཞིན། །ཁོ་བོ་དེའི་དྲུང་སྲིན་བུ་མེ་ཁྱེར་ཙམ"ཞེས་ཀྱང་བསྟོད་དོ།། ལོ་རྒྱུས་ཞིབ་མཁྱེན་འདོད་ན་གཡུ་སྒྲ་སྙིང་པོ་སོགས་ཀྱིས་བསྒྲིགས་པར་གྲགས་པའི《རྗེ་བཙུན་ཐམས་ཅད་མཁྱེན་པ་བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》དང་། 《སྤྲུལ་པའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ》ཞེས་པར་གཟིགས་ཤིག་ཀྱེ། དེང་ཆར"ཕོ་མ"ཞེས་པའི་འབྲི་ཚུལ་འགའ་ཞིག་མཐོང་བ་སྟེ། 《ལྷོ་ཁའི་དམངས་གཞས་ཕྱོགས་བཏུས》ཞེས་པའི་ནང"ཕོ་བང"ཞེས་དང་། 《བོད་རིག་པ་སྤྱི་བཤད》ནང"ཕུ་མ"ཞེས་པ། སྣ་དཀར་རྩེ་རྫོང་གི་གཞུང་ཡིག་འགའ་རེར"ཕོ་མོ"ཞེས་བྲིས་པ་དག་ལ་རང་རང་གསལ་འགྲེལ་རེ་གནང་རྒྱུ་ཡོད་ངེས་ལ། ཁྱད་པར་དུ་རྒྱ་ཡིག་ནས་བྲིས་པའི་ཡུལ་སྐོར་ལྷུག་རྩོམ་ཕལ་མོ་ཆེའི་ནང"ཕོ་མ"ཞེས་པ"བུ་མོའི"བརྡ་རུ་འཁྲུལ་བའམ་ཡང་ན་རྒྱུ་རྐྱེན་གང་ཡིན་ཆ་མ་རྟོགས་ཀྱང་གཅིག་ལད་གཅིག་ཟློས་ཀྱི་ཚུལ་དུ"ཥྞུསྭེཏྲཻ"ཞེས་པའི་མིང་ཚིག་ཡ་མ་གཟུགས་ཤིག་བཀོལ་སྤྱོད་བྱེད་པ་མང་བས་ཤིན་ཏུ་མ་དག་གོ་ཞེས་གཤེ་ཞིང་དགག་པའི་སྨྲ་སྤོབས་བདག་ལ་མཆིས། རྒྱུ་གང་ཞེ་ན། བདག་གི་ད་བར་མཐོང་བའི་བོད་ཀྱི་ཁུངས་བཙུན་དེབ་ཐེར《པདྨ་བཀའ་ཐང》དང《བཀའ་ཐང་སྡེ་ལྔ》 《ལྷོ་རོང་ཆོས་འབྱུང》 《བོད་ཀྱི་གནས་ཡིག་བདམས་བསྒྲིགས》ཞེས་པ་ཚང་མའི་ནང"ཕོ་མ"ཁོ་ན་གསལ་ཞིང་། ཕོ་མ་ཞེས་པའི་གོ་དོན་གང་ཡིན་སྙམ་ན། 《དུང་དཀར་ཚིག་མཛོད་ཆེན་མོ》ཞུ་བའི་ནང"ཁྱུ་པའམ་ཁྱུ་གཡག་གི་དོན"ཞེས་བསྟན་པ་བཞིན་ཡར་འབྲོག་སྒང་གི་ཡུལ་སྐད་ན་ཁྱུ་གཡག་ལ"ཞོལ་པོ"ཟེར་ཞིང་། 《བོད་རྒྱ་ཚིག་མཛོད་ཆེན་མོ》ཞོལ་པོ་ནི"ལྷ་གཡག"ཅེས་གསལ་བ་དང་ཡང་དེ་ཉིད་ལས"གཡག་ནི་ཚེ་ཐར་དུ་བཏང་བའི་གཡག་ཁྱུ་པ"ཞེས་མགལ་མེ་ཇི་ལྟའི་སྐོར་བ་མང་དུ་བསྐོར་ནས་ད་གཟོད་ཡོས་ཀྱི་མདོ་དོན་རྩམ་པའི་དཔེ་བཞིན་སྐྱེས་མ་ཐག་ལྷ་ཡི་སྒོ་ཟོག་ཏུ་བརྩིས་ནས་མ་འཆི་བའི་བར་རྩྭ་གང་བཟང་དང་ཆུ་གང་ཡག་ཏུ་ཚེ་ཐར་ལ་བཏང་བའི་གཡག་ལ་ཡར་འབྲོག་པས"ལྷ་གཡག་ཞོལ་པོ"ཞེས་སུ་འབོད་པ་དེ་ཉིད་དོ། །འོ་ན་གཡུ་མཚོ་དེར་ཕོ་མ་ཞེས་མིང་ཐོགས་དགོས་དོན་ཇི་ཡིན་སྙམ་ན་དམངས་ཁྲོད་ངག་རྒྱུན་དུ་དེ་དང་འབྲེལ་བའི་ལྷ་སྒྲུང་ལྟ་བུའི་ཤོད་རྒྱུན་འདི་འདྲ་ཞིག་འདུག་པ་གཤམ་གསལ། སྔོན་སྲིད་པ་དང་པོ་ཆགས་པའི་དུས། ད་ལྟའི་ཕོ་མ་གཡུ་མཚོ་ཆགས་ཡུལ་གྱི་ན་ཐང་ཆེའི་ཤར་བྱང་མཚམས་སུ་ལྷ་ཁབ་དང་། ལྷ་ཆེན། ལྷ་ཆུང་ཞེས་སུ་གྲགས་པའི་རིགས་གསུམ་མགོན་པོའི་རང་གཟུགས་ཇི་ལྟ་བའི་རི་ཆུང་ཆེ་ཆུང་གསུམ་ཡོད་པ་ལ། ལྷ་ཁབ་ཏུ་བྱང་ཆུབ་སེམས་དཔའ་ཞིག་སྒོམ་ནས་ཡོད་པའི་ཉེ་གནས་སུ་ལྷ་ཆུང་ན་ཡར་གཞི་ལྷ་ཡི་ཡུལ་ནས་འོངས་པའི་གངས་དཀར་ལྷ་ཡག་ཞོལ་པོ་ཞིག་གིས་བསྙེན་བཀུར་ཞབས་ཏོག་ལེགས་པར་བགྱིས་ནས་ཡོད་སྐད། དུས་ནམ་ཞིག་གི་ཚེ། བྱང་གནམ་མཚོ་ཕྱུག་མོ་ཆེ་ནས་ལྷ་ཁྲིམས་ལས་འགལ་བས་ས་མཐར་སྤྱུགས་པའི་ལྷ་མོ་ཞིག་ལྷ་ཆེན་གྱི་སྟེང་དུ་ལྷུང་ནས་བརྒྱལ་བས་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་དུས་ལས་སྨོན་གྱི་མཐུས་གངས་དཀར་ལྷ་གཡག་ཞོལ་པོ་གནས་འདིར་ལྕི་བ་སྒྲུག་པར་འོངས་པ་དང་འཕྲད་དེ། དེས་དེ་སྐད་ཅིག་ཉིད་དུ་ལྷ་མོ་ཉིད་ལྷ་ཁབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་དྲུང་དུ་བསྐྱལ་བས་དཀར་གསུམ་མངར་གསུམ་ཅན་གྱི་བྱིན་རླབས་ནུས་མཐུས་བརྒྱལ་བ་ལས་སངས་ཤིང་དེ་ནས་རིམ་བཞིན་སྐུ་སྟོབས་གསོས་པར་གྱུར་པས་དུས་དེ་ནས་བཟུང་ལྷ་མོ་གང་དེས་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་ཕའི་འདུ་ཤེས་དང་གངས་དཀར་ལྷ་གཡག་ཞོལ་པོ་ལ་གཅེན་པོའི་འདུ་ཤེས་ཀྱིས་བཀུར་སྟི་ཕུ་དུད་དཔག་ཏུ་མེད་པ་མཛད་ནས་གནས་པ་ལ། མ་བསམས་ས་ན་ལོ་ཞིག་གི་དགུན་དུས་སུ་སྔར་སྲིད་ན་མ་གྲགས་པའི་གངས་ཆེན་ཉིན་མཚན་བདུན་བསྟུད་མར་བབས་པས་ཕྱིའི་རི་ཆེན་ཀུན་ནི་གངས་རིའི་མུ་ཁྱུད་དུ་གྱུར་ཞིང་ནང་གི་ན་ཐང་ཐམས་ཅད་ཀྱང་ལྷ་ཆུང་གི་གཏོས་ལས་མཐོ་བའི་གངས་ཐང་ཆགས་ནས་གངས་དཀར་ལྷ་གཡག་ཞོལ་པོ་གངས་ཀྱིས་མནན་ཏེ་མི་སྣང་བར་གྱུར་པས་ལྷ་མོས"གལ་ཏེ་ན་གུས་མོས་ཕུ་བོར་བཅངས་པའི་རྨ་མེད་ཀྱི་བརྩེ་གདུང་དེ་ཨ་ནི་དགུང་སྨན་རྒྱལ་མོས་མཁྱེན་གྱུར་ཚེ་དེ་མ་ཉིད་གངས་ཐམས་ཅད་བཞུ་བར་གྱུར་ཅིག"ཅེས་པའི་བདེན་ཚིག་བོར་གྱིན་དྲག་ཏུ་བཤུམས་པས་ལྷ་མོའི་སྤྱན་ཆབ་གང་ལྷུང་དེ་དག་དམར་པོའི་མེ་ལྕེར་འབར་བས་དཀར་པོའི་གངས་གསོག་དེ་མུར་བཞུར་ནས་སྔོན་མོའི་མཚོ་མོ་ཆགས་ཤིང་ལྷ་ཁབ་དང་ལྷ་ཆེན། ལྷ་ཆུང་གསུམ་མཚོ་མོའི་ནང་གི་གླིང་ཕྲན་དུ་གྱུར་ནའང་གངས་དཀར་ལྷ་གཡག་ཞོལ་པོ་ཉིད་ནི་སྔ་ས་ནས་ཚེ་འདུ་བྱེད་སྟོང་པ་ལ། ཕྱིས་རྗེས་རབས་པས་དྲིན་གཟོའི་ཕྱིར་མཚོ་མོ་དེ་ཉིད་ཀྱི་མཚན་དུ་ཕོ་མ་གཡུ་མཚོར་བཏགས་ཞེས་གྲགས་སོ། ། གང་ལྟར་ནའང་ལྷ་ཁབ་ཅེས་པ་ནི་སྒྲུབ་གནས་བྱིན་ཅན་བསམ་གྱིས་མི་ཁྱབ་པ་འབའ་ཞིག་ཏུ་འཁུམས་ཏེ། རྟ་ཚག་ཚེ་དབང་རྒྱལ་གྱིས་མཛད་པའི《ལྷོ་རོང་ཆོས་འབྱུང》ལས། "ཕོ་མ་ལྷ་ཁབ་རྣམས་སུ་སྒྲུབ་པ་མཛད་ཅིང་བཞུགས། ཕོ་མ་བྱ་ཚང་དམར་པོ་བྱ་བའི་བྲག་ཅིག་ལ་བཞུགས་པའི་ཚེ། མི་མ་ཡིན་རྣམས་ཀྱིས་བར་ཆོད་བྱས་པས་མ་ཚུགས། གཞུང་དུ་རྔོག་པའི་སར་བྱོན་ནས་དེའི་ལུགས་ཀྱི་དབང་རྒྱུད་མན་ངག་རྣམས་གསན། སློབ་དཔོན་སྒོམ་ཚུལ་ལྷ་སར་བཞུགས་པ་ལ་དེར་མཇལ་བྱོན"ཞེས་དང་། 《བོད་ཀྱི་གནས་ཡིག་བདམས་བསྒྲིགས》ལས། མཛད་བྱང་མི་གསལ་བའི《ཡར་འབྲོག་དང་ལྷོ་བྲག་མཚམས་ཀྱི་ཕོ་མ་གཡུ་མཚོའི་གནས་ནས་མགོ་བཟུང་ལྷོ་བྲག་སྟོད་སྨད་དང་ལ་ཕྱི་ནང་གི་ལོ་རྒྱུས་སྣ་ཚོགས་པ་ཞིབ་པ་བཞུགས་སོ》བྱ་བ་ལས། "ངེས་པའི་དོན་གྱི་སྙིང་པོའི་དོན་མཐའ་དག་གིས་བསྟན་པ་རྨ་མེད་པར་སྤེལ་ཞིང་སྐྱོང་བར་སངས་རྒྱས་ཀྱིས་མདོ་སྡེ་པདྨ་དཀར་པོར་ལུང་བསྟན་པས་སོ། ། དྭགས་པོ་ཟླ་འོད་གཞོན་ནུའམ་སྒམ་པོ་བའི་སློབ་མ་རྟོགས་པའི་བཀའ་བབས་ཤིང་རྒྱལ་བའི་དབང་པོ་དུས་གསུམ་མཁྱེན་པའི་བླ་མ་ཡང་ཡིན་པ། ལྷོ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་ཀྱིས་(འཁྲུངས་ས་ལ་ཡག་སྟོད་ཀྱི་ཕོ་བྲང་སྟེང)ཕོ་མ་ལྷ་ཁབ་ཏུ་རྒྱུན་རིང་བཞུགས་ཤིང་། དེའི་ཉེ་ལོགས་ཀྱི་བྲག་ལ་བཞུགས་པས། བོད་ཁམས་ཀྱི་ལྷ་འདྲེ་ཐམས་ཅད་འཚོགས་ནས་སྒྱོགས་འཕངས་ཀྱང་གཡུལ་ལས་རྒྱལ་བའི་གནས་ཡིན་ནོ། ། དབོན་རས་དར་མ་སེང་གེས་བཀའ་གནང་ནས། རྒོད་ཚང་པ་མགོན་པོ་?་རྗེས(འཁྲུངས་ས་ལ་ཡག་སྨད་ཀྱི་དོ་ལོ་ཆུང་ཁྲ)ཕོ་མ་ལྷ་ཁབ་ཏུ་ལོ་གསུམ་བླ་སྒྲུབ་མཛད། མཚོ་ལུད་པ་དང་གནམ་སྦྲུལ་བབས་པའི་མཛེ་བྱུང་ས་སོགས་ཀྱང་ལྷ་ཁབ་ཡིན་ནོ།། རོག་འཁྲུལ་ཞིག་ཆེན་པོས་ཀྱང་ཕོ་མ་ལྷ་ཁབ་ཏུ་སྒྲུབ་པ་མཛད་དོ"ཞེས་འཁོད་པ་དང་། གཞན་ད་དུང་མཐུད་དགའ་ལྡན་མཐོ་སྨོན་གླིང་ཕྱག་འདེབས་པོར་གྲགས་པའི་འཇམ་དབྱངས་ཀུན་དགའ་དཔལ་ལྡན་བླ་སློབ་ཟུང་ཡང་གནས་དེར་བཞུགས་ཚུལ་དམངས་ཁྲོད་རྒན་པོའི་ངག་རྒྱུན་ལས་ཐོས། འབྲེལ་ཡོད་དཔྱད་ཡིག་ལས་གསལ་བ་ལྟར་ན། ཕོ་མ་གཡུ་མཚོ་ནི་སྣ་དཀར་རྩེ་རྫོང་ཁོངས་སུ་གནས་ཤིང་། རྒྱ་མཚོའི་ངོས་ལས་མཚོ་ཚད་སྤྱི་ཁྲེ5010ཟིན་པ་དང་། ཡར་འབྲོག་གཡུ་མཚོའི་ལྷོ་ཕྱོགས་ཀྱི་རི་བོ་ཧི་མ་ལ་ཡའམ་རི་བོ་གངས་ཅན་བྱ་བའི་བྱང་རྒྱུད་ཀྱི་རི་མདུན་གཤོང་སར་འཁྱིལ་ནས་ཡོད་ཁར་ཕྱོགས་བཞི་རི་བོས་བསྐོར་ཅིང་། བྱང་རྒྱུད་ཀྱི་མཚོ་ངོགས་ནི་དཀན་གཟར་གྱི་རི་བྲག་ལ་ཐུག་པ་དང་། ཤར་ནུབ་གཉིས་ནི་ཆུ་ལོག་གིས་བདས་བསགས་ཐེབ་པའི་གྲམ་ཐང་ཡིན་ལ། ལྷོ་ཕྱོགས་ནི་འཁྱག་ཆུའི་རང་གཤིས་ཅན་གྱི་ན་ཐང་དུ་གྲུབ་པས་ས་བབ་ཡངས་བར་མངོན། ཤར་ཕྱོགས་སུ་ཆུ་མོ་རྒྱུ་ལམ་ཞིག་ཡོད་པ་ནི་ལོ་རེའི་ཆར་ཆུ་ཆེ་ཆུང་གི་འབབ་བབ་བསྟུན་ནས་གདོང་སྐྱའི་ཕུ་བརྒྱུད་ཐད་ཀར་ཡར་འབྲོག་གཡུ་མཚོའི་ནང་ཞུར་འགྲོ་བ་གོང་གི་མཁར་གདོང་གཞུང་ཆུའི་གནས་སྐབས་སུ་གླེང་ཟིན་པས་འདིར་བསྐྱར་ཟློས་མི་བྱེད། གཡུ་མཚོའི་ཤར་ནས་ནུབ་བར་གྱི་རིང་ཚད་ལ་སྤྱི་ལེ32.55ཡོད་པ་དང་། ལྷོ་བྱང་གི་ཆ་སྙོམས་ཞེང་ཚད་ལ་སྤྱི་ལེ8.93ཡོད་ཅིང་ཁ་ཞེང་ཆེ་ཤོས་སུ་སྤྱི་ལེ14ཡོད་ལ། མཚོ་མོའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་མ295དང་མཚོ་མཐའི་འཁོར་རྒྱའི་རིང་ཚད་ལ་སྤྱི་ལེ94ཙམ་ཟིན་པས་བོད་ལྷོའི་འཛིན་མའི་ལྟོ་བར་འཁྱིལ་བའི་ཆེས་མཐོ་ཤོས་ཀྱི་མཚོ་ཞིག་ཡིན། མཚོ་དཀྱིལ་གྱི་ཤར་བྱང་མཚམས་སུ་གླིང་ཕྲན་ཆུང་ངུ་གསུམ་མཆིས་པའི་མཐོ་ཚད་ཧེ་བག་ནི་སྤྱི་ཁྲེ26~114ལྡན་ལ། གླིང་ཕྲན་དག་གི་རྒྱ་ཁྱོན་ནི་ཁག་སོ་སོར་སྤྱི་ཁྲེ་ངོས་གྲུ་མ0.12དང0.32དང0.95བཅས་ཡིན་པ་ལས་ཆུང་བ་དུས་བྱའི་རིགས་ཀྱི་སྒོ་ང་གཏོང་ཡུལ་དང་ཆེ་བ་མཐུད་གྲོང་ཚོའི་དགུན་ཨ་གྲང་ད་གྲང་གི་དུས་ཏེ། ལོ་རེའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་ཕྱི་ལོའི་བོད་ཟླ་དང་པོའི་ཚེས་ཉི་ཤུའི་བར་ཕོ་མ་གཡུ་མཚོར་དར་ཆགས་པའི་དུས་ཡིན་པས་དགུན་དུས་ཟླ་གཅིག་རིང་གི་ར་ལུག་འཚོ་སྐྱོང་བྱེད་གནས་ལེགས་པོ་ཞིག་ཡིན་ཚུལ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་བཟོ་སྒྲིག་བྱས་པའི་མུ་སྦྲེལ་བརྙན་འཕྲིན་དངོས་འབྲིའི་དཔར་གཞི《འཛམ་གླིང་ཡང་རྩེ》ཞེས་པའི་ནང་ངོ་སྤྲོད་ཞུས་པ་ལྟར་རོ།། མཚོ་མཐའ་ནི་བོད་ལྷོ་རྒྱུད་ཀྱི་ཕྱེད་སྐམ་ཤས་ཆེ་བའི་རི་ཁུལ་རྩྭ་ཐུང་རྩྭ་ཐང་གི་ཁོངས་སུ་གཏོགས་པ་ལ། ལོ་རེའི་ཆར་ཆུ་བབ་ཚད་སྟོང་ཆའི་སྤྱི་ཁྲེ300གཡས་གཡོན་དང་ལྡན་གཤིས་རྩྭ་ལྗང་སྐྱེ་འཚར་ལེགས། མཚོ་མོའི་ཆུ་ཁུངས་གཙོ་བོ་ནི་ཆར་ཆུ་དང་གངས་འཁྱག་བཞུར་བའི་ཆུ་རྒྱུན་ཡིན་ལ། ཆུ་རྒྱུན་ཅུང་ཆེ་བ་ཁག་དྲུག་ཡོད་པ་ལས་ནུབ་ཕྱོགས་ཀྱི་ཕོ་མོ་བྱང་བཏང་གི་གངས་སྦྲིག་ལུང་ཤུར་ནས་རྒྱུག་ཡོང་བའི་བརྒྱ་ཆུ་ཆུ་མོ་ནི་ཆེ་ཤོས་དེ་ཡིན། མཚོ་ཆུའིpHགྲངས་ཐང་ནི8.7ཡིན་པ་ལ། གཏེར་རྒྱུ་འདུས་ཚད370.9ཟིན་པས་ནང་འཁྱིལ་ཚྭ་མེད་མཚེའུར་གཏོགས། ཁྱད་པར་དུ། གཡུ་མཚོ་ནི་ཕྱི་མཐའ་གངས་དཀར་མུ་ཁྱུད་ཀྱི་ཕྱེད་ཟླའི་གཟུགས་སུ་བསྐོར་བ་ལས་དྭངས་གཙང་གངས་ཆབ་བསིལ་མ་ལྷུང་ལྷུང་དུ་བབས་པའི་ནང་རོལ་ན་བར་མཐའ་སྔོ་ལྗང་རྩྭ་ཐང་གིས་ལེགས་པར་བཀླུབས་པའི་དཀྱིལ་དུ་བདག་ཡོད་དཀར་ནག་ཕྱུགས་རིགས་དང་བདག་མེད་གཅན་གཟན་རི་དྭགས་སོས་དལ་བག་ཕེབས་སུ་རོལ་བའི་དབུས་ན་ཆེས་ཆེ་བའི་རིན་ཆེན་དབང་སྔོན་གྱི་མཎ་དྲལ་ལྷུན་དུ་གྲུབ་པ་ལྟར་སྔོ་ལམ་མེར་འཁྱིལ་ནས་ཡོད་པས་ན། གནས་དེ་བཞིན་རི་མཐོ་ས་གཙང་ཁོ་ནར་སོང་གཤིས་སྦག་བཙོག་གི་གཡའ་དང་བྲལ་བའི་དག་ཞིང་འབའ་ཞིག་ཡིན་སྟབས། ཉེ་བའི་ཆར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ལྗོངས་རྒྱུ་བ་མང་ནས་མང་དུ་འགྲོ་བཞིན་མཆིས་ན་ཐབས་དམ་པ་ནི་ཅིས་ཀྱང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་གནང་གལ་ཤིན་ཏུ་ཆེ་ཞེས་སྐུལ་འདོད། གངས་དཀར་མུ་ཁྱུད་ཕྱེད་ཟླ་འཚེར་བའི་དབུས། །སྔོ་ལྗང་རྩྭ་ཐང་དར་གྱི་མཐའ་ཤན་ཅན། །རིན་ཆེན་དབང་སྔོན་མཎ་དྲལ་ཕུལ་འདྲ་འདི། །བཻ་རོའི་བླ་མཚོ་ཕོ་མ་གཡུ་མཚོ་ལགས་ཞེས་པ་ནི་བར་སྐབས་ཀྱི་ངལ་གསོའི་ཚིགས་བཅད་དོ། །
མཐུད་ཅེས་པ་ནི། བྱང་གི་སྦོ་ལ་དང་ལྷོ་ཡི་སྨོན་མདའ་ལ་གཉིས་ཀྱི་བར་མཚམས་ན་གནས་པས་ཡར་འབྲོག་དང་ལྷོ་བྲག་གཉིས་འབྲེལ་མཐུད་ཀྱི་གོ་དོན་དང་ལྡན་པའི་ཆ་ནས་བཏགས་པར་སྙམ་མོད། ད་དུང་ན་དགའ་ལྡན་མཐོ་སྨོན་གླིང་ཕྱག་འདེབས་ལོ་རྒྱུས་དང་འབྲེལ་བའི་ལྷ་སྒྲུང་ཇི་ལྟའི་འགྲེལ་ཚུལ་གཞན་ཞིག་ཀྱང་མཆིས་པ་ནི། སྔོན་གྱི་ཚེ། འཇམ་དབྱངས་ཀུན་དགའ་དཔལ་ལྡན་བླ་སློབ་ཟུང་དགུན་ཕུ་ལུང་དགོན་བྱ་བར་བཞུགས་ལ། དབྱར་ལྷ་ཁབ་ཏུ་སྒོམ་གྱིན་ཡོད་པའི་དུས། ནུབ་གཅིག་བླ་མའི་མནལ་ལམ་དུ་མི་དཀར་གཡག་དཀར་ལ་བཞོན་པ་ཞིག་ལྷ་ཁབ་ཏུ་བྱོན་ནས"རིགས་ཀྱི་བུ་ཁྱོད་ཉོན་ཅིག ད་ནི་སྐྱེས་འགྲོའི་ཕྱིར་དབྱར་གནས་ལྷ་ཁང་ཞིག་བརྩིག་རན། གནས་གང་དུ་ཞེ་ན་མགོན་པོས་ལུང་སྟོན་པར་འགྱུར་རོ"ཞེས་འཇའ་ལྟར་ཡལ་ལོ། ། སང་ཉིན་ནམ་ལངས་ཉི་ཤར་སྔ་ཆ་ན། སྒྲུབ་ཕུག་གི་ཐད་དུ་ཕོ་རོག་ནག་ཆུང་ཡིད་དུ་འོང་བ་ཞིག་བྱུང་ནས་བླ་མའི་གཏོར་
གཞོང་ཆུང་ངུ་དེ་མཆུས་བཟུང་ནས་འཕུར་བའི་ཚེ། བླ་མས་དེ་ནི་མགོན་པོ་བྱ་གདོང་མའི་རྣམ་སྤྲུལ་ཡིན་པ་མཁྱེན་པས་མགྱོགས་སྟབས་སུ་ཕོ་རོག་དེའི་རྗེས་སྙེག་གིན་གང་དུ་འབབ་སོང་བ་བལྟས་ཙ་ན། ད་ལྟའི་ལྷ་ཁང་ཡོད་སའི་བྲག་སྟེང་ལ་བབ་སོང་བ་ལ། བླ་མས་དེ་མུར་ལྷ་ཁབ་ནས་བྲག་དེའི་བར་ཕོ་མ་གཡུ་མཚོའི་ཆུ་ཐོག་ཏུ་སྣམ་དཀར་སྲིད་དུ་རིང་འདྲའི་ལམ་བུ་ཞིག་སྤྲུལ་ནས་བུ་སློབ་དེའི་སྟེང་སྔོན་དུ་བཏང་ནས་ཕྱི་མིག་ལྟ་མི་རུང་བའི་ཁ་ཏ་མཛད་དེ་བླ་མ་རང་ཉིད་མཇུག་ཏུ་སྣམ་དཀར་གྲུ་གུ་ཇི་བཞིན་སྒྲིལ་གྱིན་ཕེབས་པའི་ཚེ། མ་བསམས་ས་ན་བུ་སློབ་དེའི་བསམ་པར་ང་ནི་བདེ་བར་བགྲོད་ཀྱིན་ཡོད་མོད། འོན་ཏེ་ངའི་བླ་མ་ཅི་དྲག་སྙམ་ནས་ཕྱི་མིག་ལན་གཅིག་ལྟ་བར་ཐལ་བས་དེ་མུར་སྣམ་དཀར་དུམ་དུ་ཆད་ནས་ཅུང་ཟད་མིན་ན་བུ་སློབ་དེ་མཚོ་ནང་དུ་ལྷུང་བར་གྱུར་བས་ན་བླ་མས"ཨ་ཁ"ཞེས་མགོན་པོ་བྱ་གདོང་མ་སྒོམ་པས་ཆད་དུམ་མཐུད་པར་གྱུར་བས་མཐུད་ཅེས་མིང་དུ་ཐོགས་སྐད། དེ་རྗེས་བླ་མས་རྫུ་འཕྲུལ་གྱི་མཐུ་ནུས་ལ་བརྟེན་ནས་ལྷ་ཁང་ལ་མཁོ་བའི་ཤིང་ཆ་མཚོ་མོ་བརྒྱུད་དབོར་བར་གྲགས་པས་བྲག་འོག་ན་ལྕམ་གདུང་ཟུག་ཤུལ་ཡིན་ཞེས་པའི་ཁུང་བུ་ཆེ་ཆུང་སྣ་ཚོགས་དུས་ད་ལྟའང་མཇལ་རྒྱུ་འདུག་གོ། །
མཐུད་དགའ་ལྡན་མཐོ་སྨོན་གླིང་ལྷ་ཁང་ཞུ་བ་ནི། གོང་ཞུས་ལྟར་འཇམ་དབྱངས་ཀུན་དགའ་དཔལ་ལྡན་མཆོག་གིས་བོད་རབ་བྱུང་དགུ་པའི་ནང་ཕྱག་བཏབ་པར་གྲགས་ཤིང་། དེ་སྔོན་སྒོ་མཆོར་ཀ་བ་གཉིས་ལྡན་གྱིས་བརྒྱན་པའི་འདུ་ཁང་ཀ་བ་ཚེ་རིང་རྣམ་དྲུག་གི་གྲངས་ལྡན་དང་། གཟིམ་ཆུང་ཀ་གཅིག་མ། མགོན་ཁང་ཀ་གཅིག་མ་བཅས་ཀྱི་ནང་བཞུགས་སུ་གསོལ་བའི་རྟེན་གསུམ་ནི་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་?་རྗེ་འཆང་མི་ཚད་མ་དང་། གུ་རུས་ཕོ་མ་གཡུ་མཚོ་ནས་གཏེར་དུ་བཞེས་པར་གྲགས་པའི་?་ནག་གི་མ་ཎི་རང་བྱོན་དང་?ར་དྲིལ་གཏེར་མ། འབུམ་རྒྱས་པའི་དབུས་ཕྱག་དཔེ་སྣ་ཚོགས་སོགས་ཡོད་སྐད་ལ། གཞན་ད་དུང་གྲྭ་ཤག་དང་། རུང་ཁང་། གཉེར་ཚང་སོགས་ཀ་བ་བཅུ་གཉིས་ཙམ་ཡོད་པ་ལ་རྒྱུན་བཞུགས་དགེ་འདུན་ཞལ་གྲངས་ཉེར་ལྔ་ཙམ་ཡོད་སྐད་ཀྱང"རིག་གསར"སྐབས་རྦད་དེ་རྨེག་མེད་དུ་སོང་ནས་ཤུལ་དུ་ལུས་པ་ནི་གྱང་རོ་ཙམ་མོ། ། དེ་རྗེས་དུས་རབས་གོང་མའི་སྤྱི་ལོ1987ལོ་ནས་དབུ་བཙུགས་ཏེ་རྒྱལ་སྲས་ཚུལ་ཁྲིམས་བཟང་པོའི་གཙོ་སྐྱོང་འོག་སྔོན་ས་རང་གནས་སུ་ཉམས་བཟོ་ཞུས་ཏེ་སྤྱི་ལོ2005ལོ་བར་འདུ་ཁང་ཀ་བ་བཞི་དང་། བཙན་ཁང་ཀ་བ་གཉིས། མགོན་ཁང་ཀ་བ་གཅིག གཟིམ་ཆུང་ཀ་བ་གཅིག མ་ཎི་ལྷ་ཁང་། གསོལ་ཐབ་ཀ་བ་གཅིག་བཅས་ལེགས་པར་གྲུབ་པའི་ནང་སྐུ་རྟེན་གཙོ་བོ་ནི་སྐུ་རྒྱུ་སྨན་འདམ་ལས་སྒྲུབ་པའི་གུ་རུ་སྣང་སྲིད་ཟིལ་གནོན་མི་ཚད་མས་དབུས་པའི་གསེར་ཟངས་ཀྱི་?་རྗེ་འཆང་ལ་སོགས་པ་དང་། གསུང་རྟེན་དུ་འབུམ་ཆ་ཚང་གཅིག ཐུགས་རྟེན་དུ་གུ་རུས་ཕོ་མ་གཡུ་མཚོ་ནས་གཏེར་དུ་བཞེས་པར་གྲགས་པའི་?་ནག་གི་མ་ཎི་རང་བྱོན་དང་?ར་དྲིལ་གཏེར་མ་བཅས་བཞུགས་སུ་གསོལ་ནས་འདུག ཆོས་རྒྱུད་གྲུབ་མཐའི་ཐད་སྔོན་ཚེ་དཔལ་ལྡན་འབྲུག་པ་བཀའ་རྒྱུད་ཕྱག་ལེན་གནང་གི་ཡོད་ནའང་སྤྱི་ལོ1992ལོར་རྒྱལ་སྲས་ཚུལ་ཁྲིམས་བཟང་པོ་སྐུ་ཉིད་བྲག་ར་བསམ་གཏན་ཆོས་གླིང་དུ་རྙིང་མ་བྱང་གཏེར་བ་ཕྱག་བཞེས་ཉམས་ལེན་མཛད་པས་ད་མཚམས་རྙིང་མ་བྱང་གཏེར་དུ་གྱུར་རོ། །སྒྲུབ་མཆོད་གཙོ་བོ་ནི་ལོ་ལྟར་འབུམ་སྒྲོག་ཚར་རེ་དང་འཁྲུག་སྐོང་གཏོང་ལ། ལོ་གཉིས་རེའི་མཚམས་སུ་ཕྱྭ་འཕྲིན་ནོར་བུ་ཕྱོགས་རྒྱལ་གྱི་གཡང་འགུགས་ཐེངས་རེ་བྱེད་ཀྱིན་ཡོད་སྐད།
འཇམ་དབྱངས་ཀུན་དགའ་དཔལ་ལྡན་ཞུ་བའི་ཐད། ཁོ་བོས་ལོ་རྒྱུས་ཡིག་རིགས་ཇི་ལྟར་བཙལ་ཀྱང་མིག་གི་དགའ་སྟོན་དུ་མ་གྱུར་བས་སྔ་འཕྲོས་ས་བཅད་མ་སྟོང་ཙམ་དུ་སྣ་དཀར་རྩེ་རྫོང་ཨུད་འཐབ་ཕྱོགས་གཅིག་འགྱུར་པུའུ་ནས་བསྒྲིགས་པའི་ལྕགས་པར་ཅན་གྱི《ཡར་འབྲོག་ཁུལ་གྱི་དགོན་ཐོ་གནད་བསྡུས》ནང་ཇི་འཁོད་སྣོན་འཕྲི་སྤོར་འཐེན་མེད་པར་བཀོད་དེ་ཕྱི་རབས་པར་དེ་དོན་ཞིབ་འཇུག་གི་དཔྱད་གཞིའི་ཚུལ་དུ་ཕུལ་བ་འདི་ལྟར་ཏེ། "བླ་མ་འཇམ་དབྱངས་ཀུན་དགའ་དཔལ་ལྡན་ནི། ལྷོ་ཁ་གྲ་ནང་དུ་སྐུ་འཁྲུངས་ཤིང་། དབུས་ཀྱི་བདེ་ཆེན་ཆོས་འཁོར་དུ་བཀའ་རྒྱུད་པའི་གྲུབ་མཐའ་ཕྱག་བཞེས་ཀྱིས་མ་ལུས་ཐམས་ཅད་ཁོང་དུ་ཆུད་པར་སྦྱང་བརྩོན་བྱས་པ་ས་སྤོང་རྟོགས་ཀྱི་ཡོན་ཏན་རབ་ཏུ་རྒྱས། དགུང་གྲངས་ཉེར་གསུམ་པར་དབུས་ནས་སྣ་དཀར་རྩེ་བརྒྱུད་ཡར་འབྲོག་ཕུ་ལུང་བྱ་བར་སྒྲུབ་པར་བཞུགས་ཤིང་ལྷ་ཁང་ཆུང་ངུ་ཞིག་བརྩིགས་པའི་རྗེས་ཤུལ་དུས་ད་ལྟའང་ཡོད། དེ་ཡང་དགུན་ཕུ་ལུང་དུ་བཞུགས་ལ། དབྱར་ཕོ་མ་ལྷ་ཁབ་ཏུ་བཞུགས་སྐད། དེ་ནས་མཐུད་དགའ་ལྡན་མཐོ་སྨོན་གླིང་བཞེངས་པས་དགོན་དེར་རྒྱུན་བཞུགས་མཛད། དགུང་གྲངས་ང་བདུན་ཙམ་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ་སྐད"མཐུད་དགའ་ལྡན་མཐོ་སྨོན་གླིང་ན་བླ་མ་གང་དེའི་ཕྱག་རྗེས་རང་བྱོན་མཇལ་རྒྱུ་ཡོད་དོ། ། མཆོད་མཇལ་གྲུབ་མཚམས་ཚེ་རིང་ཀྲུའུ་རེན་ལགས་ཀྱིས་ཁོ་བོའི་གཟུགས་གཞིའི་བདེ་ཐང་ལ་ཐུགས་འཁུར་ཟབ་བཞེས་གནང་སྟེ་སྔ་ཙམ་ས་བབ་དམའ་བའི་ཞྭ་མདར་འགྲོ་དགོས་པའི་རྟིང་སྐུལ་ཡང་ཡང་མཛད་མོད། དེང་དུས་དྲྭ་ཐོག་ན་ལྗོངས་རྒྱུ་བ་ཞིག་གིས་ཕོ་མ་གཡུ་མཚོར་བསྟོད་པའི་ཞོར་དུ་མཐུད་གྲོང་ཚོ་ནི་ཆེས་ངོ་མཚར་ལྐོག་འགྱུར་གྱི"བྱིས་སྒྲུང་ཞིང་ཁམས་ཀྱི་གདོད་མའི་ཚོ་པ"ཞིག་ཏུ་བརྩིས་ནས"མཐུད་ཅེས་པ་འབྲེལ་མཐུད་ཀྱི་གོ་དོན་དང་ལྡན་ན་ཡང་དོན་དངོས་ཐོག་ཕྱི་ཕྱོགས་དང་འབྲེལ་ལམ་མི་ཆེ་སྟེ། སྤྱི་ལོ2005ལོར་ཀྲུང་ལྗར་མཉམ་སྦྲེལ་རི་འཛེགས་རུ་ཁག་ཅིག་སྟེས་དབང་དུ་གནས་དེར་སླེབས་པ་ཙམ་ལས་ཕྱི་མི་ཧ་ལམ་སླེབས་མ་མྱོང་ཞེས་ཧ་ལམ་གོ་ལ་གཞན་ཞིག་གམ་ཡང་ན་སྒོ་བཀག་ནང་སྡོམ་ཅན་དུ་བྲིས་པ་དང"སྐྱེས་པ་ངོ་ཚ་སྨིན་ལ་བུད་མེད་བློ་གཤོགས་ཆེ་བ"ཞེས་དང་ཐ་ན"གྲོང་ཚོའི་ཚོ་དཔོན་ནི་ཉམས་ཆུང་བྱིས་པ་ཞིག་དང་འདྲ"ཞེས་བོད་མིའི་ཕོ་མོ་དང་རྒན་གཞོན་གྱི་མ་མཐའི་གཤིས་རྒྱུད་ལྡོག་འབྲི་བྱས་པ། དེ་བས་དགོད་བྲོ་བ་ཞིག་ལ"ད་དུང་ཕྱུར་བ་རིགས་ཤིག་ཡོད་པ་དེ་ཉིད་ཧ་ཅང་མཁྲེགས་ལ་སྐྱུར་མོད། འོན་ཏེ་ཚ་དྲོད་ཆེ་བར་བཤད་པས་ས་གནས་དེ་གའི་མི་ཚོས་དུས་ཡུན་ཟླ་རེ་གཉིས་ཕྱུགས་རིགས་འཚོ་སྐབས་དེ་ཁོ་ནར་བརྟེན་དགོས་གཤིས་ཕྱོགས་ཐོན་སྐབས་མགུལ་དུ་ཕྱུར་བ་ཕྲེང་བ་རེ་གཉིས་གྱོན་ཏེ་འགྲོ"ཞེས་བོད་མིའི་འཚོ་སྤྱོད་གོམས་སྲོལ་ལས་འདས་པའི་འུད་སྒྲོག་དང་། ཡང"ཡུལ་དེར་སློབ་ཆུང་མེད་པས་སློབ་བྱོལ་བྱིས་པ་མང"ཞེས་རྟོག་བཟོ་ཧམ་འབྲི་བྱས་པ་སོགས་མཐོང་བྱུང་བས་ད་ལམ་ས་གནས་ས་ཐོག་ཏུ་བསྐྱོད་ནས་དངོས་དོན་གང་ཡིན་ཤ་བཤད་རྒྱུས་བཤད་གནད་འཁེལ་ཞིག་བྱ་འདོད་ཡོད་ཚུལ་ཁོང་ལ་ཞུས་པས་ཁོང་ཤིན་ཏུ་ནས་མཉེས་པར་གྱུར་ནས་དེ་མུར་ངེད་གཉིས་ལྷ་ཁང་ནས་རྒྱང་ཁྱད་ཧ་ལམ་ཕོ་འདོམ་བརྒྱ་ལྷག་ཆོད་པའི་ཤར་ཕྱོགས་ཀྱི་རི་འདབས་སུ་གནས་པའི་མཐུད་གྲོང་ཚོ་དེར་ཆས། གྲོང་ཚོ་དེ་བཞིན་དུས་རབས་གོང་མའི་སྤྱི་ལོ1980ལོར་ད་ལྟའི་གནས་དེར་གསར་སྤོས་བྱས་ཤིང་། སྤྱི་ལོ2006ལོར"བདེ་སྡོད་ལས་གྲྭ"ལག་བསྟར་གྱིས་གསར་རྒྱག་བྱས་པ་ཞིག་ཡིན་པས་རྒྱང་ནས་བལྟས་ན་འཆར་འགོད་ལེགས་ལ་བཟོ་བཀོད་མཛེས་ཤིང་། སྒེའུ་ཁུང་ཆེ་བས་དཀར་ཆ་དོད་ལ་ཚ་དྲོད་ཆེ་བ་ཡོད་ཁོ་ཐག་སྙམ་པའི་?་རྩིག་གི་ཁང་བཟང་སྟར་ཕྲེང་ཚར་དུ་དངར་བ་དག་གི་ཟུར་ལྕོག་སྟེང་དུ་བཙུགས་པའི་གནམ་སྔོ་སྤྲིན་དཀར་མེ་དམར་ཆུ་ལྗང་ས་སེར་ཅན་གྱི་དར་ལྕོག་སྟོན་ཐོག་མའི་སྐྱི་བསེར་རླུང་བུས་ལྷབ་ལྷུབ་ཏུ་གཡོ་བའི་ཚུལ་འདི་ནི་ངོ་མ་རྒན་པོ་ཁོ་བོ་གནས་དེར་འབྱོར་བར་དགའ་བསུ་བྱེད་པ་དང་གཉིས་སུ་མ་མཆིས་ལ། གྲོང་གི་དཀྱིལ་དབུས་སུ་རྒྱ་ཁྱོན་དེ་ཙམ་མི་ཆེ་བའི་?་གཅལ་ཅན་གྱི་ཐང་སྡེར་དབུས་ན་བཙུགས་པའི་ངར་ལྕགས་སྦྲིབ་སྟོང་རིང་པོའི་རྩེ་མོར་ལྷབ་ལྷུབ་གཡོ་བའི་སྐར་ལྔའི་དར་དམར་དེ་ནི་མངོན་གསལ་གཞན་ལས་དོད་པས་ལྷོ་བྲག་ཕྱོགས་ནས་ཕེབས་པའི་སྤྱན་ལྡན་སྐུ་མགྲོན་ཡོད་དོ་ཅོག་གི་སྨོན་མདའ་ལ་མོ་བརྒལ་ཏེ་ཕོ་མ་གཡུ་མཚོའི་ལྷོ་ཡི་རི་ཟུར་ཐུར་བགྲོད་ཅན་དེའི་རྩེ་མོར་འབྱོར་མ་ཐག་སྤྱན་ལམ་དུ་དང་པོར་གཟིགས་ངེས་པས་དེ་ནི་ཀྲུང་གོའི་བོད་ལྗོངས་ཀྱི་ས་བབ་ཆེས་མཐོ་བའི་མཐའ་མཚམས་སྲིད་འཛིན་གྲོང་ཚོ་ཞིག་ཡིན་པའི་དཔང་རྟགས་འབའ་ཞིག་ལགས། དེ་དང་མི་རིང་བའི་བྱང་མཚམས་ཀྱི་རི་འདབས་ན་སྤྱི་ཁང་དུ་གྲགས་པའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ལས་ཤག་ཧ་ཡང་ལྕགས་བསྲེས་མའི་ཤེལ་གླིང་ཅན་གྱི་མདུན་དེ་ནས་སྐུ་སྟོད་དུ"B.S.D."རྟགས་ཅན་གྱི་བྱ་སྤུའི་ཕྱི་གོས་སྔོ་ནག་གྱོན་པའི་གྲོང་ཚོའི་ཚོ་དཔོན་པདྨ་ལགས་དང་མཇལ་བྱུང་ཞིང་། ཁོང་ནི་དེ་སྔོན་ང་རང་རྫོང་འཐུས་མི་རྒྱུན་ཨུད་དུ་བྱ་བར་གཞོལ་སྐབས་ཀྱི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་བདག་དང་འབྲེལ་འདྲིས་ལྷག་པར་ཆེ་སྟབས་ངེད་གཉིས་ཕན་ཚུན་ཁྱེད་སྐྱིད་ང་བདེའི་ཁམས་འདྲི་གྲུབ་མཚམས་ཁོ་བོས་ཀུ་རེའི་ཚུལ་དུ"མི་ཚོས་ཁྱེད་རང་ཉམ་ཆུང་བྱིས་པ་ཞིག་དང་འདྲ་ཞེས་བྲིས་ནས་འདུག"ཅེས་གོང་བརྗོད་དྲྭ་ཐོག་ནས་མཐོང་བ་དག་ཚར་གཅིག་སྨྲས་པ་ལ། གྲོང་ཚོའི་ཚོ་དཔོན་པདྨ་ལགས་ཀྱིས་ཞལ་ལས"དཔེ་འབིད། (རེད། ) ང་རང་འདི་ལོ(སྤྱི་ལོ2016)ལོ་ན་ང་དྲུག་ཏུ་སླེབས་པའི་སྤོ་བོ་ཞིག་ཡིན"ཞེས་སྨྲ་ཞོར་དུ་ལྕེ་ལེབ་ཅུང་ཟད་བསྣར་ནས་མི་འདོད་པའི་བརྡ་རུ་དབུ་ཌ་མ་རུ་ལྟར་གཡུགས། "སྤྱང་ལབ་བཤད་ན་སྤྱང་ཀི"ཞེས་པའི་དཔེ་ལྟར་ཕ་གིའི་རི་ཟུར་ནས་བྱེས་བགྲོད་རླངས་འཁོར་ཆུང་ཆུང་ཞིག་ཐོན་བྱུང་བ་བལྟས་བལྟས་རིག་རིག་ཏུ་ངེད་ཚོའི་འགྲམ་དུ་འབྱོར་བ་ལ། རླངས་འཁོར་ཁ་བཀག་པ་དང་བསྟུན་ནས"ལྷོ་བྲག་ཏུ་ཡུལ་སྐོར་ལྗོངས་རྒྱུར་ཕྱིན་པ་ཡིན"ཞེས་པའི་རྒྱ་རིགས་བློ་མཐུན་ཕོ་མོ་གསུམ་བྱུང་བའི་ནང་གི་མོ་གཞོན་ལྕེ་བདེ་ཅན་དེས་སྤྱི་སྐད་སྒྲ་དག་ཅིག་གི་ཐོག་ནས"ཁམས་བཟང"ཞེས་པར་ལན་མ་བྱིན་གོང་ཚོ་དཔོན་པདྨ་ལགས་ཀྱི་བཞིན་རས་ལ་བལྟས་ནས་མིག་རྩ་དམར་ལ་འབུར་བ་དང་ངོ་ཤ་འབྱོར་ལ་ནག་པ་གང་ཡིན་དང་ས་འབབ་མཐོ་པོ་ལ་དེ་ལྟར་གནས་བཅའ་ཚུལ་ཇི་ཡིན། འཚོ་རྟེན་གང་ལ་བརྟེན་ནས་འཚོ་ཚུལ་སོགས་དྲི་བ་ལུང་པ་གང་བཏོན་བྱུང་བ་ལ། ཁོ་བོས་དེ་ཙམ་སྒྲ་མི་དག་པའི་རྒྱ་སྐད་གོག་ཏོའི་ཐོག་ནས་ལན་སྟབས་བདེ་རེ་འདེབས་དུས་ཚེ་རིང་ཀྲུའུ་རེན་ནི་དགོད་ཅུང་སིག་སིག་ཏུ་འཆོར་ནས་འདུག་ན་ཡང་ཚོ་དཔོན་པདྨ་ལགས་ནི་ཁུ་སིམ་སིམ་གྱི་ཚུལ་དུ་གནས། སྐབས་དེའི་ངང་ཚུལ་ནི་ངོ་མ་རྒྱལ་ཁབ་ཀྱི་སྲིད་བློན་ག་གེ་མོས་གསར་འགོད་པའི་དྲི་བར་ལན་འདེབས་པ་དང་ཨ་ན་མ་ནའོ། །དེས་ན་ལྗོངས་རྒྱུ་བ་དེ་དག་ཁོ་བོའི་ལན་འདེབས་ལ་ཡི་རངས་པའམ་ཡང་ན་བྲེལ་རྟབ་ཆེ་བ་གང་ཡིན་ཆ་མི་རྟོགས་ཀྱང་མི་རེས་གྲངས་འཛིན་པར་ཆས་ཀྱི་ཁ་ཕྱེ་སྟེ་རང་རང་ཟུར་ཚད་མི་འདྲ་བའི་ཐད་ནས་ཚག་ཚག་གི་སྒྲ་དང་བཅས་པར་འགའ་བརྒྱབས་རྗེས་དེ་མུར་རླངས་འཁོར་དུ་འཛུལ་ཞོར་ངེད་གསུམ་ལ་ལག་གཡབ་བྱེད་ཀྱིན་དབྱིན་སྐད་ཀྱི་ཐོག་ནསByeཞེས་སྨྲས་པའི་ཚེ། དེ་མུར་ཚོ་དཔོན་པདྨ་ལགས་ཀྱིས་ཀྱང་གུས་ལན་གྱི་ཕྱིར་ལག་གཡབ་དང་སྦྲགསByeཞེས་བརྗོད། རླངས་འཁོར་ནང་དུ་ཁོ་བོས་ཚོ་དཔོན་པདྨ་ལགས་ལByeཞེས་པའི་གོ་དོན་གང་ཡིན་དྲིས་པ་ལ། ཁོང་གིས་ཅུང་ཟད་འཚེར་སྣང་ངང་ལག་གཡས་པས་ཡ་མ་འཕུར་གྱིན་ལྕེ་ལེབ་ཅུང་ཟད་བསྣར་ནས་ངག་སྒོ་དམའ་བོས"ང་རང་ཆུང་བྱིས་པ་ལོ་བརྒྱད་དུས་ནས་བཟུང་གཡང་དཀར་ལུ་གུ་དང་འགྲོགས་ཆེ་བས་སྒྲ་དེ་རྒྱུད་ལ་འཇགས་ཆེ་ཞིང་། དུས་ཕྱིས་སྣ་ལྷོའི་གཞུང་ལམ་ཨ་མ་ནས་ངེད་ལུང་པའི་ལྷ་ཁང་བར་སྣུམ་ནག་གཞུང་ལམ་འབྲེལ་མཐུད་བྱུང་བས་ལམ་ཞོར་དུ་ལྗོངས་རྒྱུ་ཡོང་མཁན་གྱི་ཕྱི་མི་ཕལ་མོ་ཆེས་འགྲོ་ཁརByeཞེས་པ་སྨྲ་མང་བས། ལུག་སྐད་དེ་ཉིད་ཀྱི་གོ་དོན་གང་ཡིན་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་ནས་བསྟན་མང་བའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ལ་ལན་མང་བལྟས་པས་ཕལ་ཆེར་ཐུགས་རྗེ་ཆེ་ཞེས་པའི་གོ་དོན་ཡིན་པ་འདྲ"ཞེས་སྨྲས་བྱུང་བས་དང་ཐོག་ཁོང་འཚེར་སྣང་སྐྱེས་པ་ལས་ད་ཆ་ཁོ་བོ་ངོ་ཚ་བར་གྱུར་ནས་སྨྲ་མེད་དུ་གནས་པ་ལ། ཁོང་གིས"ད་གིན་ཀྲུའུ་རེན་ལགས་ཀྱིས་ཁོང་ཚོར་བཀའ་མོལ་ཅི་ཞིག་གསུང་ངམ"ཞེས་ཐོལ་བྱུང་དུ་དྲིས་བྱུང་བ་ལ། ཁོ་བོས་སྨྲ་མགྲིན་གཟེངས་པོས"མིག་རྩ་དམར་འབུར་གདོང་དམར་བོད་པའི་རྒྱུད། །ངོ་ཤ་འབྱོར་ནག་ཤ་མར་ཟོས་པའི་དྲིན། །གནས་འདིར་བཅའ་བ་རི་མཐོ་ས་གཙང་ལགས། །འཚོ་རྟེན་གཙོ་བོ་དཀར་ནག་ཕྱུགས་རིགས་ཡིན"ཞེས་བརྗོད་པས་ཀྲུའུ་རེན་ཚེ་རིང་དང་ཚོ་དཔོན་པདྨ་ལགས་གཉིས་དེ་མུར་ཧབ་ཆ་དི་རི་བར་སོང་ངོ་།།
དེ་ནས་ཚོ་དཔོན་པདྨ་ལགས་ཀྱིས"ངེད་མཐུད་གྲོང་ཚོར་དུད་ཁྱིམ43དང་མི་གྲངས159ཡོད་པ་ནི་དམངས་གཙོའི་བཅོས་སྒྱུར་སྔོན་གྱི་ལྡབ་གཅིག་ལྷག་ཡིན་ལ། དེ་དག་ལས་སློབ་ཆེན་སློབ་མ7དང་མཐོ་འབྲིང་སློབ་མ10དམའ་འབྲིང་སློབ་མ10སློབ་ཆུང་སློབ་མ29བཅས་ཡོད་པས་སློབ་ལོན་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ་བརྒྱ་ཟིན"ཞེས་པ་ཙམ་ལས་ངོ་སྤྲོད་གནང་མ་གྲུབ་གོང"གྲོང་གསེབ་ལ་ཕེབས་དང"ཞེས་པའི་དྲིལ་བརྡ་ཞིག་གྲགས་བྱུང་བས་ཚོ་དཔོན་པདྨ་ལགས་ཀྱིས་ལྕེ་ལེབ་ཅུང་ཟད་བསྣར་ནས་རུམ་ལས"ཀུ་ཤུ"རྟགས་ཅན་གྱི་ལག་ཐོགས་ཁ་པར་ཞིག་བཏོན་ནས་སྙན་རྩར་གསན་རྗེས"ངས་གང་མགྱོགས་སླེབས་ཡོང"གསུངས་ནས་ཁ་པར་རུམ་དུ་བཅུག་སྟེ"རྒན་པོ་ཚེ་རིང་བསྟན་འཛིན་གྱིས་འབོད་ཀྱིན་འདུག ཁོང་ནི་འདི་ལོར་དགུང་གྲངས་དོན་ལྔར་ཕེབས་ཡོད་ལ་གྲོང་ཚོའི་ནང་གི་དགུང་ལོ་མཐོ་ཤོས་དེ་ཡིན་པས་དེ་རིང་འདི་ལོའི་ཕྱུགས་རིགས་དོར་གཅོད་སྐོར་རྒན་པོར་གྲོས་ཤིག་འདྲི་རྒྱུའི་སྐོར་མདང་ནུབ་ཁ་པར་བཏང་དོན་ལྟར་ད་ལྟ་ཁོང་གི་ཁྱིམ་དུ་ཤོག་གསུངས་ཀྱི་འདུག"ཅེས་གསལ་འགྲེལ་གྱི་ཚུལ་གསུངས་བྱུང་གཤིས་ང་ཡང་ས་འབབ་མཐོ་བའི་ཡུལ་དུ་བཞུགས་པའི་བགྲེས་སོང་དེ་ལ་མཇལ་འདོད་ཀྱི་བློ་ཞིག་དབང་མེད་དུ་སྐྱེས་པས་ངེད་གསུམ་ལྷན་དུ་རྒན་པོ་ཚང་ལ་སྐྱོད། ལམ་བར་ན་དམན་ཆུང་བུ་མོ་ཞིག་རང་འབབ་ཆུ་ཀ་ལའི་ཉེ་འགྲམ་དུ་གོས་འཁྲུད་འཕྲུལ་ཆས་ལ་གྱོན་གོས་འཁྲུད་ཀྱིན་འདུག་པ་དེ་དང་ཁ་བརྡ་ཞིག་བྱེད་སྙམ་ཡང་བུ་མོ་དེས་ཧ་ཅང་ངོ་ཚའི་ཟོལ་གྱིས་མགོ་བོ་དུད་པར་གྱུར་བས་བྱ་ཐབས་ཟད། དེའི་ཡར་ཐད་ཀྱི་མི་ཁྱིམ་ཞིག་གི་སྒོ་ཁ་ན་འདམ་ཆུ་ཐོར་ནས་སྐྱ་རིས་ནག་རིས་ཅན་དུ་གྱུར་བའི་སྦག་སྦག་འཁོར་ལོ་ཞིག་བཞག་འདུག་པ་དེ་ལས་ཁྱིམ་དེའི་མི་བུ་གང་ཞིག་དེ་ཉིད་བྱེས་སུ་སོང་ནས་ཕྱིར་ལོག་མ་ཐག་པ་ཤེས་ཐུབ། ངེད་གསུམ་རྒན་པོའི་ཁྱིམ་གྱི་སྒོ་ཁར་འབྱོར་མ་ཐག་ཚོ་དཔོན་པདྨ་ལགས་ཀྱིས"དབུ་གློད"ཅེས་བོས་མ་ཐག་ཁྱིམ་འཛིན་མས་སྒོ་མོ་ཙིར་སྒྲ་དང་བཅས་ཕྱེ་ནས་ངེད་ཚོ་ནང་དུ་གདན་དྲངས་བྱུང་བ་ལ། གསོལ་ཐབ་ནང་བཀྲ་ཤིས་རི་མོས་ཕྱུག་པའི་བོད་བཟོའི་ཆ་སྒམ་དང་ཅོག་ཙེ་རྣམ་པར་མཛེས་ཤིང་། རྫས་འགྱུར་ཚི་སྣས་མ་བསླད་པའི་བལ་གདན་གཞི་ལྗང་ནག་ལ་མཐའ་ལྕགས་ཚོས་གཞི་དམར་ནག་གི་གཡུང་དྲུང་ལག་འཁྱུད་རི་མོས་བརྒྱན་པའི་གོག་སྦྲིག་ན་ཕྱག་གཡས་པས་མ་ཎི་ལག་འཁོར་བསྐོར་ཞིང་ཕྱག་གཡོན་མས་ཕྲེང་བ་འདྲེན་གྱིན་ངག་ལས་ཤབ་ཤུབ་ཏུ་མ་ཎི་ཟློ་བཞིན་བཞུགས་པའི་དབུ་སྐྲ་དུང་ལྟར་དཀར་ཡང་བཞིན་རས་སྣུམ་ཞག་དོད་པའི་རྒན་པོ་ཚེ་རིང་བསྟན་འཛིན་མཆོག་ངེད་བྱེས་པར་གུས་པའི་ཚུལ་གྱིས་ཧོབ་བཞེངས་གནང་བྱུང་བས་ཁོ་བོས་དེ་མུར་རང་གནས་སུ་བཞུགས་རྒྱུའི་ལག་བརྡ་དང་སྦྲགས་ཁམས་བདེའི་འཚམས་ཞུ་གྲུབ་མཚམས། ངེད་རྣམས་རང་རང་གདན་དུ་བསྡད་མ་ཐག་ཁྱིམ་འཛིན་མས་སོལ་རླངས་ཀྱི་ཐབ་སྟེང་ནས་ཁོག་ལྡིར་བླངས་ཏེ་ང་ཚོར་རོ་བཅུད་ཆེ་བའི་གསོལ་ཇ་སྲུབས་མས་སྣེ་ལེན་བྱས་ཚུལ་འདིར་རྒྱས་བརྗོད་མི་བྱེད། ངེད་གཞིས་བྱེད་རྣམས་དུས་ཡུན་ཆུ་ཚོད་ཕྱེད་ཙམ་རིང་གི་ཅོལ་གྲོས་མོལ་གྲོས་བརྒྱུད་ད་གཟོད་ཁོ་བོས་གྲོང་ཚོ་དེའི་འཚོ་རྟེན་གཙོ་བོར་གྱུར་བ་ཕྱུགས་རིགས་མགོ་གྲངས2052ཡོད་པ་དེས་ཆ་སྙོམས་མི་རེར་ནོར་ལུག་བཅུ་གསུམ་རེ་ཟིན་ཁར། ཁྱད་པར་དུ་ཆ་སྙོམས་མི་རེར་གནག་ཕྱུགས་མགོ་གྲངས་གཉིས་མིན་ཙམ་ཟིན་པ་དེ་ནི་སྣ་དཀར་རྩེའི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཁག་ནས་བསྡུར་ཚད་ཅུང་མཐོ་གྲས་སུ་སླེབས་པས་རྫོང་ནས་བཏོན་པའི"རྩྭ་ཕྱུགས་དོ་སྙོམ"དང"རྟ་བོང་ཉུང་འཕྲི་དང་། ར་ལུག་ཚད་བཀག འབྲི་གཡག་འཕེལ་རྒྱས"ཀྱི་འབྲོག་ལས་གོང་འཕེལ་གཏོང་བའི་སྤྱིའི་བསམ་ཇུས་དང་ཡོངས་སུ་མཐུན་ལ། སྤྱི་ལོ2008ལོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་སྲིད་གཞུང་གིས་བོད་ལྗོངས་གློག་ཤུགས་སྤྱི་ཁྱབ་ཀུང་སི་དེ་ཉིད་སྟག་ལུང་གྲོང་རྡལ་ཧྲིལ་པོའི་དབུལ་སྒྲོལ་ཁ་གཏད་རོགས་སྐྱོར་ཚན་པར་གཏན་འཁེལ་གནང་ནས་རིང་པོར་མི་ཐོགས་པར་མཐུད་གྲོང་ཚོའི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་རེ་འདུན་ལྟར་ཀུང་སིའི་ཁྱད་འཕགས་དགེ་མཚན་འདོན་སྤེལ་གང་ལེགས་ཀྱིས་ཞྭ་མདའ་བརྒྱུད་མཐུད་གྲོང་ཚོར་ཆུ་གློག་འདྲེན་གཏོང་བྱས། ཁྱད་པར་དུ། ཉེ་ལམ་ལོ་ཤས་ནང་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་དང་གྲོང་ཚོ་ཨུ་ལྷན་གྱི་ཐུན་མོང་འབད་བརྩོན་འོག ད་མཚམས་འབྲོག་དམངས་ཀྱི་ཁྱིམ་ཚང་ཚང་མར་དེང་རབས་ཀྱི་སྤྱོད་སྒོ་ཆེ་བའི་བརྙན་འཕྲིན་དང་འཁྱག་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཡོད་ཅིང་། འབྲོག་པའི་རུ་སྤོར་སྐྱས་བཏེགས་དང་རྫོང་དང་གྲོང་རྡལ་སོགས་ཐག་ཉེར་སྐྱོད་པའི་འགྲིམ་འགྲུལ་ཡོ་བྱད་ཐད་དབྱིབས་ཆུང་འདྲུད་འཐེན་འཕྲུལ་འཁོར་དང་སྔོན་དུས་ཀྱི་སྣ་ལོའི་ཚབ་བྱེད་དུ་གྱུར་བའི་སྦག་སྦག་འཁོར་ལོ་ཉི་ཤུ་རྩ་ལྔ་ཡོད་ཚུལ་ཤེས་རྟོགས་བྱུང་བས་སྐབས་དེ་ཤེད་ན་ཁོ་བོའི་བློ་ངོར་དེ་ནི་འཕེལ་མེད་སོར་གནས་སུ་ལུས་པའི་གདོད་མའི་ཚོ་པ་ཞིག་གཏན་ནས་མིན་པར་ནུས་ཤུགས་ཡོད་རྒུས་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་གོམ་བགྲོད་དང་བསྟུན་ནས་མདུན་སྐྱོད་བྱས་དང་བྱེད་མུས་ཡིན་པའི་གསོན་ཉམས་དཔལ་འབར་བའི་དེང་དུས་ཀྱི་གྲོང་ཚོ་འབའ་ཞིག་ཡིན་པར་འཁུམས་སོ། །གལ་ཏེ་ན་དཔལ་འབྱོར་དར་རྒྱས་ཆེ་བའི་ཡུལ་ལུང་དང་བསྡུར་ན་མི་མགོ་མི་ཡིས་བསྐོར་བའི་ཁྲམ་ལས་དེ་ཁོང་ཚོས་ཤེས་ཀྱི་མེད་མོད། འོན་ཏེ་ཁོང་ཚོར་ལྡན་པ་ནི་ཕུ་ཡི་རབ་དཀར་གངས་རིའི་མུ་ཁྱུད་དང་མཚུངས་པར་གཡོ་ཟོལ་སྦག་བཙོག་གི་གཡའ་དང་བྲལ་བའི་བདེན་པ་བདེན་ཐུབ་ཀྱི་ལྷག་བསམ་དྭངས་མ་དེའོ། །
ཨེ་མ་ཧོ། མཐུད་ཅེས་བྱ་བའི་གྲོང་ཚོ། །སྟེང་ཕྱོགས་ལྷ་ཡི་ཐེམ་སྐས། །བར་ཕྱོགས་བཙན་གྱི་ཡང་རྩེ། །འོག་ཕྱོགས་ཀླུ་ཡི་འབབ་སྟེགས་ཞེས་བསྔགས་ཀྱང་ཐལ་ཆ་ཏིལ་འབྲུ་ཙམ་མི་སྣང་བའི་རི་མཐོ་ས་གཙང་ཅན་གྱི་དག་ཞིང་གནས་མཆོག་འདི་ནས་སྐུ་ཉིད་ཀྱིས་མཐོ་བརྗིད་གངས་རིའི་མུ་ཁྱུད་དང་། སྔོ་གཙང་དྭངས་གསལ་གྱི་ནམ་མཁའ། ཞོ་གསར་སྤུངས་འདྲའི་སྤྲིན་དཀར། དབང་སྔོན་ཕྱིས་འདྲའི་གཡུ་མཚོ། གསེར་ཞུན་བྱུག་འདྲའི་རྩྭ་ཐང་། མུ་ཏིག་བརྡལ་འདྲའི་གཡང་དཀར། སྤྲིན་ནག་འཁྲིགས་འདྲའི་གནག་ཕྱུགས་སོགས་ཀྱི་མཛེས་ཆོས་མ་ལུས་ཀུན་རྒྱང་གཟིགས་ཉེ་མཇལ་གནང་ཆོག་ལ། ཁྱད་པར་དུ་གནས་དེ་ན་འཚོ་གནས་ལ་རོལ་བའི་མི་བུ་དག་གི་གཡོ་མེད་ཟོལ་མེད་དང་། དྲང་བདེན་བབ་ཆགས། ཁེངས་ཆུང་གཤིས་འཇམ། སྡིག་སྤོང་དགེ་སྒྲུབ། རྒན་བཀུར་གཞོན་གཅེས། གཞིས་བྱེས་འདྲ་མཉམ་བཅས་ཀྱི་མི་གཤིས་སྲོང་པོ་དེས་སྐུ་ཉིད་ལ་ཚེ་གང་རིང་ཟུབ་པར་དཀའ་བའི་བག་ཆགས་ཟབ་མོ་ཞིག་འཇོག་ནུས་པས་དེ་ནི་དྭངས་གཙང་མི་གཤིས་ལས་བཀྱེད་པའི་རྒྱུ་གཙང་སྤུས་གཙང་ཅན་གྱི་དྲི་མེད་འོད་སྣང་ཞིག་ཡིན་སྟབས་རང་རེ་གྲོང་ཁྱེར་བས་དེང་རབས་དཔལ་ཡོན་གྱི་བརྒྱུད་རིམ་ཁྲོད་ཕལ་ཆེར་བོར་བརླག་ཏུ་སོང་བའི་སྙིང་ནོར་ལོན་པ་དང་འདྲ་ལ། དེ་བས་དད་མོས་ནི་ཡིད་ཆེས་ཀྱི་གནམ་ས་ལས་འཁྲུངས་ཤིང་། ཡིད་ཆེས་ནི་དད་མོས་ཀྱི་འཇིག་རྟེན་ལས་སྐྱེས་པ་ཞིག་ཡིན་སྟབས་དེ་ལྟའི་མི་ལྷོད་པའི་དད་མོས་དང་མི་བརྗེད་པའི་ཡིད་ཆེས་ཤིག་སྐྱེས་ཚེ་ད་གཟོད་ཆེས་དྭངས་གཙང་ལྷད་མེད་ཀྱི་སེམས་ཁམས་ཤིག་གསོ་སྦྱོང་བྱ་ཐུབ་ངེས་ན་སྒོ་དབྱེའི་མཐུད་གྲོང་བས་སྐུ་ཉིད་ཅིས་ཀྱང་ཕོ་མ་གཡུ་མཚོའི་གནས་གཟིགས་སུ་ལན་གཅིག་ཕེབས་རྒྱུར་དགའ་བསུ་ཞུ་ཞེས་པ་ནི་གུས་པས་མཐུད་གྲོང་བར་གྱེས་ཕྱག་ཕུལ་སྐབས་ཕྱིར་དྲིལ་དུ་སྒྲོག་རྒྱུའི་གཡར་དམ་བཅས་པའི་མདོ་དོན་སྙིང་པོ་དེ་ལགས་སོ། །