གནས་རྙིང་དངོས་མཇལ། -དགེ་འཕེལ་རི་ཁྲོད་ལ་ཕྱིན་པའི་མཐོང་ཐོས།

རིིག་བྱེད་སྐྱབས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


1

 

        སྔོན་ཆད་བདག་ལྷ་སར་ཐེངས་གཅིག་ཡོང་མྱོང་མོད།   འོན་ཀྱང་དགེ་འཕེལ་རི་ཁྲོད་ལ་ད་ལྟ་བར་དུ་འགྲོ་མ་ཐུབ།   འགྲོ་མ་ཐུབ་པའི་རྒྱུ་མཚན་ནི་སྔོན་ཆད་འདིའི་ཕྱོགས་ལ་བསམ་བློ་བཏང་མ་མྱོང་ལ།   ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་འབྲེལ་བའི་ཡིག་ཆ་སོགས་བཀླགས་མེད་པས་ད་ལྟའི་བར་ལུས།   རྗེས་སུ་བདག་གི་སློབ་དཔོན་རྒན་ཆ་རིས་སྐལ་བཟང་ཐོགས་མེད་ལགས་ཀྱིས་སློབ་ཁྲིད་སྐབས་སུ་སྐྱེས་ཆེན་ཁོང་གི་མཛད་པ་དང་སྒྲུབ་ཕུག་སོགས་ངོ་སྤྲོད་གང་མང་གནང་བྱུང་ལ།   དེ་ནས་སྐྱེས་ཆེན་ཁོང་གི་རྣམ་ཐར་ལ་ཡང་ཐེངས་འགར་མཇལ་མྱོང་བས།   ཐེངས་འདིར་བདག་གནས་མཇལ་བ་རང་ག་བ་ཞིག་བྱས་ནས་ཡོང་བ་མ་ཡིན་པར་འདས་ཟིན་པའི་སྐྱེས་ཆེན་དག་གི་ཡལ་མེད་ཀྱི་སྙིང་སྟོབས་འཚོལ་བཞིན་གནས་འདིར་ཡོང་བ་ཡིན། 

          ཞོགས་པའི་ཆུ་ཚོད་དྲུག་གི་སྟེང་བདག་ཀླུ་སྒུག་ལྷ་ཁང་གི་ཉེ་འགྲམ་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་རི་བོ་དགེ་འཕེལ་གྱི་ཕྱོགས་སུ་ཆས་པ་ཡིན།   རླངས་འཁོར་གྱི་དྲ་མ་ལས་འབྲས་སྤུངས་ཕྱོགས་སུ་བལྟས་པ་ན་རྒྱབ་རི་སྨུག་པོ་དེའི་དབུ་རྩེ་སྨུག་པ་དཀར་པོས་གཡོགས་ཡོད་ལ།   སྨུག་པས་ཟིན་མ་ཟིན་གྱི་ས་མཚམས་སུ་དཀར་ལམ་ལམ་མིག་ལམ་དུ་གསལ་ལ་མི་གསལ་བ་ཞིག་འདུག་པ་ནི་ལྷ་ཁང་ཁ་ཤས་ཡིན་པ་འདྲ།   སྐབས་དེར་རྗེ་དགེ་འདུན་རྒྱ་མཚོས་དགེ་འཕེལ་རི་བོ་བསྟན་སྐྱོང་?་རྗེ་གྲགས་རྒྱལ་མའི་གནས་གཞི་རྨ་རི་རབ་འབྱམས་ཞེས་བྱར་ངོས་འཛིན་བྱས་ནས"ཆོས་གྲྭ་ཆེན་པོའི་བྱང་རིའི་ལྷུན་པོ་ནི།  །རྩེ་མོ་མཐོ་བ་མཁའ་ལ་སྙེགས་པ་བཞིན།  །མཛེས་ཤིང་ལྷུན་ཆགས་རྨ་རི་རབ་འབྱམས་ཞེས།  །མིང་དུ་ཆགས་པའི་སྤོ་ལ་རབ་བརྟེན་པའི།  །རིན་ཆེན་ལྔ་ལས་གྲུབ་པའི་གཞལ་མེད་ཁང་།  །མུ་ཏིག་ཚོགས་འབར་ཟླ་ཤེལ་བ་གམ་ཅན།  །དེ་ན་བསྟན་སྲུང་ཆེན་མོའི་འཁོར་བཅས་བཞུགས།  །"ཞེས་པའི་བསྟོད་རྩོམ་དེ་དྲན་བྱུང་།   བདག་གི་སེམས་ལ་དགེ་འཕེལ་རི་ཁྲོད་ཅེས་པ་ནི་ཕལ་ཆེར་འདི་ཡིན་འདོད་བཞིན་དེའི་ཕྱོགས་སུ་ཇི་ལྟར་འགྲོ་བའི་རྐང་ལམ་ཞིག་ཨེ་རྙེད་ལ་མིག་ཉུལ་བྱས།   ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་འབྲས་སྤུངས་དགོན་པར་འབྱོར་མོད།   འོན་ཀྱང་བདག་གིས་གནས་ཡིག་ལས་དགེ་འཕེལ་རི་ཁྲོད་ཅེས་པ་ཞིག་ཡོད་པ་མཐོང་བ་ལས་དངོས་སུ་ཐེངས་གཅིག་ལ་ཡང་འགྲོ་མ་མྱོང་བས་ཡར་ལྟ་མར་ལྟ་བྱས་ནས་ཅུང་ཙམ་ཞིག་ལ་འདུག་དགོས་བྱུང་།   དེ་ནས་སྐོར་བར་འགྲོ་བཞིན་པའི་མཇལ་བ་དག་ལ་དྲིས་ནའང་།   ཁོ་ཚོ་ཡང་ང་དང་འདྲ་བར་ཐག་རིང་ནས་ཕེབས་པའི་མཇལ་བ་ཡིན་པས་འགྲོ་ལམ་སྟོན་མཁན་མ་བྱུང་།   དེ་དག་ལས་གཅིག་གིས་སྐོར་ལམ་གོང་རོལ་གྱི་རྒན་པོ་ལོ་ན་བདུན་ཅུ་ཡས་མས་ཅན་ཞིག་བསྟན་ནས་ཁོ་ནི་ཕལ་ཆེར་ས་འདིའི་མི་ཡིན་པ་འདྲ་ཞེས་བཤད།   དེ་ནས་རྒན་པོ་ཁོང་ལ་དྲིས་པ་ན་ཁོང་གིས་རྐང་ལམ་རེ་རེ་བཞིན་གསལ་བོར་འཆད་བཞིན་འདུག་མོད།   འོན་ཀྱང་བདག་གིས་དབུས་སྐད་དེ་འདྲ་ལེགས་པོ་བཤད་མི་ཤེས་པ་མ་ཟད་ཚིག་འགའ་རེ་ལས་གོ་བ་ཡང་གསལ་བོ་ལེན་མི་ཐུབ་པས།   རྒན་པོས་བཤད་པ་དག་རེ་རེ་བཞིན་གོ་བ་གསལ་ཐག་ཆོད་པ་ཞིག་མ་བྱུང་།   གང་ལྟར་རྒན་པོས་ལུང་ཕུག་ལ་འཐེན་པའི་རྐང་ལམ་ཞིག་བསྟན་ཏེ་འདི་བརྒྱུད་ནས་འགྲོ་དགོས་པ་སོགས་ལག་བརྡ་བྱས།   

        བདག་རྐང་ལམ་དེ་བརྒྱུད་ནས་ལུང་ཕུག་ཏུ་འབྱོར་མོད།   མི་གཅིག་ཀྱང་མིག་ལམ་དུ་མཐོང་རྒྱུ་མ་བྱུང་།   ཕྱིར་ལྷ་ས་གྲོང་ཁྱེར་ལ་བལྟས་པ་ན་ཞོ་གསར་ཆགས་པ་ལྟར་འདུག་ལ་པོ་ཏ་ལ་ནི་དེ་དག་གི་དབུས་ན་མུ་ཏིག་?ག་གཅིག་དང་འདྲ་བར་གྲོང་ཁྱེར་གྱི་དབུས་ནས་འབུར་དུ་ཐོན་འདུག  སྐབས་དེར་བདག་སྨུག་པ་དཀར་པོས་ཟིན་མ་ཟིན་གྱི་མཚམས་སུ་སླེབས་ཡོད་པས་རི་རྩེ་ཇི་ལྟ་བུ་ཞིག་ཡིན་པ་མིག་གིས་འཛིན་ཐབས་བྲལ་ན་ཡང་།   རྣ་ལམ་དུ་ཁྱི་རྒན་འགའ་ཟུག་གྱིན་པའི་སྒྲ་དག་གསལ་བོར་ཐོས་བྱུང་།   དེ་བས་བདག་གིས་ལམ་འགྲམ་གྱི་?་འགའ་ལག་ཏུ་བཟུང་ནས་མུ་མཐུད་མདུན་དུ་སྐྱོད་པ་ཡིན།   རྐང་ལམ་དེ་རུ་བདག་གི་སྔོན་ཏག་ཏག་ལ་བཞུད་སོང་བ་འདྲ་བའི་རྐང་རྗེས་གཉིས་འདུག བདག་གི་སེམས་ལ་མི་དེ་ཡང་ང་རང་དང་འདྲ་བར་ཨ་མདོ་ནས་ཡོང་བའི་མཇལ་བ་ཞིག་ཡིན་པར་འདོད་ནས་དེའི་རྗེས་ཨེ་ཆོད་འདོད་ནས་གོམ་པ་ཇེ་མགྱོགས་སུ་བཏང་།    སྐར་མ་སུམ་ཅུ་ཡས་མས་སུ་སྐྱོད་པ་ན་སྨུག་པ་འཐིབས་ནས་རྨིད་བཅུ་ཡས་མས་ལས་མཐོང་མི་ཐུབ།   ཡིན་ཡང་།   རྣ་ལམ་དུ་ཕ་ལགས་ག་ལེ་ཕེབས་ཤོག་ཅེས་པའི་སྐད་ཆ་ཞིག་གོ་བ་ལས་མིག་ལམ་དུ་མཐོང་རྒྱུ་མི་འདུག  དེ་ནས་མདུན་དུ་རྨིད་བདུན་ཅུ་ཡས་མས་སུ་སོང་བ་ན།   རྒན་པོ་ཞིག་གིས་ཤིང་ཆ་འགའ་ཁུར་ནས་འགྲོ་བཞིན་འདུག བདག་ཁོང་གི་འགྲམ་དུ་སོང་ནས་རྒན་ལགས་གང་དུ་ཕེབས་རྒྱུ་ཡིན་ནམ་ཞེས་དྲིས་པ་ན།   རྒྱལ་བ་རིམ་བྱོན་གྱི་བསྐྱར་གསོ་བྱ་དགོས་ཞེས་པའི་ཐ་སྙད་འགའ་ལས་གོ་མ་བྱུང་།   བདག་གིས་ཁོང་ལ་རོགས་བྱེད་ཅེས་བཤད་མོད།   གོ་བརྡ་མ་འཕྲོད་པར་ལག་བརྡ་བྱས་ནས་བཤད་ཚེ་ཁོ་རང་འཐད་པ་མ་བྱུང་བ་མ་ཟད་ང་ལ་མང་པོ་ཞིག་འཆད་བཞིན་འདུག  གསལ་བོ་ཞིག་གོ་མ་བྱུང་ཡང་ཁོང་གི་རྣམ་འགྱུར་དང་བྱེད་ཚུལ་ལ་བལྟས་ན་ཕལ་ཆེར་ང་ལ་སློབ་གསོའི་ཚུལ་དུ་འདི་ནི་དགེ་བ་སྒྲུབ་པ་ཡིན་པའི་གནས་ཚུལ་མང་པོ་ཞིག་བཤད་བཞིན་པ་འདྲ།   རྒན་པོ་ཁོང་གི་གདོང་ལ་གཉེར་མས་ཁེངས་ཤིང་ལུས་པོ་སྒུར་འདུག་པ་སོགས་ལ་བལྟས་ན་ཕལ་ཆེར་ལོ་ན་དྲུག་ཅུ་ཡས་མས་སུ་སླེབས་འདུག་པ་འདྲ།   གང་ལྟར་རྒན་པོ་ཁོང་ལ་རོགས་རམ་བྱེད་ཐབས་མེད་པས་རྗེས་སུ་བཞག་ནས་ང་རང་སྔོན་ལ་ཆས་པ་ཡིན།

   

2

 

        ཡུན་ཙམ་སོང་བ་ན་ལྷ་ཁང་ཞིག་གི་འགྲམ་དུ་སླེབས་བྱུང་།   བདག་དེའི་ར་སྐོར་ནང་དུ་འཛུལ་བ་ན་གྲྭ་བ་འགའ་དང་ལས་ཀ་བ་འགའ་འདུག  བདག་གིས་ཁོང་ཚོར་ལྷ་ཁང་འདིའི་ལོ་རྒྱུས་དྲིས་པ་ན།   དེ་ནི་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྒྲུབ་ཕུག་ཡིན་ཞེས་བཤད་པ་ལས་གཞན་གྱི་གནས་ཚུལ་གསུང་རྒྱུ་མི་འདུག དེས་ན་ང་ཚོས་ཕྱིར་ལོ་རྒྱུས་ལ་རྗེས་དྲན་རེ་བྱས་ན།   དགེ་འཕེལ་རི་ཁྲོད་ཅེས་པའི་མིང་འདི་ནི་དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པས་གནས་འདིར་མཚམས་ལ་བཞུགས་སྐབས་ཁོང་གི་དགེ་སྦྱོང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་གསུངས་པས་དགེ་འཕེལ་ཞེས་པའི་མིང་ཐོགས།   རྗེས་སུ་དགེ་འཕེལ་རི་བོའི་དབུ་རྩེ་ལ་དགེ་འཕེལ་དབུ་རྩེ་དང་།   རི་ཁྲོད་ལ་དགེ་འཕེལ་རི་ཁྲོད་ཅེས་པའི་འབོད་སྲོལ་བྱུང་།   སྐབས་དེར་དགེ་འཕེལ་རི་བོར་རི་དྭགས་སྣ་ཚོགས་བག་ཡངས་ངང་རྒྱུ་ལ།   དྲི་ཞིམ་མེ་ཏོག་གི་དྲི་བསུང་འཐུལ་བ་སོགས་རྩྭ་ཆུ་འཛོམས་པས།   གནས་དེར་འབྲོག་པ་ཁ་ཤས་དུས་བཞིར་གཏན་སྡོད་བྱས་ཡོད་པ་དེ་དག་གི་འབྲི་མོའི་འོ་མ་དང་ཞོ་སོགས་ནི་ལྷ་ས་ཁུལ་གྱི་སྤུས་ཀ་བཟང་ཞིང་འཚོ་བཅུད་ལྡན་པའི་ཟས་རིགས་ཅིག་ཏུ་བརྩི་སྲོལ་ཡོད་ལ།   ལྷ་ཁང་འདི་ཉིད་ནི་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཁོང་གཙང་ཕྱོགས་ནས་དབུས་སུ་ཕེབས་སྐབས་གམ་པ་ལ་རྩེ་ནས་ད་ལྟའི་དགེ་འཕེལ་རི་ཁྲོད་ཆགས་སའི་གནས་འདིར་བལྟས་པ་ན།   གནས་བརྟན་ཆེན་པོ་བཅུ་དྲུག་གིས་གསོ་སྦྱོང་མཛད་པའི་གཟིགས་སྣང་ཁྱད་པར་ཅན་བྱུང་།   དེ་བས་གནས་དེར་སྤོང་བ་བསམ་གཏན་པའི་སྒྲུབ་གནས་ཁྱད་པར་ཅན་ཞིག་འབྱུང་བར་གཟིགས་ཏེ་རི་ཁྲོད་འདི་ཉིད་པཎ་ཆེན་སྐུ་ཕྲེང་བཞི་པ་ཁོང་གིས་གསར་འཛུགས་མཛད་ལ།   རྗེས་སུ་རྒྱལ་དབང་ལྔ་བ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་གནས་འདིར་སྒྲུབ་པ་མཛད་པ་ཡིན།   དེ་ནས་བདག་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྒྲུབ་ཕུག་ལ་མཇལ་ཐུབ་པ་མ་ཟད་གྲྭ་བ་དེས་ཀྱང་སྒྲུབ་ཕུག་ནང་གི་རྟེན་དག་ངོ་སྤྲོད་གནང་བྱུང་།   ཡིན་ཡང་ཁོ་བོས་མཇལ་ན་འདོད་པ་ནི་བྱང་ཉི་མ་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་འདེབས་པ་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་?་རྗེའི་སྒྲུབ་ཕུག་ཡིན་པས།   དེ་ནས་ཡང་གྲྭ་བ་དེར་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གཟིམ་ཆུང་དང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྒྲུབ་ཕུག་སོགས་གང་ན་ཡོད་དམ་ཞེས་དྲིས་པ་ན།   ཕ་གི་ན་ཡོད་པ་དེ་ནི་རྒྱལ་བ་ལྔ་པའི་གཟིམ་ཆུང་རེད།   དེའི་གོང་ན་ཡོད་པ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྒྲུབ་ཕུག་རེད།   རི་འདིའི་རྩེ་ན་འཛམ་གླིང་སྤྱི་བསང་འབུལ་ས་ཡོད།   དེ་རུ་སྔར་ལྷ་སའི་སེར་སྐྱ་མང་ཚོགས་རྣམས་འབྲས་སྤུངས་དབུ་རྩེར་བསང་གསོལ་དུ་འགྲོ་སྲོལ་ཡོད།   དེའང་།   བོད་ཟླ་ལྔ་བའི་ཚེས་བཅུ་བཞིའི་དགོང་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་འབྲས་སྤུངས་ནས་དགེ་འཕེལ་རི་ཁྲོད་དུ་ཕེབས་ནས་རི་ཁྲོད་ཉེ་འཁོར་དུ་ཞག་སྡོད་བྱས།    ཕྱི་ཉིན་ནམ་སྨད་ལ་ཐོན་ནས་ལྷ་འདྲེ་རྟ་རྒྱུག་ཅེས་པའི་སྤང་གཞོངས་བརྒྱུད་མཐར་ལ་རྩེར་བྱོན་ཏེ་བསང་གསོལ་བ་ཡིན་ཞེས་གསུངས།   གྲྭ་བ་དེས་ང་རང་ཁྲིད་ནས་འདི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གཟིམ་ཆུང་རེད་ཅེས་བཤད་པ་ན།   ཅི་ཞིག་རང་ཉིད་ཀྱི་རྣ་བར་ཡིད་མ་ཆེས་པར་ཡང་བསྐྱར་ཐེངས་གཅིག་འདྲི་དགོས་བྱུང་།   དེ་ནི་སྐྱེས་ཆེན་ཞིག་གི་གཟིམ་ཆུང་ཡིན་པ་ཡིད་ལ་ཡང་འཆར་དཀའ་སྟེ།   ཁང་བ་དེར་གྱང་ཆག་འགའ་དང་རྩྭ་ལྡུམ་གྱིས་ཁེངས་འདུག་པས་རང་སེམས་སུ་འཁྱག་ཤུར་ཤུར་ལས་ཅི་ཡང་མི་འདུག  ཁོང་གིས་མཚམས་སྦྱོར་བྱས་པ་ལྟར་ན་དེ་ནི་རིག་གསར་སྐབས་གཏོར་སྐྱོན་བྱུང་བ་ཡིན་པས་ད་དུང་བསྐྱར་གསོ་བྱེད་མ་ཐུབ་པར་ལུས།   ན་ནིང་ང་ཚོ་འབྲས་སྤུངས་དགོན་པའི་གྲྭ་བ་ཞིག་གིས་དཀའ་སྡུག་གང་ལ་ཡང་མ་འཛེམ་པར་སྦྱིན་བདག་འགའ་རེ་བཙལ་ནས་སླར་གསོ་བྱེད་མགོ་ཚུགས་པ་ཡིན།   ར་སྐོར་ནང་དུ་ཤིང་ཆ་འགའ་འདུག་པ་བསྟན་ནས་འདི་གྲོང་བ་འགའ་རེས་ཟླ་གསུམ་རིང་འབྲས་སྤུངས་དགོན་པ་ནས་གནས་འདི་རུ་ཁུར་ནས་ཡོང་བ་ཡིན་ལ།   ཨར་འདམ་འདི་དག་ང་ཚོའི་གྲྭ་བ་བཅུ་ཡིས་ལོ་སྔོན་མའི་ལོ་གཅིག་ནང་འབྲས་སྤུངས་དགོན་པ་ནས་གནས་འདིར་ཁུར་བ་ཡིན་ཞེས་གསུང་སྐབས།   བདག་གི་སེམས་ལ་ལམ་བར་དུ་ཕྲད་པའི་རྒན་པོ་དེ་དྲན་བྱུང་།   ཁོང་གི་གནས་ཚུལ་དྲིས་པ་ན།   ཁོང་གི་ཕ་ཡུལ་ལྷོ་ཁ་ཡིན་ལ།   དང་ཐོག་ཕ་བུ་གསུམ་གནས་འདིར་ཞོར་ལས་ལ་ཡོང་བ་ཞིང་།   དེ་ནས་ལྷ་ཁང་འདི་བཞེངས་མཁན་གྱི་སྦྱིན་བདག་གཙོ་བྱས་གནས་ཚུལ་རྣམས་གསལ་བོར་ཤེས་པ་ན་ཁོང་ཕ་བུ་གསུམ་གྱིས་ལས་ཀ་བྱས་པར་རིན་མེད་ན་ཡང་ཆོག་ཅེས་བཤད་མྱོང་།   དེ་བས་གཟིམ་ཆུང་བསྐྱར་གསོ་བྱེད་མཁན་གྱི་སྦྱིན་བདག་གིས་ཁོང་ཚོར་འདུག་ས་དང་ཟ་མ་སོགས་གྲ་སྒྲིག་བྱས་པ་མ་ཟད་ལོ་མཇུག་ཏུ་ཕྱིར་ཡུལ་ལ་ལོག་སྐབས་སྒོར་ཁྲི་གཅིག་གཉིས་རེ་ལག་ཏུ་འཇོག་རྒྱུ་ཐག་བཅད་པ་ཡིན།   

 

3

 

        དེ་དག་གི་གོང་ན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྒྲུབ་ཕུག་དང་ཁོང་གི་བཞུགས་ཁྲི་ཡོད་དེ།   དེ་ནི་ཁོང་རྒྱུད་ཀྱི་བླ་མ་མཛད་པར་གཡོལ་བའི་ཆེད་དུ་གནས་དེར་ཕེབས་ནས་སྒྲུབ་པ་མཛད་ལ།   རྗེས་སུ་རྗེ་བཙུན་འཇམ་དབྱངས་ཀྱིས་ཞལ་གཟིགས་ནས་གྲུབ་མཐའ་ཆེན་མོ་རྩོམ་ས་ཡིན་ཞེས་གསུངས་བྱུང་།   སྒྲུབ་ཕུག་དེར་?་ཡིས་བརྩིགས་པའི་ར་བ་ཆུང་ཆུང་ཞིག་འདུག  བདག་གིས་ར་བ་ཆུང་ཆུང་དེའི་སྒོ་ནས་ཡར་བལྟས་པ་ན།   སྒྲུབ་ཕུག་གི་སྒོ་ཡོལ་དམར་པོ་རྙིང་རུལ་དུ་སོང་བ་ཞིག་ཡོད་ལ།   སྒོ་ཡི་གཡོན་ཕྱོགས་ཀྱི་དྲ་མའི་ཡོལ་བ་རས་སེར་པོ་ཞིག་གིས་བྱས་འདུག དེའི་ཁ་དོག་རྙིང་རུལ་དུ་སོང་མེད།   སྒྲུབ་ཕུག་གི་གཡས་ཕྱོགས་སུ་ཉི་གདུགས་གཅིག་བཀར་ཡོད་ལ་དེའི་འོག་ཏུ་ཕལ་ཆེར་མི་གཅིག་ལས་མི་ཤོང་བའི་?་བརྩིགས་ཀྱིས་གྲུབ་པའི་བཞུགས་ཁྲི་ཞིག་འདུག དེ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཞུགས་ཁྲི་ཡིན།   དེའི་མདུན་དུ་མཆོད་མེ་ཀོང་བུ་གཅིག་བཞག་འདུག་མོད།   འོན་ཀྱང་དེ་ནི་ཆར་བའམ་རླུང་སོགས་རྐྱེན་གང་རུང་ཞིག་གིས་གཟིམས་འདུག  བདག་གིས་མཆོད་མེ་དེ་སྒྲོན་འདོད་ན་ཡང་མེ་ཆ་མེད་པས་གནས་སྐབས་སུ་རང་སར་འཇོག་དགོས་བྱུང་།   དེ་ནས་སྒྲུབ་ཕུག་ནང་དུ་འཛུལ་བ་ན།   སྒྲུབ་ཕུག་ནང་དུ་མི་གཉིས་ཙམ་ལས་མི་ཤོང་ལ།   དེའི་ཕུག་ན་སྒམ་ཆུང་གཅིག་གི་སྟེང་རས་སེར་པོ་རྨིད་གང་ཙམ་བཀབ་ནས་མཆོད་ཁྲི་བྱས་ཡོད་དེ།   དེའི་སྟེང་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་མཆོག་གི་སྐུ་པར་གཅིག་དང་དེའི་རྒྱབ་ལོགས་སུ་སླར་ཡང་སྐུ་པར་གཅིག་འདུག་མོད།   འོན་ཀྱང་དེ་ནི་སྐྱེས་ཆེན་སུ་ཡིན་ཤེས་མ་བྱུང་།   དེ་ལས་གཞན་ཐེབ་བདུན་ཚར་གཅིག་དང་དཔེ་ཆ་གཅིག་ལས་གཞན་ཅི་ཡང་མི་འདུག སྙིང་ཉེ་བའི་ཀློག་པ་པོ་ལགས།   གནས་འདི་ནི་བྱང་ཉི་མ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་འདེབས་པ་པོའི་སྒྲུབ་ཕུག་རེད་ཅེས་བཤད་ན་ཁྱེད་རང་ཡིད་ཆེས་སམ།   ཧ་ཅང་ཐབས་ཆག་ཏུ་གནས་པའི་སྒྲུབ་ཕུག་འདི་མཐོང་བ་ན།   བདག་གི་སེམས་ལ་དེང་སྐབས་ང་ཚོར་ཆ་རྐྱེན་བཟང་པོ་ཡོད་པ་འདི་མཁས་པ་འབྱུང་མི་ཐུབ་པའི་བཀག་?་རུ་གྱུར་འདུག་འདོད།   གནས་འདི་ནི་ཀུན་མཁྱེན་འཇམ་དབྱངས་པའི་?་རྗེའི་སྒྲུབ་ཕུག་ཡིན་ཏེ།   དམ་པ་ཁོང་རྒྱུད་པ་ཆོས་རྗེ་ཡིས་རྒྱུད་ཀྱི་བླ་མ་བྱེད་དུ་འཇུག་བསམ་མོད།   འོན་ཀྱང་དམ་པ་ཁོང་རྒྱུད་ཀྱི་བླ་མ་བྱེད་མ་འདོད་པར་རི་ཁྲོད་དུ་ཕེབས་འདོད་ནས་གནང་བ་ཞུས་ཏེ།   དེ་ལ་གཡོལ་བའི་ཆེད་དུ་དགུང་ལོ་སོ་གསུམ་སྟེང་བྱ་རྒོད་ཕུང་བོ་རི་གཉིས་པ་རི་བོ་དགེ་འཕེལ་ཞེས་པའི་མཚན་དོན་དང་མཐུན་པ་དེའི་དབེན་གནས་འདིར་ཕེབས་ནས་སྒྲུབ་པ་མཛད།   

 

4

 

        དེ་ནས་དུས་ཚོད་དབང་གིས་གྲྭ་བ་དང་ལས་ཀ་བ་ཚོར་བདེ་མོ་བཞག་ནས་གོམ་པའི་འདེགས་འཇོག་ཕྱིར་ལྷ་ས་རུ་བསྒྱུར་དགོས་བྱུང་།   ལམ་བར་དུ་ཡང་བསྐྱར་གནས་ཡིག་བཀླག་མགོ་བརྩམས།   དགེ་འཕེལ་རི་ཁྲོད་ནི་སྨ་རི་རབ་འབྱམས་བསྟན་སྐྱོང་?་རྗེ་གྲགས་རྒྱལ་མའི་བླ་རིར་གྲགས།   དབེན་གནས་འདིར་པཎ་ཆེན་བློ་བཟང་ཆོས་རྒྱལ་དང་།   རྒྱལ་བ་སྐུ་ཕྲེང་ལྔ་པ།   ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས།   གྲུབ་ཐོབ་དཔའ་བོ་?་རྗེ།   ཀློང་?ལ་བླ་མ་རིན་པོ་ཆེ།   དཀའ་ཆེན་ཡེ་ཤེས་རྒྱལ་མཚན་སོགས་ཞབས་ཀྱིས་བཅགས་མྱོང་ཞིང་།   དེ་དག་གི་སྒྲུབ་ཁང་དང་རྒྱལ་བ་ལྔ་པ་ཆེན་པོའི་ཕོ་བྲང་ཡང་མཇལ་རྒྱུ་ཡོད།   ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་རི་ཁྲོད་འདིར་ཡུན་རིང་བཞུགས་ནས་དགེ་སློང62ཐོག་བླ་མ་དབུ་མཛད་དཀོན་གཉེར་གསུམ་ཁ་སྣོན་མཛད་ཐོག རི་ཁྲོད་ཀྱི་བཅའ་ཡིག་གཏན་འབེབས་དང་།   བདེ་གསང་འཇིགས་གསུམ་གྱི་ཆོ་ག་བཙུགས།   ཞེས་པར་གཞིགས་ན་སྔོན་ཆད་གྲྭ་ཤག་ཡིན་པ་འདྲ།   ཡིག་ཆ་དག་ལས་གནས་འདིའི་རྟེན་ལ།   པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་དམ་རྟེན་དུ་རྗེ་གནམ་གཟིགས་མ་དང་སྒྲོལ་མ།   ཀློང་?ལ་བླ་མའི་ཐུགས་དམ་གྱི་རྟེན་དུ་གསེར་ཟངས་མཐོ་གང་ཙམ་ལས་གྲུབ་པའི་བདེ་མཆོག་དྲིལ་བུ་ལྷ་ལྔ།   གསེར་ཟངས་ཀྱི་ཐུབ་པ་ཚུལ་ཁྲིམས་མ་ཁྲུ་གང་མ་སྐུ་རྒྱུ་གསེར་ཟངས།   ཉེ་སྲས་བརྒྱད་ཀྱི་སྐུ་མཐོ་གང་ཙམ་སྐུ་རྒྱུ་གསེར་ཟངས།   ཚེ་ལྷ་རྣམ་གསུམ།   གནས་བརྟན་བཅུ་དྲུག་སོགས་མང་པོ་ཞིག་བྲིས་ཡོད་མོད།   བདག་གིས་མཐོང་བ་ནི་རྒྱལ་བ་བྱམས་པའི་གཙོ་སྐུ་དང་ཚེ་ལྷ་རྣམ་གསུམ།   གནས་བརྟན་བཅུ་དྲུག་སོགས་ལས་མིག་ལམ་དུ་མ་བྱུང་།   ད་ལྟ་སླར་གསོ་བྱས་ནས་མིག་ལམ་དུ་ཡག་པོ་བྱུང་ཡོད་པ་ནི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྒྲུབ་ཕུག་ཡིན་ལ།   དེ་ན་ཡང་ལྷ་ཁང་གཅིག་མ་གཏོགས་མེད།  

 

        ཆུ་ཚོད་བཅུ་གཉིས་སྟེང་ང་རང་རི་སྐེད་དུ་སླེབས་མོད།   འོན་ཀྱང་དགེ་འཕེལ་རི་ཁྲོད་ནི་སྔར་བཞིན་སྨུག་པས་གཡོགས་འདུག་པ་ལ་བལྟས་པ་ན།   ཕལ་ཆེར་སྔ་དྲོ་དང་འདྲ་བར་སྦྲང་ཆར་འབབ་བཞིན་པ་འདྲ།   དེ་ནས་བདག་གིས་དགེ་འཕེལ་རི་ཁྲོད་ལ་རྒྱང་མིག་འཕེན་བཞིན་ཉི་མ་ལྷ་སའི་ཕྱོགས་སུ་ཆས་སོ། ། 

 

ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་པ་ལྷ་གཡང་ནོར་བུ། 

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1