སློབ་ཁང་ནི་མི་ཡུལ་གྱི་ཆེས་དྭངས་གཙང་གི་ཁོར་ཡུག་དེ་ཡིན་ལ།
སློབ་མ་ནི་མི་ཡུལ་གྱི་ཆེས་ལྷད་མེད་ཀྱི་འགྲོ་རོགས་དེ་ཡིན་པས།
ཁྱེད་རང་། མི་ཚེ་གང་བོར་དགེ་རྒན་གྱིས་ཤིག
སློབ་ཁང་གྲུ་བཞིའི་ནང་ནས།
ཁྱོད་ཀྱིས་གཞན་གྱི་ཁ་ངོ་སྲུང་མི་དགོས།
གཞན་སྐྱོན་ཁབ་མིག་འཚོལ་མི་དགོས།
ཡར་ལས་མར་ལས་བྱེད་མི་དགོས།
ཁ་ཡག་ངོ་དགའ་བཤད་མི་དགོས།
ཆེས་ཡིད་དུ་འོང་བའི་ངོ་གདོང་དང་།
ཆེས་ལྷད་མེད་ཀྱི་བསམ་བློ།
ཆེས་ལྷད་མེད་ཀྱི་སྐད་ཆ་དེ་དག་འཚོས་ནས།
ཁྱེད་རང་། མི་ཚེ་གང་བོར་ཆེས་ལྷད་མེད་ངང་འཚོ་ཆོག
ཁྱེད་རང་། མི་ཚེ་གང་བོར་དགེ་རྒན་གྱིས་ཤིག
རེ་འགས་གླེང་ན། དགེ་རྒན་ནི་ཆེས་ཚེགས་ལྕི་བའི་ལས་ཀ་ཞིག་ཡིན་ཟེར།
རེ་འགས་གླེང་ན། དགེ་རྒན་ནི་ཆེས་ཐབས་སྡུག་པའི་ལས་ཀ་ཞིག་ཡིན་ཟེར།
རེ་འགས་གླེང་ན། དགེ་རྒན་ནི་ཆེས་གཟི་བརྗིད་ཀྱི་ལས་ཀ་ཞིག་ཡིན་ཟེར།
ང་རང་སྐད་ཆ་དེ་གསུམ་ལས་ཕྱི་མར་འཐད་དེ།
ངས་དགེ་རྒན་གྱི་ལས་ཀ་གཉེར་ནས་མི་ལོ་བཅུ་འགོར་ཞིང་།
དགེ་རྒན་གྱི་ལས་ཀ་བྲལ་ནས་མི་ལོ་ལྔ་པའི་རིང་།
ངས་ཡང་བསྐྱར་དགེ་རྒན་གྱི་ལས་ཀ་དྲན་ཡོང་།
དགེ་རྒན་གྱི་ལས་ཀ་ནི་མི་ཡུལ་གྱི་ཆེས་མཛེས་པའི་ལས་ཀ་དེ་ཡིན་ལ།
སློབ་གྲྭའི་ཁོར་ཡུག་ནི་མི་ཡུལ་གྱི་ཆེས་དྭངས་གཙང་གི་ཁོར་ཡུག་དེ་ཡིན།
སྙིང་ཉེ་བའི་སློབ་མ་ཚོ་ནི་མི་ཡུལ་གྱི་ཆེས་བློས་ཐུབ་ཀྱི་གྲོགས་པོ་དག་ཡིན།
སློབ་མ་ཚོའི་ཆེད་དུ།
ཞོགས་པའི་ཆུ་ཚོད་ལྔ་དྲུག་ནས།
ཁྱེད་རང་ལུས་རྩལ་སྦྱོང་བརྡར་ལ་འགྲོ་དགོས།
གཞན་དོན་ཡིན་པ་འདྲ་བའི་སྦྱོང་བརྡར་འདིས།
ཁྱེད་ལ་ལེ་ལོ་དང་སྒྱིད་ལུག་དོར་དུ་བཅུག
སློབ་མ་ཚོའི་ཆེད་དུ།
མཚན་མོའི་ཆུ་ཚོད་བཅུ་གཅིག་བར།
སློབ་ཁྲིད་ཟིན་བྲིས་འབྲི་དགོས།
གཞན་དོན་ཡིན་པ་འདྲ་བའི་ལས་ཀ་འདིས།
ཁྱེད་ཀྱི་ཤེས་ཡོན་དང་བསམ་བློ་རྒྱས་སུ་བཅུག
བར་གླགས་འདི་ནས།
ཁྱེད་ལ་ཉི་མ་སུམ་བརྒྱ་དྲུག་ཅུ་དང་།
ལོ་འཁོར་ཟླ་བ་བཅུ་གཉིས་ལ།
ཇ་ཁང་ཆང་ཁང་ཉུལ་ཁོམ་མེད།
འ་འུར་རྩེད་འཇོར་རོལ་ཁོམ་མེད།
ཁྱེད་ལ་གྲོགས་པོ་ཉུང་།
ཁྱེད་ལ་ངོ་ཤེས་ཉུང་།
དེ་བས། ཁྱེད་ཀྱིས།
འཇིག་རྟེན་གྱི་གཡོ་ཟོལ་སློབ་མི་དགོས།
ཚུལ་འཆོས་སློབ་མི་དགོས།
རྫན་རྫུན་སློབ་མི་དགོས།
ཆེས་དྭངས་གཙང་གི་ཁོར་ཡུག་དེ་ནས།
ཆེས་དག་གཙང་གི་སློབ་མ་དག་བསྐྱངས་པས་ཆོག
ཁྱེད་རང་མི་ཚེ་གང་བོར་དགེ་རྒན་གྱིས་ཤིག
ཟླ་ཕོགས་ཉུང་སོང་བསམ་ནས་འཁང་ར་མ་སྐྱེ །
ཟླ་ཕོགས་དེ་ལས་མང་ན་ཁྱེད་ཀྱི་རང་གཤིས་འགྱུར་འགྲོ །
ཁང་མིག་ཆུང་སོང་བསམ་ནས་འཁང་ར་མ་བྱེད།
ཁང་མིག་དེ་ལས་ཆེ་ན་ཁྱེད་ཀྱི་ཧམ་པ་འཕེལ་འགྲོ །
འཚོ་བ་ཐབས་ཆག་བསམ་ནས་འཁང་ར་མ་སྐྱེ །
འཚོ་བ་དེ་ལས་ལེགས་ན་ཁྱེད་ཀྱི་སྙན་ངག་བོར་འགྲོ །
ཁྱེད་རང་། མི་ཚེ་གང་བོར་དགེ་རྒན་གྱིས་ཤིག
སློབ་ཆུང་དགེ་རྒན་ཡིན་ཡང་ཆོག །
སློབ་འབྲིང་དགེ་རྒན་ཡིན་ཡང་ཆོག །
སློབ་ཆེན་དགེ་རྒན་ཡིན་ཡང་ཆོག་སྟེ།
གང་ལྟར། ཁྱེད་རང་དགེ་རྒན་གྱིས་དང་།
ཨ་མས་བྱིན་པའི་རང་གཤིས་དེ་འབོར་མི་སྲིད།
ཨ་ཕས་བསྩལ་བའི་ལྷག་བསམ་དེ་འབོར་མི་སྲིད།
ནམ་ཞིག་ཁྱེད་རང་ཐང་ལ་འགྱེལ་རྩིས་ཡོད་དུས།
མཐའ་ནས་སྐྱོར་མཁན་དེ།
ཁྱེད་ཀྱི་སློབ་མ་ཡིན་ངེས།
ནམ་ཞིག་ཁྱེད་རང་རླུང་གིས་ཁུར་ལ་ཉེ་དུས།
ལག་པས་འཛིན་མཁན་དེ།
ཁྱེད་ཀྱི་སློབ་མ་ཡིན་ངེས།
ནམ་ཉི་མ་ཞིག་ལ།
རྒན་ཡོལ་བྱས་རྗེས།
མི་ཆེན་ཡིན་ཟེར་བ་དག་རྒྱུ་ནོར་གྱི་དོང་ལས་ཐར་མ་ཐུབ་པར་ལུས་དུས།
རིག་རྒོད་ཡིན་ཟེར་བ་དག་གཡོ་ཟོལ་གྱི་དྲ་ལས་ཐར་མ་ཐུབ་པར་ལུས་དུས།
ཚོང་བདག་ཡིན་ཟེར་བ་དག་དངུལ་བུན་གྱི་རྒྱ་ལས་ཐར་མ་ཐུབ་པར་ལུས་དུས།
ཁྱེད་ཁོ་ན་ནི། མི་ཡུལ་གྱི་ཆེས་དྭངས་གཙང་གི་མི་དེ་ཡིན།
ཆེས་སེམས་ཁུར་ཉུང་བའི་མི་དེ་ཡིན།
དེ་བས། ཁྱེད་རང་མི་ཚེ་གང་བོར་དགེ་རྒན་གྱིས་ཤིག