1
རྡོ་བ་འདི་སྲིད་པའི་རྒན་པོ་རེད།
རྡོ་བ་འདི་གནམ་མཐིལ་གྱི་དམུ་སྐས་རེད།
རྡོ་བ་འདི་སངས་རྒྱས་ཀྱི་དག་ཞིང་རེད།
རྡོ་བ་འདི་མཐོ་སྒང་འདིའི་སྒལ་ཚིགས་རེད།
རྡོ་བ།
མི་ལོ་གང་མང་གི་གསང་བ་རུམ་པའི་རྡོ་་བ།
མྱ་ངན་དང་དགའ་སྐྱོའི་རླབས་ཕྲེང་འཁོད་པའི་རྡོ་བ།
རྫུ་བག་དང་ངོ་དགའ་མེད་པའི་རྡོ་བ།
འགྱུར་བ་དང་འཕེལ་འགྲིབ་ཉུང་བའི་་རྡོ་བ།
ཁྱོད་ཀྱིས་མཐོ་སྒང་འདིའི་ཆགས་རིམ་ཨེ་མཐོང་།
མི་རིགས་འདིའི་དར་རྒུད་ཨེ་གཟིགས།
དབྱར་དགུན་སྟོན་དཔྱིད་གང་མང་ཅིག་བསྐྱལ་རྗེས།
ཉི་འོད་དང་ལྷགས་རླུང་གི་སོ་ཁ་ན།
ཁྱོད་འདི་ལྟར་བག་ལ་ཞ་སོང་ངམ།
མེས་པོའི་ཀེང་རུས་ཀྱི་ཕུང་གསོག་ཁྲོད།
འཁྱགས་གྲང་གིས་གཙེས་པའི་མེས་པོའི་རྣམ་ཤེས་ཀྱི་འདུ་ལོང་ཁྲོད།
གྲང་བས་གས་པའི་ས་རྒོད་ཀྱི་བེམ་རོའི་ཁྲོད།
སྨག་རུམ་གྱིས་བཏུམས་པའི་ཕུ་ནུ་ནང་དམེའི་ཁྲོད།
རྡོ་བ་་ལ་སྨྲ་བརྗོད་དང་གཡོ་འགུལ་མེད།
མིག་ཆུ་དང་ན་ཟུག་མེད།
འདུ་ཤེས་དང་ཆགས་སྡང་མེད།
2
རྡོ་བ་ནི་བོད་མིའི་མནའ་ཚིག་ཡིན།
རྡོ་བ་ནི་བོད་མིའི་འདུ་ཤེས་ཡིན།
རྡོ་བ་ནི་བོད་མིའི་རང་གཤིས་ཡིན།
རྡོ་བ་ནི་བོད་མིའི་དམ་བཅའ་ཡིན།
དམུ་སྐས་ལས་བབསཔའི་ལྷ་སྲས་ཐོག་མ།
ཁྱོད་ཀྱི་སྒལ་སྟེང་དུ་ཞབས་ཟུང་བཙུགས།
འོད་ཟེར་ལས་འཁྲུངས་པའི་གཉན་པོའི་གསང་བ།
ཁྱེད་ཀྱི་རུམ་ཁོང་ནས་ཁོ་ལག་རྒྱས།
མི་རྣམས་ཀྱིས་རྡོ་བ་ལ་བརྟེན་ནས་མཁར་གྱང་བརྩིགས།
རྡོ་བ།
སྲོང་བཙན་གྱི་ཞལ་རས་མཇལ་མྱོང་བའི་ཨ་མྱེས་རྒན་པོ།
ཁྲི་སྲོང་གི་དམག་རྟ་བཏེགས་མྱོང་བའི་དཔའ་རྒོད་ངར་མ།
གླང་དར་མ་དང་ལྷ་ལུང་དཔལ་?ར་གྱི་ནང་དམེ་ལ།
ཞལ་འཛུམ་འཚེར་ལེར་གཟིགས་པའི་?་བ།
རྡོབ།
ཁྱོད་ཡོད་པས་ཕྱི་དགྲ་ལ་རྒོལ་བའི་རྫོང་མཁར་བཙན་པོ་བརྩིགས་སོང་།
ནང་སྤུན་ལ་མཁོ་བའི་ཕ་མཁར་དྲོན་མོ་བཞེངས་སོང་།
ཁྱོད་ཡོད་པས་ཡུམ་བུ་བླ་མཁར་བརྩིགས་སོང་།
ཕྱིང་བ་སྟག་རྩེ་བརྒྱབ་སོང་།
པོ་ཏ་ལ་བསྐྲུན་སོང་།
གཙུག་ལག་ཁང་དང་ལྷ་ཁང་མང་པོ་བཞེངས་སོང་།
མཐར་རྡོ་རིང་དང་རྡོ་གཅལ་མང་པོའང་བཟོས་སོང་།
ཁྱོད་མེད་ན་ཁྲང་ཆིང་མཐུན་སྒྲིལ་རྡོ་་རིང་མེད།
གཙུག་ལག་ཁང་དང་པོ་ཏ་ལ་ཡང་མེད།
ཐ་ན་ངའི་ཨ་ཕའི་སྣ་ཐ་དབུར་བྱེད་ཀྱི་རྡོ་རིལ་དེ་ཡང་མེད་དོ། །
3
འཕྲུལ་རྩལ་གྱིས་གནམ་ས་གཡོ་དུས།
སོར་འབིགས་རྣོན་པོ་ཁྱེར་བའི་ལག་རྩལ་པས།
རྡོ་རྙི་བ་དག་བདམས་ཏེ་སྙིང་ནས་དྲུས་སོང་།
གྲོང་ཁྱེར་དུ་འཇམ་བརྡར་གྱི་རྡོ་གཅལ་བཏིང་སོང་།
མཁྲེགས་པ་དག་ནམ་ཡང་གཅལ་གྱི་འོག་ནས་མ་ཐོན།
ད་ནི་རྡོ་བའི་གྲོང་ཁྱེར་དུ་འབོད་པའི་གནས་དེར་ཡང་།
འདི་ཡིན་སྟོན་རྒྱུ་ཡོད་པའི་རྡོ་བ་ནི་མ་མཆིས་ཏེ།
གྲོང་ཁྱེར་ནས་རྩིག་པའི་གསེང་རྡོ་ཞིག་ཀྱང་རྙེད་དཀའ།
རྡོ་བ་དགོས་ན་འབྲོག་ཁྱིམ་གྱི་ལྷས་ར་དག་ན་ཡོད།
རྡོ་བ་དགོས་ན་མེས་པོས་སྤུངས་པའི་རི་མགོའི་ལབ་རྩེ་དག་ན་ཡོད།
?་བ། དུས་རབས་གསར་པ་ཟེར་བ་ཞིག་གིས་ཁྱོད་གྲོང་ཁྱེར་གྱི་?་གཅལ་ལ་བཅོས་སོང་།
དུས་རབས་གསར་པ་ཟེར་བ་ཞིག་གིས་ཁྱོད་གྲུ་བཞི་དང་སྒོར་མོ་ཅི་ཡང་བཟོས་སོང་།
དུས་རབས་གསར་པ་ཞིག་གིས་ཁྱོད་ཀྱི་སྲ་མཁྲེགས་ཀྱི་རང་གཤིས་གཏོར་སོང་།
ད་ནི། ཁྱོད་ཀྱི་སྒལ་སྟེང་ན་འཕྲུལ་ཆས་ཀྱིས་འདུ་ལོངས་ཚུགས་འདུག
ཁྱོད་ཀྱི་ཕྲག་སྟེང་ན་གྲོང་ཁྱེར་དང་གླིང་ག་ཆགས་འདུག
ཁྱོད་ནི་སྨད་འཚོང་མ་དག་གིས་ཀྱང་ཇི་མི་སྙམ་པར་འགེམ་འགྲོའོ། །
འོན་ཏེ། ཁྱོད་ཀྱི་འོག་རུམ་ལ་མེས་པོ་ག་ཚོད་ཀྱི་ཀེང་རུས་མནན་ཡོད།
འབྲོང་རྒོད་དང་སྟག་རྒོད།
ད་དུང་སྟོངས་ཟིན་པའི་སྲོག་ཆགས་ག་ཚོད་ཀྱི་ཤ་ཁྲག་དང་རྣམ་ཤེས་མནན་ཡོད།