གཅིག ལོ་རྒྱུས་མདོར་བསྡུས།
འཇུ་སྐལ་བཟང་། སྐྱེ་མིང་ལ་སྐལ་བཟང་། པིར་མིང་ལ་ཏིག་ཏ་ཟེར། སྤྱི་ལོ1960ལོར་མཚོ་སྔོན་མགོ་ལོག་ཏུ་འཁྲུངས། སྔ་ཕྱིར་མགོ་ལོག་དང་། ཟི་ལིང་། པེ་ཅིང་སོགས་སུ་སློབ་གྲྭ་འགྲིམས། སྤྱི་ལོ1986ལོར་རྩོམ་རིག་ཞིབ་འཇུག་སློབ་མའི་དམ་བཅའ་བླངས། སྤྱི་ལོ1977ལོ་ནས་རྩོམ་རིག་གསར་རྩོམ་ལ་ཞུགས། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས། ད་ལྟ་མགོ་ལོག་ཁུལ་མི་རིགས་སྐད་ཡིག་ལས་དོན་ཁང་དུ་ཕྱག་ལས་གནས་མུས་སུ་མཆིས།
ཁོང་ནི་བོད་ཀྱི་དེང་རབས་སྙན་ངག་སྡེའི་སྙན་ངག་པ་གྲགས་ཅན་དང་། ཡིད་བརྙན་སྙན་ངག་དུས་མཚམས་ཀྱི་ཚབ་མཚོན་སྙན་ངག་པ། རྩོམ་རིག་པ། ལྷུག་རྩོམ་པ། ལོ་ཙཱ་བ་བཅས་སོ། །
ཚབ་མཚོན་བརྩམས་ཆོས་སུ། སྙན་ངག་ཕྱོགས་སྒྲིག《གངས་འདབས་ཀྱི་སེམས་པ》དང་། 《དུང་སེམས་རླབས་ཀྱི་ཟེགས་མ》(ཚིགས་བཅད་སྙན་ངག)《གངས་གྲོང་གི་རླུང་བུ》 རྩོམ་རིག་དཔྱད་རྩོམ《སྙན་ངག་གི་རྣམ་བཤད》བཅས་པོད་བཞི་བཞུགས། ཡོངས་གྲགས་སུ་བརྩམས་ཆོས《མཁའ་འགྲོའི་གཟུགས་རིས》དང་། 《དགེ་འདུན་ཆོས་འཕེལ》《རྩྭ་ཟིལ》སོགས་ཀྱི་ཡིད་བརྙན་གྱི་ཁྱད་ཆོས་མངའ་བའི་མཛེས་དཔྱོད་ཀྱི་མོས་པའི་ཁམས་དང་། མྱོང་རོལ་ལ་གཏན་ཚིགས་ཀྱི་འགྲོས་རིམ་ཟབ་པའི་དགེ་མཚན་ལས་ཁོང་གི་ཡིད་བརྙན་བརྩམས་ཆོས་ཀྱི་སྒྱུ་རྩལ་ཉམས་སྣང་རྩེར་སོན་པ་མཚོན་ནོ། །
གཉིས། གསར་རྩོམ་གྱི་བརྒྱུད་རིམ།
འཇུ་སྐལ་བཟང་ནི་བོད་ཀྱི་དེང་རབས་སྙན་ངག་སྡེའི་སྙན་ངག་པ་གྲགས་ཅན་དང་། དམིགས་སུ་ཡིད་བརྙན་སྙན་ངག་དུས་མཚམས་ཀྱི་ཚབ་མཚོན་སྙན་ངག་པ་ཞིག་གོ །སྤྱིར"མི་རབས་དང་པོ་སྟེ་རང་གྲོལ་དང་མི་རབས་གཉིས་པ་སྟེ་འཇུ་སྐལ་བཟང་སོགས…… "སྐྱབས་ཆེན་བདེ་གྲོལ་གྱི《མི་རབས་གསུམ་པ་ཞེས་པའི་སྐོར་གྱི་ལབ་གླེང་ཕྲན་བུ》མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།གསུངས་དུས། ཡོངས་གྲགས་སུ་ཡིད་བརྙན་དུས་མཚམས་ཀྱི་སྙན་ངག་པའི་མི་རབས་སུ་ལྗང་བུ་དང་། འཇུ་སྐལ་བཟང་ལས་སུ་ཞིག་འཇོག་མིན་རྩོད་གཞིར་གྱུར་མོད། འགྲོ་བ་མིའི་རིགས་ཀྱི་སྙན་ངག་བྱུང་འཕེལ་ལོ་རྒྱུས་ནས་བརྟགས་ན། བར་བརྒལ་གྱི་ཚབ་མཚོན་བརྩམས་ཆོས《གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས》རྩོམ་རིག་གོ་ས་ལས། སྙན་ངག་པ་ལྗང་བུ་ནི་ལུགས་འདིའི་སྲོལ་འབྱེད་པ་དང་། སྙན་ངག་པའི་མི་རབས་གཉིས་པར་ངེས་ན། འཇུ་སྐལ་བཟང་ནི་ཚབ་མཚོན་གྱི་སྙན་ངག་པ་ཞིག་ཏུ་འདོད།
ཁོང་གི་སྙན་ངག་གསར་རྩོམ་གྱི་བརྒྱུད་རིམ་དུ་སྙན་པོད་གསུམ་ཏེ། 《གངས་འདབས་ཀྱི་སེམས་པ》 དང་། 《དུང་སེམས་རླབས་ཀྱི་ཟེགས་མ》(ཚིགས་བཅད་སྙན་ངག)《གངས་གྲོང་གི་རླུང་བུ》བཅས་པར་སྐྲུན་བྱས། སྲོལ་དེང་ལུགས་གཉིས་ཀྱི་སྙན་ངག་གསར་རྩོམ་གྱི་ངག་སྒོ་ཡངས་ཤིང་། གསར་རྙིང་རིག་གནས་ཀྱི་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པའི་སྙན་ངག་པ་ཞིག་ཏུ་འདོད།
གསར་རྩོམ་གྱི་བརྒྱུད་རིམ་སྔ་ཕྱིར་ཚབ་མཚོན་བརྩམས་ཆོས《མཁའ་འགྲོའི་གཟུགས་རིས》དང་། 《དགེ་འདུན་ཆོས་འཕེལ》ལྟ་བུ་སྙན་ངག་ཁམས་ཀྱི་དུས་མཚམས་དང་། 《རྩྭ་ཟིལ》དང་། 《རྒོད་པོ་དང་ནམ་མཁའ》ལྟ་བུ་ཡིད་བརྙན་གྱི་དུས་མཚམས་སུ་རིམ་བགྲོད་བྱས། སྙན་ངག་པའི་ཚོར་བའི་ན་ཟུག་གིས་མི་རིགས་དང་། མིའི་རིགས་ཀྱི་ལས་དབང་ལ་དོ་ཁུར། དམིགས་སུ་མཚོན་པ་ཅན་ལམ་གྱི་ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀ་བཏོད་དེ། མཚོན་དོན་ལ་ཡིད་བརྙན་རིང་ལུགས་ཀྱི་སྒྱུ་རྩལ་ཉམས་སྣང་རྣལ་མ་སྟེ། མཛེས་དཔྱོད་ཀྱི་མོས་པའི་ཁམས་ལ་མཚོན་དོན་རང་བཞིན་དང་། དོན་མང་རང་བཞིན། ཤུགས་བསྟན་རང་བཞིན། གཟུགས་འགྱུར་རང་བཞིན་གྱི་མཛེས་པའི་རང་མདངས་ཟབ་ཅིང་། མྱོང་རོལ་ལ་གཏན་ཚིགས་ཀྱི་འགྲོས་རིམ་ཟབ་པ་ཐུན་མིན་ཁྱད་ཆོས་སུ་མཐོང་།
སྙན་ངག་པའི་རང་གཤིས་ནས་བརྟགས་ན་རྩོད་གཞི་ཅན་ཞིག་སྟེ། སྙན་ངག་པ་ལྗང་བུས"ངས་འཚོལ་གྱིན་པའི་སྙན་ངག་པ་དེ་གློ་བུར་བོར་བརླག་ཐེབས་ནའང་། མི་གཤིས་འཇམ་ཞིང་གུས་ཞབས་ཆེ་ལ། རིག་གནས་ཐད་བསམ་རྒྱ་ཆེ་ཞིང་མི་རིགས་ཀྱི་ཁུར་ལྕི་བའི་ལས་བྱེད་པ' དཔེ་ཆ་བ'ཞིག་བདག་གིས་མངོན་སུམ་དུ་མཇལ་བྱུང"
《ནགས་ཀློང་ཁུ་བྱུག་འདུ་གནས》མི་རིགས་དཔེ་སྐྲུན་ཁང་། P65ཞེས་གསུངས་པ་ལྟར། རིག་གནས་རྙིང་པའི་ཀུན་ཁྱབ་ཀྱི་སྙིང་སྟོབས་སྙིང་རྗེ་ཆེན་པོའི་བག་ཆགས་ཀྱིས་བསླད་པའི་དཔེ་ཆ་བའི་མི་ཚེའི་རིན་ཐང་དུ་སོན་པ་ལས། ཚོར་བའི་ན་ཟུག་དམིགས་བསལ་གྱིས་བསླངས་པའི་མི་ཚེའི་རྟོགས་པས་དོགས་སློང་གི་སྙིང་སྟོབས་གླུ་རུ་ལེན་པའི་དུང་པ་ཁེར་ལེན་པ་ཞིག་གི་ལས་དབང་དུ་འཇུག་མེད་ཚོད། ལར་སྙན་ངག་པ་ཞིག་གི་རིན་ཐང་ལྟ་བ་དཔེ་ཆ་བའི་མི་ཚེའི་རྟོགས་པའི་བག་ཏུ་ཞ་སྟེ། ཚོར་བའི་ཆགས་སྡང་བཏང་སྙོམས་སུ་འཇོག་པ་སྒྱུ་རྩལ་གྱི་ལུགས་དང་འགལ་ལོ། །
སྙན་ངག་པ་ཡི་དམ་ཚེ་རིང་གིས"《གངས་འདབས་ཀྱི་སེམས་པ》ནི་ཁྱུང་ཆེན་གྱི་གཤོག་པ་བརྐྱངས་པ་དང་མཚུངས་ལ། གངས་སེང་གི་ངར་སྐད་བསྒྲགས་པ་དང་འདྲ་སྟེ། དེ་ནི་ཁ་བ་རི་པའི་དེང་རབས་རྩོམ་རིག་གི་གོམ་འགྲོས་སྒྱུར་འགོ་ཚུགས་པའི་མཚོན་རྟགས་ཁྱད་དུ་ཐོན་པ་ཞིག་ཡིན་པས། ང་ཚོར་དགའ་བ་སྐྱེད་ཅིང་། སྐུལ་བ་ཐེབས་སུ་བཅུག"《ནགས་ཀློང་ཁུ་བྱུག་འདུ་གནས》མི་རིགས་དཔེ་སྐྲུན་ཁང་། P65ཅེས་པ་དང་། བདེ་སྐྱིད་འཚོས་ཀྱང"འཇུ་སྐལ་བཟང་ནི་དེང་རབས་བོད་ཀྱི་རྩོམ་རིག་དཔུང་ཁག་ནང་རྩོམ་རྩལ་ལེགས་ཤིང་གྲུབ་འབྲས་ཀྱང་མཐོ་ཙམ་ཐོན་པའི་ན་གཞོན་སྙན་ངག་པའི་གྲས་ཡིན་པ་དང་། རྨ་ཆེན་གངས་ཀྱི་ར་བའི་མཚར་སྡུག་གི་རི་མོ་དང་རྨ་འབྲི་ཆུ་བོའི་སྟོད་རྒྱུད་ཀྱི་བཞུར་སྒྲ་འཛོམས་པའི་རྟེན་འབྲེལ་གྱིས་ཁོ་རང་སྙན་ངག་པའི་སྟེགས་བུར་བསྐྱོན"《ནགས་ཀློང་ཁུ་བྱུག་འདུ་གནས》མི་རིགས་དཔེ་སྐྲུན་ཁང་། P65ཞེས་གསུངས་པ་ལྟར། བོད་ཀྱི་དེང་རབས་རྩོམ་རིག་གི་དཀྱོགས་མཚམས་སུ་སོན་པའི་སྙན་ངག་པ་ཞེས་རྩོམ་རིག་གི་གོ་ས་བླ་ནར་འཕགས་པར་འདོད་དོ། །
ཡང་བདུད་ལྷ་རྒྱལ་ནས"སྤུས་ཀའི་ཆ་ནས་ཁོས་ལེགས་པའི་ཆུ་ཚད་དེ་ཉིད་བརྟན་ཆགས་ཀྱིས་རྒྱུན་འཁྱོངས་བྱེད་དཀའ་བར'མཐོ་རྒྱག་དམའ་རྒྱག'ཆེ་བའི་སྣང་ཚུལ་བྱུང"ཞེས་གསར་རྩོམ་གྱི་གྲངས་ཚད་དང་། སྤུས་ཀ་དོ་མ་མཉམ་པའི་འཛམ་གླིང་རྩོམ་རིག་གི་ཁྲི་འཕང་ཡངས་པོར་འཛེག་འགྱུར་གྱི་རྒྱལ་སྲས་ཤིག་གི་ལས་དབང་བསྟན་པའོ།།
སྤྱིར་འཇུ་སྐལ་བཟང་ཞེས་རྩོམ་རིག་བརྡ་ཆད་ཀྱི་གོ་དོན་ནས་བརྟགས་ན། ཁོང་ནི་ཡིད་བརྙན་བརྩམས་ཆོས་ཀྱི་ཚབ་མཚོན་སྙན་ངག་པ་དང་། རང་གཤིས་ནར་མ་སོན་པར་དཔེ་ཆ་བའི་མི་ཚེའི་རྟོགས་པ་གླུ་རུ་ལེན་མཁན་ཞིག ཀློག་པ་པོའི་མོས་པའི་ཁམས་དང་འཚམ་ཞིང་། སྙན་ངག་པའི་སྡེའི་གསར་རྩོམ་ངོར་འཕྲོད་པའི་སྙན་ངག་པ་གྲགས་ཅན་ཞིག་ལས། དུས་རབས་ཀྱིས་བསྐྲུན་པའི་སྙན་ངག་པ་རང་གཤིས་ཅན་ཞིག་མིན་པར་སྣང་། རྩ་བའང་རང་སྒེར་གྱི་ཚོར་བ་རྣོན་པོ་དང་། མྱོང་བ་དམིགས་བསལ་གྱི་ལམ་ནས་གསར་རྙིང་རིན་ཐང་ཡོད་ཚད་ལ་དཔྱོད་ཤེས་ཀྱི་སྙིང་སྟོབས་དབེན་ཞིང་། ཐ་ན་ཡོངས་གྲགས་ཀྱི་ལམ་སྲོལ་ལ་གཏན་བཀུར་ལས། དེའི་འགྱུར་བའི་རང་བཞིན་ཁས་ལེན་མི་བཏུབ་པའི་རྟོགས་སད་པའི་བསམ་བློའི་ཞན་ཆས་འབག་སྙམ། སྤྱིར་དད་པ་དང་། ཤེས་རབ་ཀྱི་འཆིང་རྒྱས་རང་གཤིས་ནར་མ་སོན་པའི་སྙན་ངག་པ་གྲགས་ཅན་ཞིག་གོ ། སྙན་ངག་གི་ཕྱི་ནང་དུའང་དད་པའི་དག་སྣང་གི་བདེ་བ་དང་། ཤེས་རབ་ཀྱི་རལ་གྲིས་བྱིན་པའི་ཟུག་རྔུ་རལ་གྲི་སོ་གཉིས་མའི་ཚུལ་ལྟར་གཅིག་གི་ཟླར་གཅིག་ལངས་པ་ལས། འགལ་མེད་གྲོགས་སུ་ཁྱེར་བའི་མི་ཚེའི་རྟོགས་པ་སྨིན་མཚམས་སུ་སོན་མེད། འདི་ནི་སྙན་ངག་པ་འཇུ་སྐལ་བཟང་གི་འཇིག་རྟེན་དུ་དཔེ་ཆ་བ་དང་། སྙན་ངག་པའི་མི་ཚེའི་རྟོགས་པ་མདུང་དང་ཕུབ་ལྟར་གནོད་བྱ་གནོད་བྱེད་ཀྱི་ཚུལ་དུ་གནས་པ་ཞིག་ཀྱང་ཡིན་སྲིད།
ཁོང་གིས"སེམས་ཀྱི་འགྱུ་བ་ཕྲ་མོའམ་བརྩེ་དུང་རང་ག་བ་ཙམ་ལས་མང་པོ་ཞིག་བརྗོད་ཐུབ་ཀྱིན་མེད་པ་ཁོ་བོའི་བརྩམས་ཆོས་ཀྱི་ཞན་ཆ་གཙོ་བོ་ཡིན"《ནགས་ཀློང་ཁུ་བྱུག་འདུ་གནས》མི་རིགས་དཔེ་སྐྲུན་ཁང་། P61ཞེས་གསུངས་པ་ནི་གསར་རྩོམ་གྱི་མི་ཚེའི་ཆོད་སྡོམ་དང་། སྙན་ངག་ལ་བཟུང་པའི་ལྟ་གྲུབ་ཅིག་གོ །གསར་རྩོམ་གྱི་དཀྱོགས་མཚམས་དང་། བར་བརྒལ་བརྩམས་ཆོས་ཀྱི་སྔ་ཕྱིའི་དུས་མཚམས་མི་གསལ་ཡང་། སྔ་ཕྱིར་ཡིད་འགྱུར་དྲག་པོའི་སྙན་ངག་ཁམས་དང་། མཚོན་པ་ཅན་གྱི་ཡིད་བརྙན་བརྩམས་ཆོས་སོགས་ཀྱི་སྒྱུ་རྩལ་དང་། མཛེས་དཔྱོད་ཀྱི་མོས་པའི་ཁམས་ནས་ཐུན་མིན་གྱི་གྲུབ་འབྲས་བཏོད་ཅིང་། ལར་ཚབ་མཚོན་བརྩམས་ཆོས《རྩྭ་ཟིལ》ལས་མངོན་པའི་མཛེས་དཔྱོད་ཀྱི་མོས་པའི་ཁམས་ནས་ཡིད་བརྙན་རིང་ལུགས་ཀྱི་སྒྱུ་རྩལ་ཉམས་སྣང་རྣལ་མ་སྟེ། ཐ་སྙད་ཀྱི་སྤྲོས་བརྗོད་དང་། གཏན་ཚིགས་ཀྱི་རིགས་བསྒྲེ། རང་སྒེར་གྱི་བརྡ་རྟགས། མཚོན་བྱེད། སྒྲིག་སྦྱོར། ཡིད་གཟུགས་ཆ་ཤས་ལྷོད་པ་སོགས་ཀྱི་བབ་ནས་མིན་པར། མཚོན་པ་ཅན་ལམ་གྱི་ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀས་མཛེས་དཔྱོད་ཀྱི་མོས་པའི་ཁམས་བཞེངས་པའི་སྒྱུ་རྩལ་གྱི་ཉམས་སྣང་ཟབ། དེས་ན"འཇུ་སྐལ་བཟང"ཞེས་ཡིད་བརྙན་རིང་ལུགས་ཀྱི་སྙན་ངག་བརྡ་ཆད་ཅིག་ཏུ་གྲུབ། འདི་ནི་ཁོང་གི་སྙན་ངག་གསར་རྩོམ་གྱི་རྩོམ་རིག་གོ་ས་དང་། གསར་རྩོམ་གྱི་ཐུན་མིན་ཁྱད་ཆོས་ཀྱི་མངོན་ཚུལ་ལོ། །
གསར་རྩོམ་སྔ་མའི་དུས་མཚམས་སུ། ཚབ་མཚོན་བརྩམས་ཆོས《མཁའ་འགྲོའི་གཟུགས་རིས》 དང་། 《དགེ་འདུན་ཆོས་འཕེལ》གྱིས་གཙོས་པའི་ཡིད་འགྱུར་བརྩམས་ཆོས་བརྩམས། སྤྱིར་འཆར་ཡན་རིང་ལུགས་ཀྱི་ཡུལ་ཚོར་མཉམ་བསྲེས་དང་། ཡུལ་ཡུལ་ཅན་གཅིག་འདྲེས་ཀྱི་མཚོན་ཐབས་ཏེ། སྙན་ངག་པའི་ཚོར་བས་བསླད་པའི་ལྗོངས་བཀོད་ཀྱི་རྟེན་ནས་ཡིད་འགྱུར་མཚོན་པའི་སྒྱུ་རྩལ་གྱི་ཉམས་སྣང་མངོན་པར་མི་གསལ་ཡང་། ཡིད་འགྱུར་གྱི་རྟེན་དང་། སྙན་ངག་པའི་ཚོར་བ་རོ་གཅིག་ཏུ་སིམ་པའི་ཡིད་འགྱུར་གྱི་འགྲོས་རིམ་དྲག་པོ་དང་། ལར་ལོ་རྒྱུས་དང་། མཚན་ཉིད་རིག་པའི་བརྗོད་བྱ་བློས་བསླངས་ཀྱི་གཞིར་བྱས་ཏེ། ཡིད་འགྱུར་གྱི་འགྲོས་རིམ་དང་རྒྱུ་འབྲས་ཀྱི་འབྲེལ་བར་གྲུབ་པའི་ཉམས་སྣང་ལྡན་པ་བཅས་སོ། ། བོད་ཀྱི་སྙན་གསར་བྱུང་འཕེལ་ལོ་རྒྱུས་སུ་ཡིད་འགྱུར་བརྩམས་ཆོས་ཀྱི་འཕེལ་རྒྱས་ལ་སྒྱུ་རྩལ་གྱི་མཐོང་སྣེ་གསར་པ་གསབ་པ་འདྲའོ། །《མཁའ་འགྲོའི་གཟུགས་རིས》ནི་སྙན་ངག་པ་ཏུན་ཧོང་བྲག་ཕུག་ཏུ་གནས་སྐོར་དུ་བསྐྱོད་པའི་ཚོར་བའི་ཟིན་ཐོ་ཡིན་སྐད། སྙན་ངག་ཏུ"མཛེས་སྡུག་དར་གྱི་ཤམ་བུ་ལྷབ་ལྷུབ་ཏུ་གཡོ་བཞིན། /ལྕུག་ཕྲན་ལུས་ཀྱི་ཟློས་གར་ནམ་མཁའ་ན་སྒྱུར་བ། /ཨེ་མ་མཁའ་ལ་རྒྱུ་བའི་འཆི་མེད་ཀྱི་བུ་མོ། / …… མཁྲང་རྒྱས་ཀྱི་འོ་འཛིན། /སྨིན་ལེགས་ཀྱི་ཨ་མྲ། / …… བིམ་པའི་མཆུ་སྒྲོས། /ཟབ་ཅིང་དམའ་བ ……"ཞེས་ཏུན་ཧོང(རྒྱ་ཤ་ཅུའམ་ཀ་ཅུ)བྲག་ཕུག་གི་སྒྱུ་རྩལ་གྱི་ཡང་རྩེའམ། མཚོན་བྱེད་དུ་གྱུར་བའི་མཁའ་འགྲོ་མའམ། ལྷ་མོའི་གཟུགས་རིས་ཡིད་འགྱུར་གྱི་རྟེན་དུ་བྱས། མ་གཞིར་འདི་ནི་ལྷ་མོ་མཁའ་ལ་གར་གྱི་སྟངས་སྟབས་བསྒྱུར་བའི་ངོ་མཚར་ཕྱག་རྒྱ་ལྡེབས་རིས་སུ་ཕབ་པ་ཞིག་ཡིན་རུང་། སྙན་ངག་པའི་ཚོར་བ་དྲག་པོའི་ཀློང་ནས་གར་མའི་ཚེ་སྲོག་གི་གསོན་སྟོབས་བསྣན་པའི་ངོ་མཚར་ཆེ་ཞིང་། ལྷ་མོའི་བཞིན་དཔལ་དང་། ལྕུག་ཕྲན་གྱི་གཟུགས་རིས་ཀྱང་སྒེག་མའི་མ་ལུས་མཛེས་པ་གཅིག་ཏུ་བསྡུས་པའི་གཡེར་བག་ཉམས་ཀྱིས་ཕྱུག་པའོ། །འདི་ནི་སྙན་ངག་པས་སྐད་བརྡར་ཚོན་རྩི་དང་། དབྱངས་འགྲོས། འགུལ་སྐྱོད་ཀྱི་བྱེད་ལས་བསྩལ་ཏེ་བཞེངས་པའི་མཁའ་འགྲོའི་གཟུགས་རིས་ཤིག་གོ །
བློས་བསླངས་ངོ་མཚར་དང་། རྟོག་བཏགས་ཕུན་སུམ་ཚོགས་པོའི་ཀློང་གི་ལྷ་མོའི་གཟུགས་རིས་ཅི་འདྲའི་མཛེས་ཀྱང་། དོན་དམ་དུ་དབེན་གྲོང་བའི་ལུགས་ཀྱི་སླར་མཚོན་གྱི་སྨྱུག་རྩེས་གྲུབ་པས། འདི་ནི་སྙན་ངག་པའི་ཚོར་བ་དང་རོ་གཅིག་སིམ་པའི་ཡིད་འགྱུར་གྱི་རྟེན་ལས། ལྷ་མོའི་གཟུགས་རིས་ཀྱི་མཛེས་སྡུག་ཆར་བསྔགས་པ་ཡིད་འགྱུར་མ་ཡིན། འོ་ན་ཅི་ལྟར་ཡིན་ཞེ་ན། སྙན་ངག་པས་སྐད་བརྡའི་ལམ་ནས་ལྷ་མོའི་ངོ་མཚར་གཟུགས་རིས་དཔེ་རིས་སུ་ཕབ་པའི་སྙན་ངག་ཁམས་ནས་བསྔགས་པའི་བརྟུལ་ཞུགས་བོར་ཏེ། ཚོར་བའི་ན་ཟུག་སྟེ། "ནམ་ཞིག་གདོང་བ་བཞི་ལྡན་གྱི་ཚངས་པའི་བུ། /ཁེངས་པའི་ཉམས་ཀྱིས་ཁྱོད་ཀྱི་མདུན་དག་ཏུ། /འཇིག་རྟེན་བྱེད་པོ་ཁོ་བོ་འབའ་ཞིག་ཅེས། /རྒྱགས་པའི་གཏམ་གྱིས་སྲིད་པ་འགས་བྱེད་ཚེ། /མཆུ་སྒྲོས་ཀྱི་བུམ་བཟང་ནས། /བདེན་གཏམ་གྱི་བདུད་རྩིའི་རྒྱུན། /ཤར་མ་རུ་འཇོ་བྱེད་ན། /ངེས་དོན་གྱི་མཁའ་འགྲོ་ཉིད"ཅེས་ནམ་ཡང་བདེན་གཏམ་སྨྲར་མི་བཏུབ་པའི་ལྷ་མོ་ནི་ངེས་པ་དོན་གྱི་ལྷ་མོ་མིན་ཞེས་རྟོགས་སད་པའི་གད་རྒྱངས་ཀྱི་ཚུལ་དུ་བསྒྲགས་ཏེ། མཁའ་འགྲོའི་གཟུགས་རིས་ཀྱིས་གཙོས་པའི་ཏུན་ཧོང་བྲག་ཕུག་གི་ལྡེབས་རིས་དང་། དེའི་ལོ་རྒྱུས་ཀྱི་རིན་ཐང་སྟེ། སངས་རྒྱས་ཆོས་ལུགས་ནས་བསྟན་པའི་དག་ཞིང་དང་། ལྷ་ཚོགས་ཀྱི་རྣམ་གཞག་ལ་འདྲི་ཚིག་འཕངས་སྙམ། ཡོངས་གྲགས་སུ་ཏུན་ཧོང་བྲག་ཕུག་ཏུ་མཁའ་འགྲོའི་གཟུགས་རིས་ཀྱིས་གཙོས་པའི་ལྷ་དང་ལྷ་མོའི་ལྡེབས་རིས་བཞི་སྟོང་ལྔ་བརྒྱ་ལྷག་བཞུགས་ཤིང་། དེ་དག་ནི་སངས་རྒྱས་ཆོས་ལུགས་ནས་བསྟན་པའི་དག་ཞིང་དང་། ལྷ་ཚོགས་ཀྱི་རྣམ་གཞག་བརྗོད་བྱར་བྱས་པའི་ལྡེབས་རིས་ཡིན་པར་གྲགས།
ཡིད་འགྱུར་གྱི་སྙིང་པོའང་དག་ཞིང་གི་བདེ་བས་མི་ཡུལ་གྱི་བདེ་སྡུག་མ་ཚོར་ཞིང་། ལྷ་ཡི་ལུས་རྟེན་གྱིས་མིའི་རང་གཤིས་བོར་བའི་ལྷ་ཆོས་རིག་གནས་ཀྱི་མི་ཚེའི་རྟོགས་པར་ཅོ་འདྲི་བར་སྣང་། ཡང་ན། གདོད་མའི་བོན་གྱི་ལྷ་སྒྲུང་རིང་མོའི་བག་ཆགས་ཀྱིས་ལྷ་དང་། བླ་ལྟེ་བར་སྨྲ་བའི་གོམས་གཤིས་རྙིང་པ་དང་། མི་གཞི་རྙིང་པའི་རིག་གནས་རྒྱབ་ལྗོངས་ཀྱི་མི་གཤིས་ཀྱི་ཉེན་ཚབས་སུན་འབྱིན་པར་སྙམ། ཡིན་ཡང་ཡིན་ཏེ། ལྷ་མོ་ནི"ཀྱེ་ཀྱེ་མཚར་སྡུག་ཡེ་ཤེས་ཀྱི་མཁའ་འགྲོ། /ཁྱོད་ཀྱི་ཐུགས་ཀྱང་ཁྱོད་ལུས་དང་འདྲ་བར། /མི་སྡུག་ར་རིའི་དྲི་མ་དང་བྲལ་སྙམ། /མི་ཤིགས་གདེང་ཞིག་ཁོ་བོ་ཡིས་རྙེད་དེ། /བདེན་པ - བྱམས་པ -མཛེས་པ-"ཞེས་ཕྱི་གར་མའི་གཡེར་བག་གི་འཇོ་སྒེག་ལྡན་ཞིང་། ནང་བདེན་བྱམས་མཛེས་གསུམ་གྱི་ཡོན་ཏན་ཚང་ཡང་། ནམ་ཡང་ཚངས་པའི་བུའི་རྒྱགས་པའི་གཏམ་ལ་བདེན་པའི་གཏམ་འབྱིན་མི་ཐུབ་པ་ཞིག་གོ །
སྙན་ངག་པས་རྟོགས་སད་པའི་མཐོང་སྣེས་བཞེངས་པའི་ཚོར་བ་དྲག་པོའི་ཀློང་གི་ལྷ་མོས་ནམ་ཡང་བདེན་གཏམ་སྨྲ་བར་མི་བཏུབ་པ《མཁའ་འགྲོའི་གཟུགས་རིས》ཀྱི་ཡིད་འགྱུར་གྱི་སྙིང་པོ་དང་། ལར་ཡིད་འགྱུར་གྱི་རྟེན་དང་། སྙན་ངག་པའི་ཚོར་བ་རོ་གཅིག་ཏུ་སིམ་པའི་རྟགས་སུ་འཁུམས་ན། སྙན་ངག་འདིའི་ཡིད་འགྱུར་གྱི་ཉམས་སྣང་ཡང་འདི་ནས་མངོན་ནོ། །
《དགེ་འདུན་ཆོས་འཕེལ》ནི་ཡིད་འགྱུར་གྱི་ཉམས་སྣང་ཟབ་པའི་ཚབ་མཚོན་བརྩམས་ཆོས་ཀྱི་གྲས་ཤིག་གོ །ཡིད་འགྱུར་གྱི་སྨིན་མཚམས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་མཁས་པའི་རང་གཤིས་དང་། ཐ་སྙད་ཚད་གྲུབ་མི་བཞེད་པའི་དགོངས་པས་བཏོད་པའི་མཁས་པ་ཞིག་གི་མི་ཚེའི་སྐྱོ་གར་གྱི་གནས་ལུགས་བསྟན་ཏེ། རིག་པའི་དཔའ་བོ་གང་ཉིད་ཀྱི་ཚེ་སྲོག་གི་མཆོད་སྦྱིན་ནི་མི་གཞི་རྙིང་པའི་སྤྱི་ཚོགས་ཤིག་དང་། ལྷག་ཏུ་རབ་བྱུང་པའི་སྡེའི་རིག་གནས་ཀྱི་སྙིང་སྟོབས་དཀྱེལ་ཡངས་མིན་པའི་ལོ་རྒྱུས་ཀྱི་བསླབ་བྱ་བསྟན་པ་དེའོ། །
"འཇིག་རྟེན་འཇིག་རྟེན་དུ་ཤེས་པ་ནས་བཟུང་། /ཁྱེད་རང་དགོད་སླ་ལ་ངུ་ཡང་སྐྱེན" མི་ཞིག་ལ་བསམས་ན། ངུ་དགོས། དགོད་དགོས། དགའ་སྡུག་ཆགས་སྡང་གིས་བསླངས་པའི་ཚོར་བ་སྐྱེན་པོ་ཅིས་ཀྱང་དགོས་སོ། །དགེ་ཆོས་ཀྱང་དེ་ལྟར་རེད། ཚོར་བ་སྐྱེན་ཞིང་། རང་གཤིས་ལྷད་མེད་པའི་ཤེས་རབ་ཅན་ཞིག་རེད། ཚོར་བ་སྐྱེན་དྲགས་པས་ཆགས་སྡང་གླུ་རུ་བླངས་མྱོང་། རང་གཤིས་ལྷད་མེད་པས་གཡོ་ཇུས་ཀྱི་ཕམ་ཁ་ཉོས་པ་གྲངས་མེད། ཤེས་རབ་རྣོ་དྲགས་པས་གཞུང་དང་ཡིག་ཆའི་དགོངས་པར་དོགས་སློང་ཐལ་དྲགས་སོང་། དགོད་པ་དང་ངུ་བ་ཡོན་ཏན་པའི་རང་གཤིས་ཡིན་ན། བོད་ཀྱི་རིག་གནས་སྡེར་དགོད་ཤེས་ལ། ངུ་ཤེས་པའི་མཁས་པའི་རྣམ་ཐར་ཇི་ཙམ་བཞུགས་སམ།
དགེ་ཆོས་ཀྱི་དགོད་སླ་ལ་ངུ་ཡང་སྐྱེན་པའི་རང་གཤིས་འདི་ཡིད་འགྱུར་གྱི་རྟེན་ནམ། སྙན་ངག་པའི་རྟོག་རྒྱུན་གྱི་ཁོང་ཐིག་གོ །ཡིད་འགྱུར་གྱི་འགྲོས་རིམ་དང་རྒྱུ་འབྲས་ཀྱི་འབྲེལ་བར་གྲུབ་ཡོད།
སྤྱིར་བོད་ཀྱི་རབ་བྱུང་པའི་སྡེའི་རིག་གནས་ཁྱབ་ཁོངས་སུ། ལྟ་བའི་ཐོག་ནས་ས་དགེ་བཀའ་རྙིང་གི་གྲུབ་མཐའི་བཅད་བཟུང་འབྱེད། དེའང་གོ་སྟག་ཤཱཀ་གསུམ་དང་། རྗེ་རིན་པོ་ཆེ་ལྟ་བུ་བོད་སྔ་ཕྱིའི་དབུ་མ་བའི་དབར་གྱི་དགག་སྒྲུབ་ལྟར་རོ། །ཕན་ཚུན་དབར་ལྟ་བའི་ཤན་འབྱེད་ཀྱི་རིག་པ་གཏོང་སྲོལ་ཡོད་ཀྱང་། ལྟ་ལོག་ཅེས་པའི་མིང་གིས་བསྙད་སྲོལ་ཆེར་མེད། གྲུབ་མཐའ་ནང་ཁུལ་དུའང་གྲྭ་ཚང་སོ་སོའི་ཡིག་ཆའི་དགོངས་པ་གཞིར་བཞག་ལས་དོགས་སློང་མི་བྱེད། དགེ་ལུགས་པས་ཀྱང་རྗེ་ཡབ་སྲས་ཀྱི་དགོངས་པའི་རྩ་བར་གྲྭ་ཚང་སོ་སོའི་ཡིག་ཆ་དག་སྣང་དུ་བཟུང་། ལར་རྗེའི་དགོངས་པར་མངོན་སུམ་གྱིས་དོགས་སློང་བྱས་པའི་ལོ་རྒྱུས་མེད། ཚུལ་འདི་ནི་སྙན་ངག་འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སམ། བློས་བསླངས་ཀྱི་རྟེན་པའོ། །
"ཐ་སྙད་ཀྱི་རྫ་བུམ་ཆེ་ཆུང་དུ་མ། /སིལ་བུར་བཅག་སྟེ"《ཀླུ་སྒྲུབ་དགོངས་རྒྱན》དུ་ཐ་སྙད་ཚད་གྲུབ་ཀྱི་རྣམ་གཞག་ཁས་ལེན་མ་བྱས། འདི་ནི་གོ་བོ་རབ་འབྱམས་པའི་དགོངས་པའི་ས་བོན་ལས་རྗེའི་དགོངས་པར་མངོན་སུམ་གྱིས་དོགས་སློང་བྱས་ཏེ། དབུ་མ་བའི་ལུགས་སུ་ཚད་མའི་རྣམ་གཞག་ཁས་ལེན་མེད་པའི་བོད་སྔ་མའི་དགོངས་པ་ཁས་ལེན་བྱས་པ་དེའོ། །གང་ཉིད་ཀྱང་རྗེའི་དགོངས་པར་མངོན་སུམ་གྱིས་དོགས་སློང་བྱེད་མཁན་གྱི་དགེ་ལུགས་པ་ཐོག་མ་དང་། རབ་བྱུང་པའི་སྡེའི་ཇོ་བཟང་གི་མིང་གིས་དབེན་པའི་ལྟ་ལོག་པ་ཐོག་མར་གྱུར། དགེ་ལུགས་པར་བསམས་ན། རྗེའི་དགོངས་པར་མངོན་སུམ་གྱིས་དོགས་སློང་བྱེད་པ་བསྟན་པའི་དགྲ་བོ་ཡིན་ན། དགེ་བཤེས་སུ་ཞིག་གིས་ཀྱང་མངོན་སུམ་གྱིས་དོགས་སློང་ལྟ་ཅི། དེ་ལྟའི་རྣམ་རྟོག་རྒྱུད་ལ་སྐྱེ་བ་ཙམ་ཡང་ཉེས་པར་ལྟ་བའོ། ། དེ་འདྲའི་རིག་གནས་ཁོར་ཡུག་ཏུ་མཁས་དབང་དགེ་ཆོས་ཀྱིས་རིག་པའི་ལམ་དེ་གདམ་གར་སྦྱར་ཏེ། རབ་བྱུང་པའི་སྡེའི་མི་ཚེའི་དཀྱོགས་མཚམས་བརྒལ། འདི་ནི་ཆོས་ཉིད་འཚོལ་ཕྱིར་བདེན་པ་སྲོག་ཏུ་ལྟ་བ་དང་། ཤེས་རབ་འཚོལ་ཕྱིར་རང་བཞིན་མིག་ལྟར་སྲུང་བའི་མཁས་པའི་རང་གཤིས་གཉུག་མ་དང་། དོགས་སློང་གི་སྙིང་སྟོབས་མངའ་བའི་དཔྱོད་ཤེས་པའི་རང་གཤིས་མ་ཡིན་ནམ། མཁས་དབང་དགེ་ཆོས་ཀྱི་རང་གཤིས་ཀྱང་འདི་ལས་གཉིས་པ་ཞིག་མེད།
སྙན་ངག་པས་ཀྱང་ཡིད་འགྱུར་གྱི་འགྲོས་རིམ་དུ་མཁས་དབང་དགེ་ཆོས་ལ་མཁས་པ་དང་། དཔྱོད་ཤེས་པའི་རང་གཤིས་ཉིས་རྩེག་ཏུ་བཏོད། འདི་ནི་རང་གཤིས་འདིའི་ངོ་བོར་སིམ་པའི་སྒྱུ་རྩལ་གྱི་ཁོང་ཐིག་དང་། སྙན་ངག་པའི་རྟོག་རྒྱུན་ལས་ཡིད་འགྱུར་སྨིན་མཚམས་སུ་སོན་པར་ཅི་ལྟར་ངེས་ན། ཡིད་འགྱུར་གྱི་འགྲོས་རིམ་ཇེ་དྲག་ཏུ་བཏོད་པ་སྙན་ངག་འདིའི་ཐུན་མིན་ཁྱད་ཆོས་སུ་ངེས།
འགྲོ་བ་མིའི་རིགས་ཀྱི་ཤེས་རིག་བྱུང་འཕེལ་གྱི་ལོ་རྒྱུས་ནས་བརྟགས་ན། ཤེས་རབ་ཅན་དམར་གསོད་ལ་སྤྲོ་བའི་མི་རིགས་གང་དེ་ནི་དྲག་པོའི་སྒེར་སྡོམ་རིང་ལུགས་དང་། རྨོངས་པའི་བྲན་གཤིས་ཀྱི་མི་རིགས་ཤིག་ཡིན་ན། "བདག་གིས་ནི་རབ་རིབ་ཀྱི་ས་སྲོད་ཅིག་ལ། /ཁྱེད་རང་ལན་མེད་པའི་འདྲི་རྟགས་དུ་མ་ལས་གྲུབ་པའི། /ལྕགས་ཐག་རིང་བོ་ཞིག་དྲུད་དེ། /ས་སྒང་གི་གངས་ཐིག་མཐོ་ཤོས་ལས། /དལ་བུར་བཞུད་པ་མཐོང" ཞེས་མཁས་དབང་དགེ་ཆོས་གང་ཉིད་རབ་བྱུང་པའི་སྡེས་ལྟ་ལོག་པར་བསྙད་པའི་ཕྲག་དོག་གི་སྡང་ཟུག་དང་། བོད་ས་གནས་སྲིད་གཞུང་གིས་མྱུལ་མར་སྒྲོ་འདོགས་པའི་སྲུང་བྱའི་གཞིར་གྱུར་བ་སོགས་ཆོས་སྲིད་ཀྱི་ཡོ་ལང་དྲག་པོས་སྐུ་ཚེའི་འཕེན་པ་རྫོགས་སོ། །
མཁས་དབང་དགེ་ཆོས་ཀྱི་རང་གཤིས་ཀྱིས་བསྐྱངས་པའི་མི་ཚེའི་གདམ་ག་སྟེ། ཚེ་སྲོག་གི་མཆོད་སྦྱིན་འདི་སྐུ་ཉིད་ནས་མི་ཚེའི་མཐར་ཐུག་གི་བདེ་བར་འདོད་ཀྱང་། དོན་དམ་དུ་བོད་ཀྱི་རིག་གནས་སྡེའི་གྱོང་གུད་ཅིག་དང་། ཤེས་རབ་ཀྱི་ལྟག་ཆུ་ཆད་པའི་རྟགས་མཚན་ནོ། །སྤྱིར་དགེ་ཆོས་སྐྱེས་བུ་སྒེར་གྱི་འདས་གྲོངས་ཙམ་མིན་པར། མི་རིགས་ཤིག་གི་རིག་གནས་སྡེའི་གནད་དོན་དུ་མཐོང་། སྙན་ངག་པའི་ཡིད་འགྱུར་གྱི་སྙིང་པོའང་ཚེ་སྲོག་གི་མཆོད་སྦྱིན་འདིའི་བག་ཏུ་ཞ་བའི་མཁས་པ་ཞིག་གི་མི་ཚེའི་སྐྱོ་གར་དང་། རྨོངས་པའི་བྲན་གཤིས་སུ་གྱུར་བའི་མི་རིགས་ཤིག་གི་རིག་གནས་སྙིང་སྟོབས་དཀྱེལ་ཡངས་མིན་པར་གདུང་བའི་ཟུག་རྔུ་བྱིན་པ་དེའོ། །
སྙན་ངག་པའི་གདུང་བའི་ཟུག་རྔུས་བསླངས་པའི་ཡིད་འགྱུར་འདིའི་ཀློང་ལས"འཇིག་རྟེན་ན་ཆེས་དཀོན་པའི་བེཌཱུརྱའི་བུམ་པ་ཞིག་?་ལ་བརྡབས་སོང"བའི་ཞལ་ཆེམས་ཀྱི་བདེན་པ་མཐོང་ཐུབ་ཅིང་། རྨོངས་པའི་བྲན་གཤིས་ཀྱིས་བཀུམས་པའི་མཁས་པའི་ཚེ་སྲོག་གི་རིན་ཐང་ཡང་མཐོང་ཐུབ།
སྤྱིར་སྙན་ངག་པ་འཇུ་སྐལ་བཟང་གི་ཡིད་འགྱུར་དྲག་ཅིང་། ཡིད་འགྱུར་གྱི་རྟེན་དང་། ཚོར་བ་རྒྱུ་འབྲས་ཀྱི་འབྲེལ་བར་གྲུབ་པའི་མཐོང་སྣེ་གསར་པ་སྤྱད་ཀྱང་། ཁོང་གི་རྩོམ་རིག་གོ་ས་དང་། སྙན་ངག་གསར་རྩོམ་གྱི་ཐུན་མིན་ཁྱད་ཆོས་ཡིད་བརྙན་དུས་མཚམས་ཀྱི་བརྩམས་ཆོས་ལས་མངོན་ཐུབ། གསར་རྩོམ་གྱི་བརྒྱུད་རིམ་སྔ་ཕྱི་གང་ཞིག་ཏུ་གཏོགས་མིན་གསལ་ཆ་མི་སྣང་ཡང་། ཕལ་མོ་ཆེ་གསར་རྩོམ་གྱི་བརྒྱུད་རིམ་བར་མར་ངེས་སྙམ། དུས་མཚམས་འདི་ནི་ཁོང་གི་སྙན་ངག་གི་སྒྱུ་རྩལ་ཉམས་སྣང་རྩེར་སོན་པའི་དུས་མཚམས་དང་། གསར་རྩོམ་གྱི་ཐུན་མིན་ཁྱད་ཆོས་རྫོགས་པར་མངའ་བའི་རྟགས་སུ་མཐོང་སྟེ། ཚབ་མཚོན་བརྩམས་ཆོས《རྩྭ་ཟིལ》དང་། 《རྒོད་པོ་དང་ནམ་མཁའ》ལྟ་བུར་མཚོན་པ་ཅན་གྱི་ལམ་དུ་སོན་པའི་ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀ་དང་། མྱོང་རོལ་ལ་གཏན་ཚིགས་ཀྱི་འགྲོས་རིམ་ཟབ་པའི་ཡིད་བརྙན་རིང་ལུགས་ཀྱི་སྒྱུ་རྩལ་ཉམས་སྣང་ཆེར་མངོན་ནོ། །
ཚབ་མཚོན་བརྩམས་ཆོས《རྒོད་པོ་དང་ནམ་མཁའ》ཡི་སྒྱུ་རྩལ་ཁྱད་ཆོས་ཀྱི་སྙིང་པོ་གླེང་ན།"དུས་རླུང་བསེར་བུ་ལྡང་ཙ་ན། /ཁུར་མང་བགྲེས་པོ་ཞིག་ཀྱང་མཁའ་ལ་ལྡིང་སོང་། /རྒོད་པོ་བྲག་གོག་ཏུ་གཏན་དུ། /སྡོད་ཚུགས་སམ…… ནམ་ཞིག་གཤོག་རྩལ་བྲི་ཡི་ནམ་མཁའ་ཟད་པར་མི་འགྱུར་བ་བདེན། /དེ་ལྟ་ནའང། /གཤོག་རྩལ་མ་བྲི་ཕྱིར་ལ་ལྡོག་ན། /རྒོད་པོ་སྤོབས་པ་ཞུམ། / གཤོག་རྩལ་བྲི་ཚེ་ཕྱིར་ལ་ལྡོག་ཀྱང་། /ལྡོག་པའི་ལམ་དུ་འཆི"རྒོད་པོ་དང་ནམ་མཁའ་ནི་ཡིད་གཟུགས་ཆ་ཤས་ཀྱིས་གྲུབ་པའི་མཚོན་དོན་ཞིག་གོ ། དེའི་དབང་གིས། མཛེས་དཔྱོད་ཀྱི་མོས་པའི་ཁམས་ལ་དོན་མང་རང་བཞིན་ལྡན་པ་སྟེ། རྒོད་པའི་རང་བཞིན་ནི་གཤོག་རྩལ་གྱི་བདག་ཉིད་དང་། ནམ་མཁའི་རང་བཞིན་ནི་ཟད་པར་མི་འགྱུར་བའི་རྟག་པའོ། །སྤྱིར་ལོ་ཟླའི་ཁུར་གྱིས་འཇིག་པའམ་མ་འཇིག་པ། གཤོག་རྩལ་བྲིའམ་མ་བྲི་བའི་རྒོད་པོས་ནམ་མཁའ་གཤོག་རྩལ་གྱིས་གཅོད་དགོས་པ་ལས་དབང་ཞིག་ཏུ་སྣང་། དེ་ལྟའི་གཏན་ཚིགས་ཀྱི་རང་བཞིན་ལས་ནམ་མཁའ་ནི་མི་ཚེ་སྟེ། མིའི་རིགས་ཀྱི་འཚོ་གནས་གྱི་ཞེན་དོན་དང་། རྒོད་པོ་ནི་མི་གཞིའི་སྙིང་སྟོབས་ཀྱིས་ཕྱུག་པའི"མི"རུ་གོ་བ་རྒྱུ་འབྲས་ཀྱི་འབྲེལ་བར་གྲུབ།
ཡང་ན"གཤོག་རྩལ་མ་བྲི་ཕྱིར་ལ་ལྡོག་ན། /རྒོད་པོ་སྤོབས་པ་ཞུམ། /གཤོག་རྩལ་བྲི་ཚེ་ཕྱིར་ལ་ལྡོག་ཀྱང་། / ལྡོག་པའི་ལམ་དུ་འཆི"བ་ནི་མི་ཚེའི་མཐར་ཐུག་གི་གནས་ལུགས་ཤིག་སྟེ། འཐོབ་ཤོར་དང་། བདེ་སྡུག་སོགས་སྣང་བ་སྒྱུ་མ་ལྟ་བུའི་འཚོ་གནས་ཀྱི་གཞན་དབང(འཁོར་བ)དུ་ཆེས་རྙེད་པར་དཀའ་བ་ནི་རང་ཉིད་ཀྱི་ངོས་འཛིན(བདག་མེད་རྟོགས་པའི་ཤེས་རབ)ཡིན། དེ་ལྟར་འབད་པས་བཙལ་པའི་ངའོ་སྙམ་པའི་གཉུག་གཤིས་ཅི་ཡིན་མ་རྙེད་དུས། སྲེད་ལེན་ས་བོན་གྱི་མཐུས་སྐྱེ་འཇིག་ཉམས་སུ་མྱོང་བ་རང་བཞིན་དུ་ཟད་དོ། །འདི་ནི་དངོས་པོའི་རང་བཞིན་དང་། ཚེ་སྲོག མི་ཚེ་བཅས་ཀྱི་གནས་ལུགས་རྩོད་པའི་གཟུགས་འདས་རིག་པའི་རིན་ཐང་ལྟ་བ་ཞིག་གོ །སྤྱིར་སྐྱོ་ཉམས་རིང་ལུགས་ཀྱི་ཉམས་སྣང་ཟབ་རུང་། བདེ་ན་སྤྲོ་སིང་སིང་དང་། སྡུག་ན་སྐྱོ་ལྷང་ལྷང་འདི་མ་རིག་པའི་བློའི་སྣང་ཚུལ་ལས། དངོས་པོའི་གནས་ལུགས་སུ་སྣང་བ་སྒྱུ་མའི་ཚུལ་དུ་ཅི་ཡང་བདེན་པར་མ་གྲུབ་ན། མི་ཚེའི་མཐར་ཐུག་གི་ཆོས་ཉིད་ཀྱང་རང་ཉིད་ལ་ངོས་འཛིན་བྱ་རྒྱུ་སྙིང་པོར་མཐོང་། འདི་ལྟར་རྒོད་པོ་གཤོག་རྩལ་མ་བྲི་བར་ཕྱིར་ལ་ལྡོག་དུས་བློ་ཞུམ། གཤོག་རྩལ་བྲི་ཚེ་ཕྱིར་ལ་ལྡོག་ཀྱང་རྒོད་པོའི་ལས་དབང་ཉག་གཅིག་སྟེ། ལྡོག་པའི་ལམ་དུ་འཆི་བ་དེའོ། །དོན་དམ་དུ་ངའོ་སྙམ་པའི་འཇིག་རྟེན་འདིའི་མི་ཚེར་མཐར་ཐུག་གི་སྙིང་པོ་ཞིག་མེད་པ་འདྲའོ། །
ཡང་ན་ནམ་མཁའ་ནི་བརྩེ་དུང་དང་། རྒོད་པོ་ནི་བརྩེ་དུང་གི་རྒྱལ་སྲས། ནམ་མཁའ་ནི་འཐབ་ར་དང་། རྒོད་པོ་ནི་དཔའ་བོ། ད་དུང……མྱོང་རོལ་ཅི་ཞིག་བྱས་ནའང་ནམ་མཁའ་དང་། རྒོད་པོའི་ཡིད་གཟུགས་ཤས་ཀྱི་གཤིས་ཀས་མྱོང་རོལ་ལ་བགེགས་མི་བྱེད་པར། མྱོང་རོལ་མཁན་པོའི་མཛེས་དཔྱོད་ཀྱི་བློའི་ཕྲ་རགས་ལ་རག་ལས་པ་ཇི་བཞིན་ནོ། །
《རྒོད་པོ་དང་ནམ་མཁའ》རུ་མཚོན་བྱེད་དང་། རང་སྒེར་གྱི་བརྡ་རྟགས་མ་སྤྱད་ཅིང་། སྒྱུ་རྩལ་གྱི་སྨིན་མཚམས་མཚོན་པ་ཅན་ལས་ཞིབ་འབྲི་མིན་པ་དང་། དེ་བས་གནད་དོན་ལ་གསལ་ཁ་བསྒྲོན་པ་མིན་པའི་ཡིད་བརྙན་རིང་ལུགས་ཀྱི་ཉམས་སྣང་ཟབ་པ་སྟེ། ཁ་འཕྲོད་པའི་ཕྱི་རོལ་དངོས་གཟུགས་ཀྱི་མཚོན་པ་ཅན་གྱི་ལམ་ནས་ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀ་བཏོད་དེ། མཛེས་དཔྱོད་ཀྱི་མོས་པའི་ཁམས་ལ་དོན་མང་རང་བཞིན་གྱི་མཚོན་དོན་མངའ་བ་དང་། དམིགས་སུ་མྱོང་རོལ་ལ་གཏན་ཚིགས་རང་བཞིན་གྱིས་ཕྱུག་པའི་ཐུན་མིན་ཁྱད་ཆོས་འཛོམས་སོ། །སྙན་ངག་པ་འཇུ་སྐལ་བཟང་གི་ཡིད་བརྙན་བརྩམས་ཆོས་ལ་དབང་བའི་སྒྱུ་རྩལ་ཉམས་འགྱུར་ཡང་ཡིད་གཟུགས་ཀྱི་གཤིས་ཀའི་སྟེང་ནས་གསར་རྩོམ་སྨིན་མཚམས་སུ་སོན་པ་དེའོ། ། དེས་བོད་ཀྱི་ཡིད་བརྙན་དུས་མཚམས་ཀྱི་བརྩམས་ཆོས་ལ་ཚེ་སྲོག་གསར་པའི་ཁྲག་རྒྱུན་ལྡུད་ཡོད།
《རྩྭ་ཟིལ》གྱི་མྱོང་རོལ།
མ་གཞིར་རྩྭ་ཟིལ་ནི་དངོས་པོ་ཞིག་སྟེ། སྐད་ཅིག་མར་འཇིག་སླ་ལ། དྲི་མས་མ་བསླད་ཅིང་འོད་ལུས་སུ་དྭངས་པའི་རྩྭ་རྩེའི་ཟིལ་པ་ཙམ་མོ། །སྙན་ངག་པའི་རྟོག་པས་བསླད་པའི་རྩྭ་ཟིལ་ཡང་དེ་ལས་མ་འདས། ཡིན་ཡང་། ཀློག་པ་པོའི་མྱོང་རོལ་གྱི་གནས་སྐབས་སུ་ཅིའི་ཕྱིར་དོན་མང་རང་བཞིན་གྱི་མཚོན་དོན་དུ་གྱུར་ཏམ། འོ་ན་སྙན་ངག་པའི་རྩོལ་བ་འབད་མེད་དུ་འགྱུར་རམ་སྙམ་ན། དེ་ཡང་མ་ཡིན། འདི་ནི《རྩྭ་ཟིལ》གྱི་རྣམ་པའི་མཛེས་པ་གཡའ་དག་པ་དང་། "རྩྭ་ཟིལ"གྱི་ངོ་བོ་གཉུག་མའི་དབར་གྱི་རྟེན་འབྲེལ་ཞིག་གོ །ཚོར་བ་སྐྱེན་ལ། སྒྱུ་རྩལ་གྱི་བློ་མིག་ཡངས་པའི་ཡིད་བརྙན་རིང་ལུགས་ཀྱི་སྙན་ངག་པ་ཁོ་ནས་དེ་ལྟའི་རྟེན་འབྲེལ་གྱི་ཆོས་ཉིད་རྟོགས་འགྲོ །
"རལ་གྲིའི་ཡང་རྩེར་འཛེགས་ཟིན་པའི /ཚེ་སྲོག་གི་གོང་བུ་ཞིག་སྟེ། /ད་ནི་འགུལ་པ་ཙམ་གྱིས་ཀྱང་འཐོར་ཞིག་ཏུ་འགྲོ་སྲིད། …… ཁྱོད་ལ་དྲི་མ་ཐམས་ཅད་ཀྱིས་མ་གོས་པས། /གཞོན་ནུ་མའི་ཁ་རླངས་ཀྱིས་ཀྱང་ཁྱོད་ལ་རེག་པར་མི་ཕོད། / ཁྱོད་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་བས། /ཕྱི་ནང་ཐམས་ཅད་ཁོར་ཡུག་ལ་གསལ་ཞིང་། /ཁོར་ཡུག་མ་ལུས་ཕྱི་ནང་ལ་གསལ། ……ཁྱོད་ནི་འཚང་རྒྱ་ཁ་མའི། /སྐད་ཅིག་གི་མངོན་སྟངས་ཤིག་སྟེ། /མཚམས་འདིར་སླེབས་ཚེ། /ཅིས་ཀྱང་འོད་ལུས་སུ་དྭངས་དགོས" "རྩྭ་ཟིལ"གྱི་གཉུག་མའི་ངོ་བོ་དང་། སྙན་ངག་པའི་རྟོག་པས་བསླད་པའི"རྩྭ་ཟིལ"གྱི་རྟེན་འབྲེལ་གྱིས《རྩྭ་ཟིལ》གྱི་རྣམ་པའི་མཛེས་པ་གཡའ་དག་ཅིང་། མཛེས་དཔྱོད་ཀྱི་མོས་པའི་ཁམས་ལ་དོན་མང་རང་བཞིན་གྱི་མཚོན་དོན་ལྷུན་གྱིས་གྲུབ། འདི་ནི་ཡིད་བརྙན་རིང་ལུགས་ཀྱི་སྙན་ངག་པ་ཁོ་ནའི་ཚོར་བ་དང་། སྒྱུ་རྩལ་གྱི་བློ་མིག་ལ་རག་ལས་ཤིང་། 《རྩྭ་ཟིལ》གྱི་སྒྱུ་རྩལ་སྨིན་མཚམས་སུ་སོན་པའི་སྔོན་འགྲོར་ཟད།
ཡིད་བརྙན་རིང་ལུགས་ཀྱི་སྒྱུ་རྩལ་གྱི་ལུགས་ལྟར་ན། "རྩྭ་ཟིལ"གྱི་ངོ་བོ་གཉུག་མར་མཚོན་པ་ཅན་གྱི་ལམ་དུ་སོན་པའི་ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀ་རང་ཆས་སུ་ལྡན་པའོ། ། སྤྱིར་དངོས་འཐོབ་ཀྱི"རྩྭ་ཟིལ"དང་། སྙན་ངག་པའི་རྟོག་པས་བསླད་པའི"རྩྭ་ཟིལ"གཉིས་ཀར་སྐད་ཅིག་མར་འཇིག་སླ་ལ། དྲི་མས་མ་བསླད་ཅིང་འོད་ལུས་སུ་དྭངས་པའི་ཁྱད་ཆོས་ཆུ་ལ་ཆུ་བཞག་ལྟར་གྲུབ་པའོ། །དེའི་དབང་གིས་ཡུལ་ཚོར་ཟུང་འཇུག་ཐུབ་པའི་ཡིད་གཟུགས་ཀྱི་གཤིས་ཀར་སོན་པས། 《རྩྭ་ཟིལ》གྱི་རྣམ་པའི་མཛེས་པ་གཡའ་དག་ཅིང་། མྱོང་རོལ་གྱི་འཁོར་རྒྱའང་མཚོན་བྱེད་དང་། གོ་དོན། བརྡ་རྟགས། ཡིད་གཟུགས་ཆ་ཤས་ཀྱི་བག་ཏུ་མི་ཞ་བའི་རྨད་བྱུང་མཛེས་པས་ཕྱུག་གོ །
ཡིད་བརྙན་རིང་ལུགས་ཀྱི་མཛེས་དཔྱོད་ཀྱི་མོས་པའི་ཁམས་ཀྱང་མཚོན་པ་ཅན་ལས་ཞིབ་འབྲི་མིན་ཞེས་པ་ལྟར། གཙོ་བོར་ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀས་མཚོན་དོན་གྱི་འཁོར་རྒྱ་བཏོད་པ་ལས། སྙན་ངག་གི་རྣམ་པའི་མཛེས་པར་མཚོན་བྱེད་དང་། ཞིབ་འབྲི་སོགས་སྒྱུ་རྩལ་གྱི་བགེགས་སུ་ལྟ་བའོ། །《རྩྭ་ཟིལ》གྱི་སྒྱུ་རྩལ་ཉམས་སྣང་དུའང་ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀས་བཏོད་པའི་རྣམ་པའི་མཛེས་པ་གཡའ་དག་པ་ལས། མཚོན་བྱེད་ལམ་གྱི་མཚོན་དོན་དང་། ཞིབ་འབྲིའི་ལམ་གྱི་གོ་དོན་ཞིག་ཡེ་ནས་བསྟན་མེད། འཇུ་སྐལ་བཟང་ཞེས་ཡིད་བརྙན་རིང་ལུགས་ཀྱི་ཚབ་མཚོན་སྙན་ངག་པའི་བརྡ་ཆད་ཀྱི་རྩོམ་རིག་གོ་སའང་འདི་ནས་བཞེས་སོ། །
རྩྭ་ཟིལ་མཚོན་པ་ཅན་ལམ་གྱི་ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀར་སོན་དུས། རྩྭ་ཟིལ་གྱི་དངོས་འཐོབ་གོ་ཚུལ་དང་། སྙན་ངག་པའི་ཚོར་བའི་དབར་ཡུལ་ཚོར་ཕར་འཇུག་ཚུར་འཇུག་གི་སྒྱུ་རྩལ་ཉམས་སྣང་ཟབ་ཅིང་། མཛེས་དཔྱོད་ཀྱི་མོས་པའི་ཁམས་ཀྱི་འཁོར་རྒྱ་ཆེས་ཡངས་པའོ། །རྩ་བ་ནི་རྩྭ་ཟིལ་རང་སྟེང་ནས་མྱོང་རོལ་གྱི་འཁོར་རྒྱར་བགེགས་མི་བྱེད་པའི་རྣམ་པའི་མཛེས་པ་གཡའ་དག་པ་དེས་ཡིན།
སྙན་ངག་འདིར་བསམས་ན། "རྩྭ་ཟིལ"གྱི་གཉུག་མའི་ངོ་བོ་དང་། སྙན་ངག་པའི་རྟོག་པས་བསླད་པའི"རྩྭ་ཟིལ"དབར་གྱི་རྟེན་འབྲེལ་སྒྱུ་རྩལ་གྱི་ཁོང་ཐིག་ཏུ་བཟུང་སྟེ། རྩྭ་ཟིལ་གྱི་སྐད་ཅིག་མར་འཇིག་སླ་ལ། དྲི་མས་མ་བསླད་ཅིང་འོད་ལུས་སུ་དྭངས་པའི་ཁྱད་ཆོས་སྙན་ངག་པའི་རྟོག་རྒྱུན་གྱི་འགྲོས་རིམ་དང་ཟུང་འཇུག་གིས་ཀློག་པ་པོར་མྱོང་རོལ་གྱི་བློ་ཁོག་བསྩལ་བ་དེའོ། །དེ་ལྟར་རྩྭ་ཟིལ་རང་སྟེང་ནས་མྱོང་རོལ་གྱི་འཁོར་རྒྱར་བགེགས་མི་བྱེད་པས། "སྔོ་ལྗང་རི་བོའི་རྒྱབ་ན་རི་བོ་དང་། །ཐོག་རྩེག་ཁང་བཟང་རྒྱབ་ན་ཁང་བཟང་མཆིས"ཞེས་པ་ལྟར་གོ་ཚུལ་ལ་མཐའ་མེད་ཅིང་། མཛེས་དཔྱོད་ཀྱི་མོས་པའི་ཁམས་ལ་མཚོན་དོན་རང་བཞིན་དང་། དོན་མང་རང་བཞིན། ཤུགས་བསྟན་རང་བཞིན། གཟུགས་འགྱུར་རང་བཞིན་གྱི་མཛེས་པའི་རང་མདངས་ཟབ་ཅིང་། མྱོང་རོལ་ལ་གཏན་ཚིགས་ཀྱི་འགྲོས་རིམ་ཟབ་པ་ཐུན་མིན་ཁྱད་ཆོས་འཁུམས།
"རལ་གྲིའི་ཡང་རྩེར་འཛེགས་ཟིན་པའི /ཚེ་སྲོག་གི་གོང་བུ་ཞིག་སྟེ། /ད་ནི་འགུལ་པ་ཙམ་གྱིས་ཀྱང་འཐོར་ཞིག་ཏུ་འགྲོ་སྲིད"ཅེས་རྩྭ་ཟིལ་གྱི་དུས་ཐུང་སྐད་ཅིག་མའི་འཇིག་སླ་བའི་ཁྱད་ཆོས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་བསྟན། "ཁྱོད་ལ་དྲི་མ་ཐམས་ཅད་ཀྱིས་མ་གོས་པས" ཞེས་རྩྭ་ཟིལ་གྱི་དྲི་མས་མ་བསླད་པའི་ཁྱད་ཆོས་ཀྱིས་སེམས་ཀྱི་ངོ་བོ་གསལ་ཡང་གློ་བུར་དྲི་མས་སྒྲིབ་པའི་སེམས་ཀྱི་ངོ་བོ་གསལ་ཞིང་སྟོང་པ་དེ་བསྟན། "མཚམས་འདིར་སླེབས་ཚེ། /ཅིས་ཀྱང་འོད་ལུས་སུ་དྭངས་དགོས"ཞེས་རྩྭ་ཟིལ་གྱི་འོད་ལུས་ཀྱི་ཁྱད་ཆོས་ལས་ཁ་དོག་དང་། དབྱིབས་གང་དུའང་མ་གྲུབ་པའི་རླུང་སེམས་ཕྲ་མོའི་ངོ་བོ་གསལ་ཞིང་སྟོང་པའི་སེམས་ཀྱི་ཆོས་ཉིད་དམ། སེམས་ཀྱི་ངོ་བོ་མཐོང་བ་བསྟན་པ་སོགས་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པའི་མི་རྟག་པའི་རང་བཞིན་དང་། ཇོ་ནང་བའི་ཁམས་བདེ་གཤེགས་སྙིང་པོ། བཀའ་རྒྱུད་ཕྱག་རྒྱ་ཆེན་མོའི་སེམས་ངོ་འཚོལ་བ་སོགས་ཀྱི་གནས་ལུགས་སྟོན་ཚུལ་དང་ཆ་འདྲ་བར་སྙམ་མོ། །
གཞན་ཡང་རྩྭ་ཟིལ་གྱི་དུས་ཐུང་སྐད་ཅིག་མའི་འཇིག་སླ་བའི་ཁྱད་ཆོས་ཀྱིས་ནམ་འཆི་ཆ་མེད་ཀྱི་སྐྱེ་འཆིའི་གནས་ལུགས་དང་། "འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེ་བ་ཟེར་བ་རྡུལ་ཙམ་མེད"པའི་སྣང་བ་སྒྱུ་མའི་ཚུལ་གྱི་བདེ་བ་བདེན་པར་མ་གྲུབ་པ། འགྱུར་བའི་རང་བཞིན་དང་ལྡན་པ་བསྟན་ཅིང་། དེ་བཞིན་སྒྱུ་རྩལ་པའི་སྐད་ཅིག་མའི་ཚོར་བའི་ཆགས་སྡང་ཟིན་དཀའ་ལ། འཇིག་སླ་བར་བསྟན…… ཅི་ལྟར་ཡང་གོ་ཚུལ་ཅི་འགར་མྱོང་ན་ཆོག་པ་ལྟ་བུའོ། །
མདོར་ན། སྙན་ངག་པས་རྩྭ་ཟིལ་གྱི་སྐད་ཅིག་མར་འཇིག་སླ་ལ། དྲི་མས་མ་བསླད་ཅིང་འོད་ལུས་སུ་དྭངས་པའི་ཁྱད་ཆོས་ལས་སངས་རྒྱས་ཆོས་ལུགས་ཀྱི་མི་ཚེའི་རྟོགས་པའི་གནས་ལུགས་འབའ་ཞིག་ཕྲ་ཞིབ་ཏུ་བསྟན་ཅིང་། གཏན་ཚིགས་ཀྱི་ཚོན་རྩིས་ཕྱུག་པའི་འཇིག་རྟེན་དེའི་གསང་ཚིག་ཀྱང་རྩྭ་ཟིལ་གྱི་ཁྱད་ཆོས་དང་ཟུང་འཇུག་གིས་མཚོན་དོན་གྱ་ནོམ་པར་བཏོད་པའི་དགེ་མཚན་ཆེའོ།། དེ་ལྟར་ལགས་ཀྱང་། རྩྭ་ཟིལ་གྱི་ཁྱད་ཆོས་མཚོན་པ་ཅན་གྱི་ལམ་དུ་སོན་པའི་ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀར་སོན་པས། ངེས་ངེས་སུ《རྩྭ་ཟིལ》གྱིས"འདི"དང"དེ"བསྟན་ཞེས་བརྟག་པ་མཐའ་བཟུང་གི་ཁ་ཚོན་གཅོད་པ་དང་ལེན་མཛེས་རིག་གི་ལུགས་དང་འགལ་ལོ། །དེས་ན"སྙན་ངག་ལ་མྱོང་རོལ་བྱ་བ་ལས། འགྲེལ་བརྗོད་བྱ་མི་ཉན"པ་ལྟར་གོ་ཚུལ་དབང་གིས་མྱོང་རོལ་ཅི་དགར་བྱས་ན་ཆོག དོན་དམ་དུ《རྩྭ་ཟིལ》 ནི་ཨ་རིའི་ཡིད་བརྙན་རིང་ལུགས་པའི་རི་མོའི་ཁྱབ་ཁོངས་ཀྱི《མིང་མེད》བརྩམས་ཆོས་ལྟར་གོ་ཚུལ་ལ་མཐའ་མེད་དོ། །
《རྩྭ་ཟིལ》གྱི་ཐུན་མིན་ཁྱད་ཆོས་སུ། མཚོན་བྱེད་དང་། བརྡ་རྟགས། ཚོར་བརྗེ། སྒྲིག་སྦྱོར་སོགས་མཚོན་བྱེད་རིང་ལུགས་ཕྱི་མའི་ཉམས་སྣང་མེད་པར། མཚོན་པ་ཅན་ལམ་གྱི་ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀ་བཏོད་དེ། མཛེས་དཔྱོད་ཀྱི་མོས་པའི་ཁམས་ཡངས་པའི་ཡིད་བརྙན་རིང་ལུགས་ཀྱི་ཉམས་སྣང་ཆེས་ཟབ་པ་དང་། དམིགས་སུ་མྱོང་རོལ་ལ་གཏན་ཚིགས་ཀྱི་འགྲོས་རིམ་ཟབ་པ་ཐུན་མིན་ཁྱད་ཆོས་སུ་མཐོང་བས། སྙན་ངག་གི་རྣམ་པའི་མཛེས་པ་འདིའི་མྱོང་རོལ་ཐེངས་ཤིག་ནི་གཏན་ཚིགས་ཀྱི་རྒྱུ་འབྲས་འབྲེལ་བས་རིགས་ཤེས་ཀྱི་བདེན་ལུགས་འཚོལ་བ་དང་འདྲའོ། །
《རྩྭ་ཟིལ》གྱི་ཆོད་སྡོམ་ཡང་དག་ཀྱང་། ཨ་རིའི་ཡིད་བརྙན་རིང་ལུགས་པའི་ཤིང་རྟའི་སྲོལ་འབྱེད་པ་ཕོང་ཏེའི་གསུང་འགྲོས་ཏེ "སྙན་ངག་འདིར་མངོན་གསལ་དོད་པའི་དཔེ་ལེན་མེད་ལ། མཚོན་བྱེད་ཀྱང་མེད། འདི་ནི་མཚོན་པ་ཅན་ལས་ཞིབ་འབྲི་མིན། དེ་བས་གནད་དོན་ལ་གསལ་ཁ་བསྒྲོན་པ་མེད།……ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀ་ཁེར་རྐྱང་དང་། རང་ཚུགས་ངང་སྙན་ངག་གི་རྣམ་པར་གོ་བརྡ་སྤྲད་པ་ཕུད། སྙན་ངག་པས་བསམ་གཟས་ཏེ་རྣམ་པ་བཅོས་པ་མེད། འདི་ནི་རྣམ་པ་ཐམས་ཅད་དུ་བྱ་དངོས་ཞིབ་འབྲི་མིན་པར། སྣང་བརྙན་གྱི་མངོན་སྟངས་ཤིག་ཡིན"《ཀྷཻཀྲུཀྡཾངྲཱྀངྦ》(ཎླྀབྲཱུཾ)ནྨཱུཕེཎརྦྦྷསྤིཝཥླྀ。P180-P 181ཞེས་ཀྱང་སྨྲའོ། །
སྙན་ངག་པ་འཇུ་སྐལ་བཟང་ནི་ཡིད་འགྱུར་གྱི་རྟེན་དང་། ཚོར་བ་རྒྱུ་འབྲས་ཀྱི་འབྲེལ་བར་གྲུབ་པའི་ཚུལ་གྱིས་ཡིད་འགྱུར་དྲག་ཏུ་མཚོན་ཞིང་། དམིགས་སུ་མཚོན་པ་ཅན་ལམ་གྱི་ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀ་བཏོད་པར་སྤྲོ་བའི་ཡིད་བརྙན་རིང་ལུགས་ཀྱི་ཚབ་མཚོན་སྙན་ངག་པ་ཅིག་གོ ། ཁོང་གི་སྒྱུ་རྩལ་འཚོལ་སྙེགས་ཀྱི་ལམ་བུར་རྙེད་པའི་ཡིད་གཟུགས་ཆ་ཤས་ཀྱི་གཤིས་ཀ་དང་། མྱོང་རོལ་ལ་གཏན་ཚིགས་ཀྱི་འགྲོས་རིམ་ཟབ་པའི་གསར་རྩོམ་གྱི་ཐུན་མིན་ཁྱད་ཆོས་ཀྱིས་བོད་ཀྱི་ཡིད་བརྙན་བརྩམས་ཆོས་ཀྱི་གསར་རྩོམ་ལ་འཕེལ་རྒྱས་ཀྱི་མྱུར་ལམ་བཤངས། སྤྱིར་སྙན་ངག་པ་དང་། ཀློག་པ་པོའི་སྡེའི་ཐུན་མོང་གི་དད་ཡུལ་དུ་གྱུར་ཅིང་། ཡིད་བརྙན་སྙན་ངག་གི་ཁྲི་འཕང་ན་འགྱིངས་སྟབས་ཀྱིས་བཞུགས་པའི་སྙན་ངག་པ་གྲགས་ཅན་ཞིག་གོ །
ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་པ་རྒྱལ་ལོ་ཚེ་རིང་།