རྩོམ་པ་པོ་བསྟན་པ་ཡར་རྒྱས་ཀྱི་བརྩམས་ཆོས་དཔྱད་གླེང་གནད་བསྡུས།

བསྟན་འཛིན་མཚུངས་མེད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


རྩོམ་སྒྲིག་པའི་གཏམ།

 སྤྱི་ལོ2016ལོའི་ཟླ11པའི་ཚེས23ཉིན་གྱི་ཕྱི་དྲོར།   བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《བོད་ཀྱི་རྩོམ་རིག》རྩོམ་སྒྲིག་ཁང་གིས་ཟུང་སྦྲེལ་གྱིས་རྩོམ་པ་པོ་བསྟན་པ་ཡར་རྒྱས་ལགས་ཀྱི་བརྩམས་ཆོས་དཔྱད་གླེང་གི་ཚོགས་འདུ་བོད་ལྗོངས་རིག་རྩལ་ལྷན་ཚོགས་སུ་བསྡུས་པའི་གནས་ཚུལ་མདོར་ཙམ་བཀོད་ཡོད།

   

 

བསྟན་འཛིན་མཚུངས་མེད།

        ཐེངས་འདིའི་ཚོགས་ཞུགས་མི་སྣར།   རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཀྲུའུ་ཞི་ཚོགས་པའི་ཁོངས་ཀྱི་ཀྲུའུ་ཞི་སྐུ་གཞོན་བོད་ལྗོངས་རྩོམ་པོ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་སྐུ་གཞོན་འཇིགས་མེད་ཕུན་རྒྱལ།  རྟོགས་ཞིབ་པ་སྐུ་གཞོན་མཁས་གྲུབ་ཆོས་འཕེལ།  བོད་ལྗོངས་དཔེ་མཛོད་ཁང་གི་དབུ་འཛིན་ནོར་མོ་དང་།   བོད་ལྗོངས་སློབ་ཆེན་གྱི་རྩོམ་རིག་དགེ་རྒན་ཆེ་མོ་བ་སྐུ་གཞོན་བྱ་མདོ་དོན་གྲུབ་ཚེ་རིང་།   བོད་ཀྱི་བུད་མེད་རྩོམ་པ་པོ་གྲགས་ཅན་དང་ལྷ་ས་སློབ་འབྲིང་གི་དགེ་རྒན་ཚེ་རིང་དབྱངས་སྐྱིད།   དབུས་གཙང་གི་ན་གཞོན་སྙན་ངག་པ་དང་ལྷ་ས་སློབ་འབྲིང་གི་དགེ་རྒན་ཁང་སྐྱིད་བསོད་བསྟན།   ལྗོངས་ཟློས་གར་ཚོགས་པའི་འཁྲབ་གཞུང་རྩོམ་པ་པོ་མཁས་ཅན་འབྲོང་རྩེ་བ་ཉི་མ་དོན་གྲུབ།  《བྱང་ཐང》དུས་དེབ་ཀྱི་རྩོམ་སྒྲིག་པ་ནོར་བུ་བཀྲ་ཤིས།   བོད་ལྗོངས་སློབ་ཆེན་གྱི་དངོས་གཞི་དང་ཞིབ་འཇུག་སློབ་མ་གཡང་བདག་སོགས་དང་།   དེ་བཞིན་བོད་ཀྱི་རྩོམ་པ་པོའི་ལྷན་ཚོགས་དང་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་དབུ་ཁྲིད་དང་ལས་སྣེ་འཛིན་པ་ཁ་ཅིག་འཚོགས་འདུར་ཞུགས་ཏེ་དཔྱད་གཏམ་སྤེལ།  

          དཔྱད་གླེང་ཚོགས་འདུ་བོད་ལྗོངས་རྩོམ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན་ཚེ་རིང་ནོར་བུས་གཙོ་སྐྱོང་གནང་བ་དང་།  ཁོང་གིས་བྱེད་སྒོ་འདིའི་དམིགས་ཡུལ་ནི།   རྩོམ་པ་པོ་བསྟན་པ་ཡར་རྒྱས་ལགས་ཀྱི་རྩོམ་རིག་བརྩམས་ཆོས་ལ་རྟོག་དཔྱོད་བྱ་རྒྱུ་གནད་དུ་བཟུང་ནས།   བོད་ཀྱི་ཕ་སྐད་རྩོམ་རིག་གི་ཞིང་ས་གཤིན་པོར།   གསར་རྩོམ་གྱི་འབྲས་བུ་རྣམ་པར་སྨིན་ཕྱིར་སྟབས་གཅིག་ཞོར་གཉིས་ཀྱི་ཚུལ་དུ་སྤེལ་བ་ཡིན་ཞིང་།   འདིར་ཞུགས་ཀྱི་ཆེད་མཁས་པ་དང་།   དཔྱད་བརྗོད་པ།   རྩོམ་པ་པོ།   སློབ་གཉེར་བ་སོགས་ཀྱིས་དེ་བསྟུན་གྱི་དཔྱད་གཏམ་ལྷུག་པོར་སྤེལ་རྒྱུའི་རེ་སྐུལ་གྱིས་གླེང་བསླངས། 

 

  

འཇིགས་མེད་རྣམ་རྒྱལ།  

          ཐོག་མར་འདིར་ཕེབས་པའི་རྩོམ་པ་པོ་དང་དཔྱད་བརྗོད་པ་རྣམས་ཐེངས་འདིའི་འཚོགས་འདུར་ཞུགས་པར་བཀའ་དྲིན་ཆེ།   དེ་བཞིན་དཔྱད་གླེང་ཚོགས་འདུ་འདི་ཉིད་ལེགས་གྲུབ་ཀྱིས་མགོ་ཚུགས་པར་བཀྲ་ཤིས་བདེ་ལེགས་ཞུའོ།  །རྩོམ་པ་པོ་བསྟན་པ་ཡར་རྒྱས་ལགས་ནི།   སྐད་ཡིག་མི་འདྲ་བ་གཉིས་ཀྱི་ཐོག་ནས་རྩོམ་ཡིག་འབྲི་མཁན་ཞིག་རེད།   ཁོང་གི་བརྩམས་ཆོས་ཁག་ལས།   《ཁ་སང་གི་ཚོ་བ》 ཞེས་པར་ཐེངས་འདིའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྟ་མཆོག་གི་བྱ་དགའ་ཐོབ་པ་ནི།   ཁོང་ཙམ་དུ་མ་ཟད་ང་ཚོ་ཚང་མའི་བཀྲ་ཤིས་དོན་བཟང་ཞིག་དང་གྲུབ་འབྲས་ལེགས་པོ་ཞིག་རེད།   ཟླ་གཅིག་གི་གོང་དུ་རྟ་མཆོག་བྱ་དགའ་འཐོབ་མཁན་གྱི་རྩོམ་པ་པོ་ཁོང་དང་།   དཀར་མཛེས་ཁུལ་གྱི་ན་གཞོན་རྩོམ་པ་པོ་གཡང་མཚོ་གཉིས་ཀྱི་བྱ་དགའ་འཐོབ་བྱའི་བརྩམས་ཆོས་སྐོར་ལ་དཔྱད་མོལ་འཚོགས་འདུ་ཞིག་འདི་ནས་བསྡུས་ཟིན་ཀྱང་།   དེ་ནི་བརྩམས་ཆོས་རང་མཚན་པ་ཞིག་ལ་དཔྱད་བརྗོད་བྱས་པ་ཙམ་རེད།   འོན་ཀྱང་དེ་རིང་ནི།   རྩོམ་པ་པོ་བསྟན་པ་ཡར་རྒྱས་ལགས་ཀྱི་བརྩམས་ཆོས་སྤྱི་ལ་གཟས་ཏེ།   དཔྱད་བརྗོད་བྱ་རྒྱུ་ཡིན་པས།   རྣམ་པ་ཚོས་ཁོང་གི་བརྩམས་ཆོས་སྤྱིའམ་ཡང་ན་བྱེ་བྲག་གི་བརྩམས་ཆོས་གང་རུང་ཞིག་དམིགས་སུ་བདམས་ནས།   དེ་བསྟུན་གྱི་དཔྱད་གཏམ་སྤེལ་རོགས་ཞེས་ཞུའོ།  །

 

  

བྱ་མདོ་དོན་གྲུབ་ཚེ་རིང་། 

         ལྷན་རྒྱས་ཕྱི་དྲོ་བདེ་ལེགས།   རྩོམ་པ་པོ་བསྟན་པ་ཡར་རྒྱས་ལགས་ལ་ཐེངས་འདིའི་རྟ་མཆོག་བྱ་དགའ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ།   ངས་འདི་ནས།   རྩོམ་པ་པོའི《ཁ་སང་གི་ཚོ་བ》ཞེས་པ་ཚར་གཅིག་བཀླགས་པའི་མྱོང་བ་དོན་ཚན་གསུམ་གྱི་སྒོ་ནས་བཤད་པར་བྱ།   

 

 གཅིག  རྩོམ་གྱི་བྱུང་རིམ།   

        རྩོམ་དེའི་བརྗོད་བྱར་བྱང་འབྲོག་གི་འཚོ་བ་གཙོ་བོར་མཚོན་པར་བྱས་འདུག དེ་ཡང་དུས་ཚོད་ཀྱི་ཆ་ནས་བོད་ཞི་བའི་བཅིངས་གྲོལ་གོང་གི་བྱུང་བ་ཡིན་ངེས་ཏེ།   དེར་དབྱིན་འགོག་དམག་འཁྲུག་དང་འཛམ་གླིང་དམག་ཆེན་གཉིས་པ་སོགས་ཀྱི་གནས་ཚུལ་འཁོད་འདུག་པས་དེ་དག་གིས་ལེགས་པར་མཚོན་ནུས།   རྩོམ་གྱི་སྒྲིག་གཞིར་ལེའུ་དགུས་གྲུབ་འདུག་ཅིང་།   ཡིག་གྲངས་ཁྲི20ཙམ་ལོན་འདུག  

 

        རྩོམ་གྱི་མགོ་འཛུགས་སྟངས་དང་བར་གྱི་བྱུང་བ།   མཇུག་སྡུད་སྟངས་སོགས་བརྩམས་སྒྲུང་གཞན་ལས་ཆེས་འབུར་ཐོན་དུ་བྱུང་འདུག་སྟེ།   ལེའུ་དང་པོ་ར་མདའ་ཡིས་སྒོ་ཕྱེ་བ་དང་རི་མཐོང་བའི་དཔེ་ཇི་བཞིན་བརྩམས་སྒྲུང་གི་གནད་ནས་འཇུས་པ་དེས།   ཀློག་པ་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ནུས་པའི་དགེ་མཚན་མངའ།   སྒྲུང་གི་དཀྱིལ་ཙམ་ན།   སྒྲུང་གི་ནང་ནས་སྒྲུང་འབྱུང་བའི་སྒྱུ་རྩལ་གྱི་ཁྱད་ཆོས་དེས།   བརྩམས་སྒྲུང་ཧྲིལ་པོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་།    དེ་ནི་བརྩམས་སྒྲུང་སྤྱི་ལ་གཞིགས་ན་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་ཟླ་རུ་ཕྱིན་འདུག  མཇུག་སྡུད་སྟངས་ནི།   ལར་ནི་བརྩམས་སྒྲུང་ངམ།   ཟློས་གར་རམ།   གློག་བརྙན་སོགས་མཇུག་སྡུད་སྐབས།   ཕལ་ཆེ་བ་ནི།   དགའ་བདེའི་དཔལ་གྱིས་མཉམ་དུ་འཛོམས་པའམ་བཀྲ་ཤིས་པའི་བྱུང་བས་རྫོགས་ཚིག་འགོད་པ་ཡིན་ཡང་།   བརྩམས་སྒྲུང་འདི་དེ་ལས་ལྡོག་སྟེ།   མཇུག་ཏུ་མི་སྣ་གང་རུང་ཞིག་གར་སོང་ཆ་མེད་དུ་གྱུར་པ་དང་།   སྤྱི་ཚོགས་ཧྲིལ་པོ་ཟང་ཟིང་དུ་སྣང་བ་སོགས་སྐྱོ་གར་གྱི་རྣམ་པས་ཀློག་པ་པོའི་བསམ་གཞིག་གི་སྒོ་འཕར་ཡངས་པོར་ཕྱེ་འདུག་པ་སོགས་ནི།   བརྩམས་སྒྲུང་འདིའི་ཁྱད་ཆོས་གཙོ་བོ་རེད་སྙམ།   

 

  གཉིས།   གསར་རྩོམ་གྱི་ཆེ་བ་བརྗོད་པ།  

 

          བརྩམས་སྒྲུང་དེར་ཕོ་ལོ་བཅུ་གསུམ་ལ་སླེབས་སྐབས།   ཕ་ཤུལ་བུ་ཡིས་འཛིན་པའི་རྣམ་པ་ལེགས་པར་བསྟན་འདུག་ཅིང་།   དེ་ལས་འཕྲོས་ཏེ།   ང་ཚོའི་གནས་སྐབས་ལ་བསམ་བློ་བཏང་པ་ཡིན་ན།   ཕ་མེས་ཡང་མེས་ཀྱིས་འོ་སྐོལ་ལ་ལེགས་སྐྱེས་མང་པོ་བསྐྲུན་ཡོད་ཀྱང་།   ང་ཚོས་ཤུལ་འཛིན་བྱེད་ཐུབ་ཀྱི་ཡོད་མེད་ལ་བསམ་གཞིག་གཏང་དགོས་པའི་གནས་སུ་སེམས།     

 

          གཞན་ཡང་མི་སྣའི་ཉམས་འགྱུར་ལས།   རྩེད་ཆས།   གྱོན་ཆས།   སྒོར་གཞས་སོགས་ཀྱི་བཀོད་འབྲི་ལེགས་ཁར།   ཚིག་གི་སྒྱུ་རྩལ་ལ་ཡང་།   ལ་གླུ་དང་གཏམ་དཔེ།   གླུ་ཤགས།   མཆོད་གླུ་སོགས་གསོན་ཉམས་ཤིན་ཏུ་དོད།   དེ་དག་གིས་བྱང་འབྲོག་གི་འཚོ་བའི་རྣམ་པ་མངོན་འགྱུར་ལྟར་ཡིད་ལ་འཆར་དུ་འཇུག་ངེས་པའོ།  །དེ་བས་བརྩམས་སྒྲུང་ཧྲིལ་པོར་བརྡ་རྙིང་སོགས་ཚིག་གི་རྒྱན་ཁ་ཅིག་དང་།   དཔེ་དོན་སྦྱོར་ཚུལ་སོགས་བཀོལ་སྤྱོད་བྱས་པ་ཤིན་ཏུ་གནད་ལ་འཁེལ།   དེ་བཞིན་གངས་གསོག་དང་ལྕི་སྤུངས།   མཚེར་ས།   སྡོད་སྐྱོར་སོགས་དམངས་ཁྲོད་ཀྱི་སྐད་དང་མཐུན་པའི་མིང་བརྡ་མང་དུ་འབྱུང་ཞིང་།   ནག་ཆུང་ནོར་གྱི་ངུར་སྒྲ།   འདོ་བ་རྟ་ཡི་འཚེར་སྒྲ།   གཡང་དཀར་ལུག་གི་འབའ་སྒྲ་སོགས་སྐད་ཆའི་སྒྱུ་རྩལ་འདི་དང་དེ་སོགས་ད་ལྟའི་ན་གཞོན་རྣམས་ཀྱིས་བཀོལ་མི་ཤེས་པའམ་བཀོལ་མཁན་མེད་པ་ནི་ཅུང་ཟད་ཕངས་དགོས་པའི་གནས་རེད།  

 

        སྤྱི་ཚོགས་འཕེལ་རྒྱས་ཀྱི་དབང་གིས་ད་ལྟའི་དུས་སུ་བོད་རང་གི་མིང་བརྡ་ཁ་ཅིག་བོར་སྟོར་དུ་འགྲོ་བཞིན་ཡོད་པས།   ཅི་སྟེ་བརྩམས་སྒྲུང་འདི་ཉིད་བཀླགས་ན།   དེའི་ཁྲོད་དུ་འབོར་བཞིན་པའི་མིང་བརྡ་ཁ་ཅིག་འཚོལ་དུ་རུང་བ་གང་ཞིག ལག་ཏུ་བསྟར་ནའང་འགྲིག་སྙམ།   གཞན་ཡང་བརྩམས་སྒྲུང་འདི་ཚར་གཅིག་བཀླགས་ན།   བོད་ཀྱི་གནའ་རྩོམ་གྱི་བྲོ་བ་སྟེ།   གེ་སར་སྒྲུང་དཔེ་ལྟ་བུའི་རྩོམ་གཤིས་ཉམས་སུ་མྱོང་ཐུབ།   དེ་ལས་ད་དུང་བརྩམས་སྒྲུང་ནང་གི་མི་སྣ་སོ་སོའི་མིང་གིས་རང་རང་གི་གཤིས་ཀ་དང་།   ས་མིང་རྣམས་ཀྱིས་བྱང་འབྲོག་གི་འཚོ་བ་མཚོན་ནུས།   

 

གསུམ།   བརྗོད་དོན་དང་མཛེས་རྟོག   

 

        བརྩམས་སྒྲུང་ནང་གི་མི་སྣའི་དགའ་སྐྱོ་ཆགས་སྡང་དང་།   སྒྱུ་རྩལ་གྱི་འཇིག་རྟེན་གཉིས་བྲིས་པ་ལས།   རྩོམ་པ་པོ་རང་གི་འདུ་ཤེས་དང་མཛེས་དཔྱོད་ལྟ་བ་མངོན་པར་གསལ་འོང་།   གཞན་ཡང་བོད་མིའི་དམངས་སྲོལ་དུ།   མི་མ་ཤི་བའི་གོང་ལ་མིག་བྱ་རྒོད་ཀྱིས་བྲུས་པ་ཡིན་ན་བཀྲ་མི་ཤིས་པའི་ལྟས་སུ་འཛིན་པའི་སྐོར་དང་།    མི་དང་མི་ཕན་ཚུན་འབྲལ་ཁར་འགྲམ་པ་སྦྱོར་བའི་སྲོལ་དང་།   ཁྱད་པར་སྲོལ་དེ་ལས།   བརྩམས་སྒྲུང་ནང་དུ་མ་བུའི་བརྩེ་དུང་ལེགས་པར་མཚོན་པར་བྱས་འདུག  དེ་བས་གཞན་དུ།    ཇ་འདྲེན་སྟངས་སོགས་དམངས་སྲོལ་གྱི་ཤེས་བྱ་དྲངས་པ་ཤིན་ཏུ་ལེགས།   བརྩམས་སྒྲུང་གི་མཇུག་ཏུ།   མི་སྣ་གཙོ་བོ་གར་སོང་ཆ་མེད་དུ་གྱུར་པ་ནི།   མི་སྣའི་རང་གཤིས་དང་དམ་དུ་འབྲེལ་ཞིང་།   དེས་ཀྱང་འཚོ་བའི་དམིགས་རྐྱེན་བདེ་བ་ཡིན་གྱི་སྡུག་བསྔལ་མིན་པ་ནི།   བརྩམས་སྒྲུང་གི་བསྟན་དོན་དངོས་རེད་སྙམ།   

 

          མདོར་ན།   བརྩམས་སྒྲུང་རིང་གྲས་ཤིག་འབྲི་བ་ནི་ཤིན་ཏུ་དཀའ་བའི་གནས་ཡིན་ངེས་ཤིང་།   དེ་ཉིད་ལེགས་གྲུབ་ཡོང་བར་གནད་དོན་གཉིས་ལ་བསམ་གཞིག་བྱ་དགོས་ཏེ།    ༡ ཅི་ཞིག་འབྲི།   དེ་ནི་བརྗོད་བྱ་གདམ་གསེས་ཀྱི་སྐོར་དང་།    ༢ ཇི་ལྟར་འབྲི།   བརྗོད་བྱ་དེ་ཉིད་འབྲི་ཐབས་གང་ཞིག་སྤྱད་དགོས་པའི་སྐོར་རེད།   དེ་གཉིས་ཐག་གཅོད་ལེགས་པོ་བྱ་རྒྱུ་ནི་བརྩམས་སྒྲུང་ལེགས་གྲུབ་ཡོང་བའི་ལམ་བུའོ།  །བརྩམས་སྒྲུང་འདི་ལ་མཚོན་ན།   ལེའུ་དང་པོ་ནས་གསུམ་པའི་བར་ཅུང་ཟད་རྒྱས་པ་དང་།   ལེའུ་གཞན་རྣམས་བསྡུས་དྲགས་པ་སོགས་ཀྱིས་སྒྲུང་ཧྲིལ་པོའི་རྣམ་པ་དོ་མི་སྙོམས་པའི་ཚོར་སྣང་འབྱུང་ཞིང་།   བརྩམས་སྒྲུང་དང་འཁྲབ་གཞུང་།   གློག་བརྙན་སོགས་ནི།   མི་སྣའི་འགལ་འདུ་ཇི་ཙམ་གྱིས་རྣོ་ངར་ཆེ་བ་དེ་ཙམ་གྱིས་ལྟ་འདོད་ཀྱི་བློ་འཕྲོག་པ་ཡིན་ཀྱང་།   འདིར་མི་སྣའི་འགལ་འདུའི་རྣམ་པ་ཞན་ཙམ་སྣང་བ་སོགས་ནི་ཞར་ལ་བཤད་འདོད་པའི་གཏམ་མོ།   །དེ་དག་རྣམས་ང་རང་གི་བསམ་ཚུལ་ཙམ་ལས།   ཚིག་ཐག་བཅད་ནས་དེ་འདྲའོ་ཞེས་སྨྲ་མི་བཏུབ་པས།   འགྲིག་མིན་ལ་རྣམ་པ་ཚོ་དང་ཁྱད་པར་རྩོམ་པ་པོས་དག་སེལ་གནང་རོགས།

 

  

ཚེ་རིང་དབྱངས་སྐྱིད།   

         ཟང་ཟིང་གི་ལས་སྒོས་ཁོང་གིས་བྱིན་པའི་དེབ་དེར་ཞིབ་པར་བཀླག་རྒྱུའི་ཁོམ་གླགས་མ་བྱུང་གཤིས་དགོང་དག་ཞུ།   ང་རང་གིས་རྣམ་པ་ཀུན་ཏུ་རྩོམ་པ་པོ་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད།   རྒྱུ་མཚན་ནི།   ཁོང་ནི་ལོ་རབས་བརྒྱད་ཅུ་ནས་ད་སྔར་རྩོམ་པའི་རྒྱུན་མ་ཆད་པར་བསྲིངས་ནས་ཡོང་བ་ཞིག་རེད་ལ།   གྲུབ་འབྲས་ཀྱང་ཆེ་ཤོས་ཀྱི་གྲས་སུ་གཏོགས་པས་ཡིན།   མ་གཞི་ལོ་རབས་བརྒྱད་ཅུ་བའི་སྐབས་སུ་བོད་རྩོམ་འབྲི་མཁན་མང་དུ་སྣང་ཡང་།   བར་སྐབས་ཤིག་ལ་རྩོམ་པའི་རྒྱུན་ཉམས་པའང་མང་དུ་སྣང་།   ཁོང་གི་བརྩམས་ཆོས་ལས།   བདག་གིས་ཐོག་དང་པོར《ཐག་རིང་གི་སྦྲ་ནག》ལ་བལྟས་པ་ཡིན།   མི་རིང་བར《 ཁ་སང་གི་ཚོ་བ》བཀླག་ངེས།    

         ཉེ་བའི་ལོ་གཅིག་གི་ནང་དུ།   ཁོང་གིས་བསྟུད་མར་དཔེ་ཆ་བཞི་དཔར་དུ་བསྐྲུན་པ་དེ་ནི་སྐྱེ་བོ་ཕལ་པ་ཞིག་གི་ངོས་ནས་བཤད་ན།   བསམ་ཡུལ་ལས་འདས་དགོས་པའི་གནས་ཚུལ་ཞིག་རེད།   དེས་ཀྱང་ཁོང་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད།   རྩོམ་པ་པོ་ཁོང་ནི།   རྒྱུན་པར་རང་གི་འཚོ་བ་དངོས་དང་ཐག་ཉེ་བའི་གནས་ཚུལ་མང་པོ་བརྗོད་བྱར་བདམས་ཏེ་རྩོམ་ཡིག་འབྲི་བ་ཡིན་པས།   གྲུབ་འབྲས་ཀྱང་མང་པོ་ཐོབ་དང་འཐོབ་ཀྱིན་ཡོད།   དེ་བས་རྟ་མཆོག་བྱ་དགའ་ནི།   ཁོང་ལ་མཚོན་ན་མིང་དོན་མཚུངས་པ་ཞིག་རེད།   སླད་མར་རྩོམ་པ་པོས་རྩོམ་པའི་ལས་ལ་མུ་མཐུད་དུ་རྒྱུན་བསྐྱང་རྒྱུའི་རེ་བ་ཡོད། 

  

 

ཁང་སྐྱིད་བསོད་བསྟན།    

         བདག་གིས་རྩོམ་པ་པོའི་བརྩམས་ཆོས《ཁ་སང་གི་ཚོ་བ》ཞེས་པ་དུས་ཐུང་ཞིག་གིས་བཀླགས་པ་ཡིན་པས་མང་པོ་བཤད་རྒྱུ་མེད།   དེ་བས་ཕལ་ཆེར་ཞིག་གོང་དུ་རྒན་བྱ་མདོ་དོན་གྲུབ་ཚེ་རིང་གིས་གསུངས་པ་དང་མཚུངས།   འདིར་བཤད་འདོད་པ་ནི།    གཅིག སྒྱུ་རྩལ་གྱི་ཆ་ནས།   ཚིག་གི་སྦྱོར་བ་ཤིན་ཏུ་ལེགས་པ་གོང་དུ་གསུངས་པ་བཞིན་ཡིན་ཁར།   དམངས་ཁྲོད་ཀྱི་ཁ་སྐད་བཀོལ་བ་ཤིན་ཏུ་རན་པས།   བརྩམས་སྒྲུང་ཧྲིལ་པོའི་བྱུང་བ་དག་གློག་བརྙན་བཞིན་རྗེན་པར་མངོན་ཡོང་།   དེ་བཞིན་རྩོམ་གྱི་མགོ་མཇུག་བཀོད་སྒྲིག་བྱས་པ་ཤིན་ཏུ་ལེགས་ཏེ།   ?་འབུམ་གྱི་ལས་དབང་རྩོམ་གྱི་མགོ་གཞུག་དང་འབྲེལ་ཆགས་ཤིང་།   ཆོས་འཕེལ་གྱི་ལས་དབང་ཡང་སྔ་ཕྱིར་བཀོད་སྒྲིག་བྱས་པ་ལེགས།    གཉིས།   བསམ་བློའི་ཆ་ནས།   དེ་ནི་བྱང་འབྲོག་གི་འཚོ་བ་མཚོན་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་རེད།   མ་གཞི་ང་རང་ལྟ་བུ་ནི།   བྱང་འབྲོག་གི་འཚོ་བ་ལ་རྒྱུས་མངའ་དེ་ཙམ་མེད་ཀྱང་།   བྱིས་པའི་དུས་སུ།   བྱང་ཚོང་ལྷོ་སྐྱེལ་གྱི་རྣམ་པས་བག་ཆགས་ཏོག་ཙམ་ཡོད་པས།   བརྩམས་སྒྲུང་འདིས་སླར་ཡང་བྱིས་དུས་ཀྱི་རྣམ་པ་དེ་ཉིད་ཡིད་ལ་དྲན་དུ་བཅུག་བྱུང་།   དེ་ལས་གཞན་ད་དུང་བརྩམས་སྒྲུང་ནང་གི་མི་སྣ་ཆོས་འཕེལ་ལྟ་བུ་ནི།   རྒྱུན་པར་མི་གསད་རྒྱུ་དང་ཇག་བྱ་རྒྱུ་སོགས་འཛེམས་པའི་བྱམས་སེམས་དང་སྙིང་རྗེ་ཅན་ལྟ་བུ་ཞིག་སྣང་ཡོང་ཡང་།    འཚོ་བ་དངོས་ལ་ཐུག་དུས་དེ་ལྟར་མིན་ཏེ།   མཐའ་མཇུག་ཏུ།   ཁོས་མེ་མདའ་དཔེ་གསར་ཞིག་འཐོབ་འདོད་ཀྱི་རྣམ་པ་དྲག་པོས་མཚོན་ནུས།    

         གཞན་ཡང་བརྗོད་དོན་གྱི་ཐད་ལ།   ཧར་གྱིས་བལྟས་ན་ཅི་ཞིག་བསྟན་ཡོད་མིན་རྟོགས་པར་དཀའ་ཡང་།   ང་རང་གི་ངོས་ནས་བཤད་ན།   རྒྱུན་པར་བྱམས་དང་སྙིང་རྗེའི་བདག་ཉིད་ཆེན་པོར་མཁས་ཀྱང་གནད་ལ་ཐུག་དུས་དེ་ལྟ་བུ་མིན་པ་དེང་གི་རྣམ་པ་ལྟ་བུར་སུན་འབྱིན་དང་།    དགྲ་འདུལ་གཉེན་སྐྱོང་གི་གེ་སར་སྙིང་སྟོབས་ལ་བསྟོད་བསྔགས་བྱས་ཡོད་ཀྱང་།   དེང་གི་གནས་སྐབས་སུ་དེ་ལྟ་བུའི་མི་གཤིས་བཟང་པོ་བོར་དང་འབོར་གྱིན་པ་ནི་ཅུང་ཟད་ཕངས་དགོས་པའི་གནས་དང་།   ཇག་པ་ཞེས་པ་སྒྲ་འཛིན་གྱི་མལ་དུ་ལྷུང་བ་ན།   ཤིན་ཏུ་འཇིགས་དགོས་པའི་སྣང་བ་འཆར་ཡོང་ཡང་།   དོན་ལ་དེ་ཡང་འཚོ་གནས་ཀྱི་དོན་དུ་ཇག་བྱེད་པ་ཡིན་གྱི།   རྒྱགས་པ་ལང་ཤོར་མིན་པ་སོགས་ནི་བརྩམས་ཆོས་ཀྱི་བརྗོད་བྱའི་སྙིང་པོ་མིན་ནམ་སྙམ།   

         མི་འདང་ས་ཞིག་ནི།   གོང་དུ་རྒན་བྱ་མདོས་གསུངས་པ་དེ་དང་།   ད་དུང་བརྩམས་སྒྲུང་ནང་གི་མི་སྣ་གཅིག་གི་མིང་སྐབས་དང་སྐབས་སུ་ནོར་ཏེ་བྲིས་པར་སྣང་བས།   དེས་བརྩམས་སྒྲུང་ཧྲིལ་པོའི་བདེན་པའི་ཆ་བརླག་ངེས།  

         མཇུག་ཏུ།   དེ་རིང་གི་གོ་སྐབས་འདི་དང་བསྟུན་ཏེ་ཞུ་རྒྱུར།    རྗེས་མ་ནས་ལས་སྒོ་འདི་རིགས་ཀྱི་ནང་དུ།   བོད་ལྗོངས་སློབ་ཆེན་གྱི་སློབ་མ་མང་ཙམ་ཞིག་ཞུགས་ཐུབ་རྒྱུའི་རེ་བ་ཡོད།   རྒྱུ་མཚན་ནི།   ཁོང་ཅག་ལ་ད་ལྟ་ཉིད་ནས་ཞིབ་འཇུག་དང་དཔྱད་བརྗོད་ཀྱི་ཉམས་མྱོང་གསོག་འཇོག་བྱུང་ན།   སླད་ནས་ང་ཚོ་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཀྱི་སྟོང་ཆ་སྐོང་ཐུབ་ངེས།    

 

 

 

དཀོན་ཅོག་ཡོན་ཏན།   

         ང་རང་ནི་ལོ་རབས་བརྒྱད་ཅུའི་སྐབས་སུ་རྩོམ་པའི་ལས་ལ་འཇུག་མཁན་ཞིག་ཡིན་ཡང་།   ཟང་ཟིང་གི་ལས་སྒོ་མང་པོས་རིམ་གྱིས་རྩོམ་པའི་རྒྱུན་ཆད་པས།   ད་ལྟ་རྩོམ་པ་པོའི་མིང་ཐེག་པར་དཀའ་བའི་ཚུད་དུ་གནས།   ཡིན་ནའང་།   ཆུང་ནས་བོད་རྩོམ་ལ་དགའ་མཁན་ཞིག་ཡིན་པས།   དཔེ་ཀློག་གི་རྒྱུན་ཆད་མྱོང་མེད།   ལྷག་པར་ད་ལྟ་ལས་ཀ་ནས་དགོངས་པ་ཞུས་ཟིན་པས་དཔེ་ཀློག་གི་སྐལ་བ་ཅུང་མོད།    

 

          རྩོམ་པ་པོ་ཁོང་ང་རང་གིས་དངོས་སུ་ངོ་ཤེས་པའི་དུས་ཚོད་ཅུང་སྔ་པོ་རེད།   དེ་ཡང་ཐོག་མར་སྣ་དཀར་རྩེ་རུ་ངོ་ཤེས་པ་རེད།   ས་ཆ་དེར་ཕོ་མོ་བྱང་ཐང་ཞེས་པའི་འབྲོག་པའི་ས་ཆ་ཞིག་ཡོད།   རྩ་བའི་ཆ་ནས་བཤད་ན་བྱང་ཐང་གི་འབྲོག་པའི་གནས་སྟངས་དང་མཚུངས།   དེས་ན།   ཁོང་གི་བརྩམས་ཆོས་བརྒྱ་ཆ་བརྒྱད་ཅུ་ནི་བྱང་འབྲོག་གི་འཚོ་བ་མཚོན་པ་ཡིན་པས།   ང་རང་དང་བར་ཐག་ཉེ་བའི་སྣང་བ་ཞིག་ཡོང་གི་འདུག 

 

           བསྟན་པ་ཡར་རྒྱས་ལགས་ནི།   འབྲོག་པའི་རྩོམ་པ་པོ་ཞིག་རེད།   དེས་ན་ཁོང་གིས་རྩོམ་ཡིག་ཕལ་ཆེར་རང་གི་འཚོ་བ་དངོས་དང་འབྲེལ་ཏེ་འབྲི་གི་ཡོད་པ་རེད།   དེ་ལྟ་བུའི་རྩོམ་པ་པོ་ལ་རྗེས་སུ་ཡི་རང་ཞུ་གི་ཡོད།   གཞན་ཡང་ཁོང་གི་བརྩམས་ཆོས་ནི།   དམངས་སྲོལ་ཀུན་འདུས་ཀྱི་མཚོན་དཔེ་བཟང་པོ་ཞིག་རེད་སེམས་ཀྱི་ཡོད།    དེང་གི་རིག་གནས་གསར་རྙིང་གི་འགལ་འདུའི་ཁྲོད་དུ།   ཁོང་གི་བརྩམས་ཆོས་ནི།   འདས་པ་གསལ་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་མཐོང་གི་ཡོད།    

 

        དེ་བས་ཁོང་གིས་བརྩམས་པའི《ཁ་སང་གི་ཚོ་བར》བལྟས་ན།   གོང་གི་ཁྱད་ཆོས་དེ་དག་མངའ་བ་ཞིག་རེད།   འོན་ཀྱང་རྩོམ་གྱི་སྒྲིག་གཞི་སྤྱི་ལ་བལྟས་ན།   བརྩམས་ཆོས་དེའི་སྟོད་ཀྱི་ཆར་རྒྱས་འབྲི་དང་སྨད་ཀྱི་ཆར་བསྡུས་འབྲི་ལྟ་བུའི་དོ་མི་སྙོམ་པའི་ཆའང་མཐོང་རྒྱུ་འདུག་ན།   པར་སྐྲུན་གྱི་ལས་བྲེལ་སོགས་ཀྱི་རྐྱེན་བྱས་པ་ཡིན་ངེས་ཀྱི།   རྩོམ་མཁན་གྱི་སྐྱོན་མིན་ལས་ཆེ།   ང་རང་གི་ཞུ་རྒྱུ་དེ་ཙམ་ཡིན།   

 

 

 

ནོར་མོ།   

         རྩོམ་པ་པོ་ཁོང་ནི་ངེད་ལ་འདྲིས་ཆ་ཤིན་ཏུ་ཆེ།   ཁོང་ནི་སྤྱིར་ན་བརྩམས་སྒྲུང་འབྲི་མཁན་ཞིག་ཡིན།   འོན་ཀྱང་བརྩམས་སྒྲུང་ཁོ་ན་འབྲི་མཁན་ཞིག་མ་རེད།   ཁོང་གིས་གཞན་ད་དུང་དམངས་སྲོལ་སྐོར་བྲིས་པའི་བརྩམས་ཆོས་མང་པོ་ཡོད།   སྐབས་ཤིག་ལ་ངེད་གཉིས་ནག་ཆུ་ས་ཁུལ་ལྷ་རི་རྫོང་དུ་ལོ་གཅིག་ཙམ་ལ་ལས་དོན་ཚོགས་ཆུང་དུ་ཕྱིན་པ་རེད།   སྐབས་དེའི་རིང་ངེད་ཀྱིས་ཁོང་ལ་ད་ལྟ་ནུབ་བཞིན་པའི་དམངས་ཁྲོད་ཀྱི་ཤེས་རིག་མཚོན་པའི་བརྩམས་ཆོས་འབྲི་རྒྱུའི་སྐུལ་མ་ཡང་ཡང་བྱས་པས།   ཁོང་གིས་ཆུ་བོ་སྨྲི་ཏིའི་སྐོར་ཞིག་བྲིས་པ་རེད།  

 

        ང་རང་གིས་བསམས་ན།   སྤྱིར་བཏང་གི་བརྩམས་སྒྲུང་ཞིག་གི་ཚེ་ཚད་མིག་རྒྱང་གིས་མཐོང་པར་དཀའ་བས།   ད་ལྟའི་གནས་སྐབས་སུ།   དམངས་ཁྲོད་ཀྱི་ཤེས་རིག་འཚོལ་སྡུད་བྱ་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་སྟེ།   འབྲོག་ཁུལ་དང་རོང་ཁུལ་དུ་ཡི་གེ་ཤེས་མཁན་མེད་པས།   ཁོང་ཅག་གིས་ཡི་གེར་འབེབ་མི་ཤེས།   དེས་ན།   ང་ཚོ་ཤེས་ཡོན་ཅན་ཡིན་ཟེར་མཁན་ཚོ་གྲོང་ཁྱེར་ཁོ་ནར་སྡོད་པ་ནི་མི་འགྲིག་སྙམ།  

 

        སྤྱིར་ན་ཡི་གེར་བརྟེན་པའི་རིག་གནས་ནི་ཞིང་པའི་རིག་གནས་ཡིན་པ་དང་།   སེམས་ཁམས་སམ་ངག་ལ་བརྟེན་པའི་རིག་གནས་ནི།   འབྲོག་པའི་རིག་གནས་རེད།   དེས་ན།   འབྲོག་པའི་རིག་གནས་འཇིག་པར་སླ།   རྒྱུ་མཚན་དེ་ལྟ་བུས།   ཁོང་གིས་བརྩམས་སྒྲུང་གི་རྣམ་པའི་ཐོག་ནས་འབྲོག་པའི་རིག་གནས་རྒྱུན་འཛིན་བྱས་ཡོད།   གཞན་ཡང་ཁོང་གིས་རྔོན་པའི་རིག་གནས་སྐོར་ཞིག་བྲིས་པ་རེད།   དེ་ལ་དགོས་པ་ངེས་ཅན་ཡོད་དེ།   ད་ལྟའི་དུས་སུ་བརྔོན་བྱེད་མི་ཆོག་པས།   དེ་དང་འབྲེལ་ཡོད་ཀྱི་ཤེས་རིག་ཆེས་འཇིག་པར་སླ་བས་སོ། །

  

        ཁོང་གིས་བྲིས་པའི་བརྩམས་སྒྲུང་རིང་གྲས《ཐག་རིང་གི་སྦྲ་ནག》དང་།   《ཁ་སང་གི་ཚོ་བ》གཉིས་ལས་ང་རང་སྔ་མར་ཅུང་ཟད་དགའ་མོད།   འོན་ཀྱང་བྱ་དགའ་ཕྱི་མར་རག་འདུག  ཁོང་གི་བརྩམས་ཆོས་དང་འབྲེལ་ཏེ་ཚིག་འགའ་བཤད་ན།   རྩོམ་པ་པོ་ཞིག་ཡིན་ན།   ཐོག་མར་འཚོ་བ་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་དགོས།   དེ་ལྟ་བུ་ཞིག་མེད་ན།   ཀློག་པ་པོའི་ཡིད་ཀྱི་བརྟན་པ་འཕྲོག་པར་དཀའ།   བསྟན་པ་ཡར་རྒྱས་ཁོང་ལྟ་བུ་མཚོན་ན།   རང་ཉིད་འབྲོག་པ་དྭངས་མ་ཞིག་ཡིན་ལ།   འབྲོག་པ་དང་ལས་འབྲེལ་ཡོད་པ་ཞིག་རེད།   ཁོང་རང་འབྲོག་ཁུལ་ནས་གྲོང་ཁྱེར་དུ་ལས་བསྒྱུར་བྱས་ཀྱང་།   ལས་ཁུངས་ཀྱིས་ཁོང་ཉིད་སླར་ཡང་འབྲོག་ཁུལ་དུ་ལས་དོན་ཚོགས་ཆུང་ལ་བཏང་པ་རེད།   དེས་ན།   ཁོང་ལ་འབྲོག་ཁུལ་གྱི་འཚོ་བར་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད།    

    རྩོམ་པའི་ལས་ལ་འཇུག་མཁན་ཞིག་ཡིན་ན།   ངེས་པར་དུ་གནད་དོན་གཉིས་ནས་གཞུག་དགོས་ཏེ།   གཅིག་ནི།   རྩོམ་པའི་རྒྱུན་བསྐྱང་རྒྱུ་དང་།   གཅིག་ཤོས་ནི་འཚོ་བ་དངོས་ལ་ཉམས་མྱོང་གསོག་རྒྱུའོ།  །རྩོམ་པ་པོ་བསྟན་པ་ཡར་རྒྱས་ལ་དེ་ལྟའི་ཁྱད་ཆོས་མངའ་སྟེ།   ད་བར་དུ་མི་ལོ་སུམ་ཅུའི་རིང་རྩོམ་པའི་རྒྱུན་ཆད་མ་མྱོང་བ་རེད།   འཚོ་བའི་ཉམས་མྱོང་གོང་དུ་ཞུས་ཟིན།   གནད་དོན་དེ་གཉིས་རྩོམ་པའི་ལས་ཙམ་མ་ཟད།   ལས་སྒོ་སྤྱིར་དགོས་པ་ཞིག་ཀྱང་རེད།  

 

          གཞན་ཡང་དེ་རིང་འདིར་ནག་ཆུ་ས་ཁུལ་ནས་ཡིན་པའི་སློབ་མ་མང་པོ་ཞིག་བསླེབས་འདུག་པས།   ངའི་རེ་བར་ཁྱེད་ཅག་གིས་རྒན་བསྟན་པ་ཡར་རྒྱས་ཁོང་མིག་ལྟོས་བཟང་པོར་བཟུང་སྟེ།   ཤེས་བྱ་ཡོན་ཏན་ལེགས་པར་བསླབ་རྒྱུའི་རེ་བ་ཡོད།  

 

 

 

མཁས་གྲུབ་ཆོས་འཕེལ།   

         དེ་རིང་འདིར་ངོ་ཤེས་པའི་གྲོགས་པོ་མང་དུ་འབྱོར་བས་ལྷག་པར་དགའ།   བསྟན་པ་ཡར་རྒྱས་དང་ཚེ་རིང་ནོར་བུ་གཉིས་ཀྱིས་དེ་རིང་ལྟ་བུའི་ལས་སྒོ་དོན་སྙིང་ཅན་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད།   

 

        གོང་དུ།  རྒན་དོན་གྲུབ་ཚེ་རིང་ལགས་སོགས་ཀྱིས་དྲང་ལྡོག་གཉིས་ནས་དཔྱད་པ་བྱས་པ་ཤིན་ཏུ་ལེགས།   ད་ལྟ་ང་ཚོར་མཁོ་བ་ནི་རྩོམ་རིག་དཔྱད་བརྗོད་པ་རེད།   དཔྱད་བརྗོད་པ་ཤིན་ཏུ་ཉུང་བས།   བོད་ཀྱི་རྩོམ་རིག་རྒྱ་ཁྱབ་ཏུ་འགྲེམ་པར་དཀའ་ཁག་མང་པོ་འཕྲད་ཀྱི་ཡོད།   དེས་ན།   སླད་ནས་དཔྱད་བརྗོད་བྱ་རྒྱུ་གལ་ལ།   ལྷག་པར་སྐྱོན་བརྗོད་བྱ་རྒྱུ་གལ།   དེ་བས་དཔྱད་བརྗོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ།   རྩོམ་གྱི་བརྗོད་བྱའི་སྙིང་པོ་ཙམ་ལ་དཔྱད་དཔྱོད་བྱ་བ་ལས།   འབྲི་ཐབས་ཀྱི་སྐོར་དཔྱད་དཔྱོད་བྱ་རྒྱུ་ཤིན་ཏུ་གལ།   

 

        ང་རང་རྟ་མཆོག་བྱ་དགའི་དཔྱད་འདེམས་པ་ཞིག་ཡིན་པའི་ཆ་ནས།   དེའི་སྐོར་མདོར་བསྡུས་ཤིག་བཤད་ན།   སྤྱིར་ན་རང་རྒྱལ་ལ་མའོ་ཏུན་རྩོམ་རིག་བྱ་དགའ་དང་ལུའུ་ཤུན་རྩོམ་རིག་བྱ་དགའ་སོགས་ཤིན་ཏུ་མང་ཡང་དེ་དག་རྣམས་འགྲན་རྩོད་ཀྱི་རྣམ་པ་རྣོ་ངར་ཆེ་བས་འཐོབ་པར་དཀའ།   འོན་ཀྱང་རྟ་མཆོག་བྱ་དགའ་ནི་གྲངས་ཉུང་མི་རིགས་ལ་ཆེད་དུ་གཟས་པ་ཞིག་ཡིན་པས་འཐོབ་རྒྱུའི་གོ་སྐབས་མང་།   རྟ་མཆོག་བྱ་དགའ་ནི།   མི་རིགས་དང་ས་ཁོངས།   ཆབ་སྲིད་སོགས་དམ་དུ་འབྲེལ་བའི་རྩོམ་རིག་གི་བྱ་དགའ་ཞིག་ལགས་ན།   

བརྩམས་ཆོས་ལ་ཆ་རྐྱེན་ཡང་གང་ལ་གང་འགབ་འཛོམས་དགོས།   དེ་ལ་རྒྱུན་པར།   རྒྱ་ཡིག་གི་སྡེ་གཅིག་དང་།   གྲངས་ཉུང་མི་རིགས་ཀྱི་སྡེ་གཅིག་བྱས་ཏེ་བྱ་དགའ་སྤྲོད་ཀྱི་ཡོད།   རང་རེར་དཔྱད་འདེམས་པ་ཉུང་བས།   དཔྱད་འདེམས་པ་ནི།   ངེས་པར་དུ་གཟུར་གནས་དྲང་འབྲེལ་ཅན་ཞིག་དགོས།   རྒྱུ་མཚན་ནི།   བྱ་དགའི་འོས་རྩོམ་ནི།   དཔྱད་འདེམས་པས་ཐག་གཅོད་བྱེད་ཀྱི་ཡོད་པས་སོ།    ། ཁོ་བོས་ད་བར་ལོ་ཤས་རིང་དཔྱད་འདེམས་པའི་ལས་ཁུར་དུ་བླངས་ཤིང་།   རང་ངོས་ནས་དྲང་གཞག་གིས་དཔྱད་འདེམས་བྱས་པ་ཡིན་པས།   ད་སྔར་བསམ་འཆར་འདོན་མཁན་མ་བྱུང་།   

 

       ང་ཚོའི་ལས་སྒོ་གྲ་རྒྱས་ཕུན་ཚོགས་དང་ཤུགས་རྐྱེན་སྔར་བས་ཇེ་ཆེར་ཡོང་ཕྱིར།   ལོ་རྗེས་མའི་དཔྱད་གླེང་འཚོགས་འདུ་པེ་ཅིང་ནས་བསྡུ་འཆར་ཡོད།   དེས་ན།   རྣམ་པ་ཚོས་ཕྱོགས་གང་ས་ནས་ཤུགས་རྒྱག་རོགས།   དེ་རིང་གི་ཚོགས་འདུར་ཕེབས་པ་རྣམས་ཀྱི་བཀའ་དྲིན་མཚོན་ཕྱིར།   ང་ཚོའི་དུས་དེབ་ཏུ་ལས་སྒོ་འདི་དང་འབྲེལ་བའི་རྩོམ་ཡིག་གི་ཆེད་སྒྲིག་ཅིག་བཟོས་ཏེ།   ཀློག་པ་པོས་ཀྱང་ཤེས་སུ་འཇུག་དགོས། 

 

 

 

བསྟན་པ་ཡར་རྒྱས།   

         ངས་འདིར་ཀློག་པ་པོར་གསལ་འདེབས་བྱ་རྒྱུ་ཞིག་ལ།   ཁོ་བོའི《ཁ་སང་གི་ཚོ་བ》ཞེས་པའི་དེབ་ཀྱི་ཐོག་མའི་མིང་དུ་ཁ་སང་གི་རྩྭ་ཐང་ཞེས་བཏགས་པ་ཞིག་རེད།   དེབ་དེ་ལ་སྟོད་ཆ་དང་སྨད་ཆ་གཉིས་ནས་གྲུབ་པ་ཞིག་རེད།   རྗེས་སུ་པར་སྐྲུན་བྱ་ལ་ཉེ་སྐབས་རྩོམ་སྒྲིག་པས་དེབ་གཅིག་ལས་གཉིས་མི་ཡོང་པའི་སྐོར་བཤད་བྱུང་བས།   གཟོད་ཁོ་བོས་སྨད་ཆའི་ནང་དོན་རྣམས་སྟོད་ཆར་བསྡུ་གང་ཐུབ་བྱས་ཏེ་པར་སྐྲུན་བྱས་པ་ཞིག་རེད།   དེས་ན།   གོང་དུ་རྒན་རྣམ་པས་གསུངས་པ་བཞིན།   སྔ་མའི་ནང་དོན་རྒྱས་པ་དང་ཕྱི་མའི་ནང་དོན་བསྡུས་པའི་རྣམ་པ་དེ་འདྲ་བྱུང་བ་རེད།    ད་ལྟ་ངེད་ཀྱིས་དེབ་དེའི་སྨད་ཆ་དངོས་སུ་འབྲི་བཞིན་ཡོད་པས།   རྣམ་པ་ཚོས་རྗེས་སུ་བསམ་འཆར་གང་མང་གཏང་རྒྱུའི་རེ་བ་ཡོད།   

 གཞན་ཡང《བྱང་ཐང》དུས་དེབ་ཀྱི་རྩོམ་སྒྲིག་པ་ནོར་བུ་བཀྲ་ཤིས་དང་།   སོག་རུ་མགོན་པོ་?་རྗེ།   བོད་ལྗོངས་སློབ་ཆེན་གྱི་སློབ་མ་གཡང་བདག་སོགས་ཀྱིས་རྩོམ་པ་པོ་བསྟན་པ་ཡར་རྒྱས་ལགས་ཀྱི་བརྩམས་ཆོས་ཀྱི་དགེ་ཡོན་དང་།   རྗེས་སུ་རྩོམ་རིག་བརྩམས་ཆོས་གང་མང་འབྲི་བའི་རེ་བ།   དེ་བཞིན་རྒྱབ་སྐྱོར་མཚོན་པའི་གཏམ་སོགས་མྱོང་བ་རྗེས་མཐུན་གྱིས་ཐེངས་འདིའི་དཔྱད་མོལ་ཚོགས་འདུ་འཁྲུག་ཆ་དོད་པོས་མཇུག་བསྡུས། 

 

 

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1