ངོ་མཚར་གྱི་བློས་བསླངས་དང་བླ་མེད་ཀྱི་སྙིང་སྟོབས། -སྒྲུང་རིང《མེ་ཏོག་དང་རྨི་ལམ》བཀླགས་པའི་མྱོང་ཚོར་ཐོར་བུ།

རྡོལ་ལགས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


        དེ་ཡང་རྩོམ་པ་པོ་ཁོང་གི་ངོ་མཚར་གྱི་བློས་བསླངས་དང་དཀའ་སྤྱད་ཀྱི་རྔུལ་ཆུའི་ཐིགས་ཕྲེང་ལས་གྲུབ་པའི་སྒྲུང་རིང་དེ་དངོས་སུ་པར་སྐྲུན་མ་བྱས་གོང་ལ་ཁོ་བོར་ཞུ་དག་གི་ཚུལ་དུ་ཐེངས་གཅིག་ལྟ་དགོས་པ་དང་སྦྲགས།   བལྟས་རྗེས་ཀྱི་མྱོང་ཚོར་བརྗོད་པ་ལྟ་བུའི་དཔྱད་བརྗོད་ཅིག་འབྲི་དགོས་པའི་བཀའ་མངག་གནང་།   རང་ཉིད་ལས་བྲེལ་གྱི་རྐྱེན་པས་དུས་ཚོད་གང་འཚམ་ཞིག་འགོར་འགྱངས་སོང་ཞིང་།   དུས་ཁོམ་ཕྲན་བུ་ཐོབ་རིམ་བཞིན་མ་ཟིན་དེ་ལག་ཏུ་བླངས་ནས་མིང་ཚིག་བརྗོད་པ་རེ་རེ་བཞིན་ཞིབ་པར་བལྟས་པ་དང་།   ལྟ་བའི་བརྒྱུད་རིམ་ཁྲོད་དུ་ངོ་མཚར་གྱི་བྱུང་རིམ་རེ་རེས་ཁོ་བོའི་ཡིད་སེམས་དབང་མེད་དུ་འཕྲོག་པར་བྱས་ལ།   རྨི་ལམ་གྱི་ཞིང་ཁམས་སུ་མྱུལ་བའི་དུས་ལ་སླེབས་ཀྱང་མུ་མཐུད་དབུགས་ཐེངས་གཅིག་ལ་ཀློག་འདོད་པ་ལས་ཕར་འཇོག་འདོད་ཀྱི་བློ་གཏན་ནས་མ་སྐྱེས།   ལྷག་པར་ངོ་མཚར་ཆེ་བའི་བྱུང་རིམ་ཁག་གཅིག་གིས་མཚན་མོའི་དུས་དབང་གིས་མནར་ཞིང་དུབ་པའི་ཁོ་བོའི་མིག་ཟུང་བརླན་པར་བྱས་ཤིང་།    དེ་ནི་མིག་ནད་ཅན་ལ་མིག་སྨན་ཐོབ་པ་ཇི་བཞིན་སླར་ཡང་མིག་གི་དཀའ་བ་བསལ་ཏེ་དཀར་གཙང་ཤོག་བུའི་ཐོག་གི་ནག་ཆུང་ཡི་གེ་རྣམས་དེ་བས་གསལ་བ་ལྟ་བུར་གྱུར།   ཁོ་བོས་བསམས་ན་དེ་ནི་བརྩམས་སྒྲུང་དེའི་ཡིད་དབང་འགུག་གནད་དང་རིན་ཐང་གི་ཆ་དེ་ཡིན་པར་འདོད།  

 

        བརྩམས་སྒྲུང་ནི་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱ་རྒྱུ་ལྟེ་བར་བྱེད་པ་དང་།   སྒྲུང་གི་བྱུང་རིམ་དང་ཁོར་ཡུག་ཆ་ཚང་བར་ཞིབ་འབྲི་བྱས་པ་ལས་སྤྱི་ཚོགས་ཀྱི་འཚོ་བ་ཚུར་སྣང་བྱེད་པའི་རྩོམ་རིག་ཅིག་ཡིན་པའི་ངོས་ནས།    བརྩམས་སྒྲུང་དེར་ཡང་གྲོང་ཁྱེར་ལྷ་སའི་རྒྱ་སེ་མཚན་མོའི་སྤྲོ་སྐྱིད་ཁང་གིས་གཙོ་བོ་བྱས་པའི་གཙང་གི་བུ་ཁྲིད་བོད་ཟས་ལྟ་བུའི་ཁོར་ཡུག་ཏུ་འཚོ་བཞིན་པའི་མེ་ཏོག་ལ་སྦྱར་བའི་བུ་མོ་བཞི་གཙོ་བོར་བཟུང་ཐོག་ཐག་ཞོར་འབྲེང་དྲུད་ཀྱིས་ཀརྨ་?་རྗེ་དང་།    སྙན་གྲགས།    སྒྲོལ་མ་སོགས་ཀྱི་མི་སྣ་ཡང་ཐབས་མཁས་ཀྱིས་ཞིབ་འབྲི་བྱས་མཐར《མེ་ཏོག་དང་རྨི་ལམ》ཞེས་རྩོམ་གྱི་ཁ་བྱང་དུ་སྦྱར་བ་ལྟར་མེ་ཏོག་ལྟ་བུའི་བུ་མོ་བཞི་ཡི་རྨི་ལམ་ལྟ་བུའི་མི་ཚེའི་འཚོ་བ་ཞིབ་འབྲི་བྱས་འདུག  

 

        རྩོམ་པ་པོ་ཁོང་རང་ཉིད་བུད་མེད་ཅིག་དང་།    ལྷག་པར་བུད་མེད་རྩོམ་པ་པོའི་འཐུས་ཚབ་པ་ལྟ་བུ་ཞིག་གི་ངོས་ནས།   དེང་གི་སྤྱི་ཚོགས་འདིའི་ཐོག་ཏུ་གྲོང་གསེབ་ཀྱི་བུ་མོ་ཁག་གཅིག་གིས་གཙོས་པའི་བུ་མོ་མང་པོ་ཞིག་སློབ་མཐའ་མ་འཁྱོངས་པར་ལྟོ་གོས་ཀྱི་ཆེད་དུའམ།   ཡང་ན་རྒྱུ་རྐྱེན་གཞན་སྣ་ཚོགས་ཀྱི་རྐྱེན་པས་གྲོང་ཁྱེར་གྱི་གསེང་དུ་ཉུལ་ཞིང་།   དེ་དག་ལས་མི་ཉུང་བ་ཞིག་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་དངུལ་ལོར་གྱི་འགུག་ཤུགས་འོག་རང་ལུས་ཚོང་རྫས་སུ་བྱས་ནས་ཡོང་འབབ་གསོག་པའི་ལས་ལ་གཞོལ་བའི་དོན་དངོས་གནས་མུས་ཡིན་ལ།   དེ་འདྲའི་དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་བ་དེ་ཉིད་རྒྱུ་ཆར་བཟུང་ཞིང་།   རང་སོའི་ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་གཞིར་བྱས་ཐོག་རྒྱུན་དུ་སློབ་གསོ་སློབ་ཁྲིད་ཀྱི་ཞོར་དུ་འདུ་འཛི་ཟང་ཟིང་གི་འཚོ་བར་མ་གཡེངས་པར་སྨྱུ་གུ་འགུལ་བར་སྤྲོ་བའི་ཁྱད་ཆོས་སམ་ཡོན་ཏན་དེ་ཉིད་ལེགས་པར་སྤྱད་པ་དང་།   རྒྱ་ཆེའི་བུད་མེད་ཚོའི་ལས་དབང་དང་སྤྱི་ཚོགས་ཀྱི་གནས་བབས་ལ་དོ་ཁུར་དང་བསམ་ཤེས་ཀྱིས་ཁོ་ཚོའི་ལས་དབང་དང་སྤྱི་ཚོགས་ཀྱི་གནས་བབས་ལ་ཁ་ལོ་སྒྱུར་འདོད་ཀྱི་བསམ་པའི་སྐུལ་སློང་དྲག་པོ།    ལྷག་པར་འཚོ་བའི་ཁྲོད་ཀྱི་རྒྱུ་ཆ་དེ་འདྲ་ཞིག་རྩོམ་པ་པོ་མང་པོས་རྩོམ་འབྲིའི་རྒྱུ་ཆར་མཐོང་རུང་གཡོ་ཟོལ་གྱིས་ཡིག་ཐོག་ཏུ་འགོད་མི་ནུས་པ་ལས་བརྒལ་བའི་སྙིང་སྟོབས་དྲག་པོ་བཅས་ཀྱིས་རྒྱུད་བསྐུལ་ཏེ་བརྩམས་སྒྲུང་འདི་ལྟ་བུ་ཞིག་ང་ཚོའི་མིག་ལམ་དུ་བཤམས་ཐུབ་པ་བྱུང་བ་རེད།    

 

        བརྩམས་སྒྲུང་དེ་ནི་བོད་ལྗོངས་ཀྱི་བུད་མེད་རྩོམ་པ་པོས་བརྩམས་པའི་སྒྲུང་རིང་ཐོག་མ་དེ་ཡིན་ལ།    རྩོམ་རིག་བརྩམས་ཆོས་ལ་བོད་ཡིག་ཏུ་རང་རང་གི་གོ་བ་ལེན་སྟངས་རེ་ཡོད་པ་ལྟར།   ཁོ་བོས་བརྩམས་སྒྲུང་འདི་ནི་སྨད་འཚོང་མའི་འཚོ་བ་མཚོན་པའི་བརྩམས་སྒྲུང་ཞིག་ཏུ་བརྩི་རུང་བར་འདོད་ཅིང་།   ཐ་ན་ཆགས་སྲེད་བརྩམས་སྒྲུང་ཞིག་ཏུ་བརྩིས་ཀྱང་མི་ཆོག་པ་མེད་པར་སྙམ།    གལ་སྲིད་ཆགས་སྲེད་བརྩམས་སྒྲུང་ཞིག་ཏུ་བརྩི་རུང་ན།    དེ་ནི་རང་ཅག་བོད་ཀྱི་རྩོམ་རིག་གསར་རྩོམ་ཁྲོད་ཆགས་སྲེད་སྐོར་མཚོན་པའི་བརྩམས་སྒྲུང་མེད་པའམ་ཆེས་དཀོན་པའི་སྟོང་ཆ་བསྐངས་བ་མ་ཟད།    དེའི་རིན་ཐང་ཡང་གཞལ་དཀའ་བ་སྨོས་མེད་དུ་གྱུར་ལ།    ད་ལྟའི་སྤྱི་ཚོགས་ཀྱི་ནད་གཞི་ཚབས་ཆེན་ཞིག་སྟེ་སྨད་འཚོང་མ་ཚོའི་ལས་སྐལ་གྱི་འབྱུང་གཞིར་སྤྱི་ཚོགས་ཡོངས་ནས་བསམ་གཞིག་དང་དེ་དག་ཇི་ལྟར་གཏན་འགོག་བྱེད་དགོས་མིན་ཐད་ལའང་བསམ་གཞིག་གི་དྲི་རྟགས་ཆེན་པོ་ཞིག་བཀོད་ཡོད།   མ་གཞི་བརྩམས་སྒྲུང་དེར་རྒྱ་ཆེ་ཞིང་གཏིང་ཟབ་པའི་བསྟན་དོན་མང་པོ་ཡོད་མོད།    འོན་ཀྱང་ཁོ་བོས་བརྩམས་སྒྲུང་དེ་ཉིད་གནས་བབས་དེ་འདྲ་ཞིག་ཏུ་གནས་ངེས་བྱས་ཏེ།    དེང་གི་སྤྱི་ཚོགས་སུ་སྨད་འཚོང་མའི་གནད་དོན་མང་དུ་འགྲོ་ཞིང་།   དེ་ནི་སྤྱི་ཚོགས་ཧྲིལ་པོའི་གནད་དོན་ཞིག་ཏུ་སེམས་ནས་བརྩམས་སྒྲུང་དེ་དང་ཟུང་འབྲེལ་གྱིས་གནད་དོན་དེའི་ཐད་དབྱེ་ཞིབ་རགས་ཙམ་བྱ་བ་ལ།  

 

དང་པོ།    སྨད་འཚོང་མའི་གོ་དོན་དང་ཁྱད་ཆོས།  

 

        ང་ཚོས་སྨད་འཚོང་མའི་གནད་དོན་དེ་ཉིད་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཏུ་བཟུང་ནས་ཞིབ་འཇུག་བྱེད་པར་ཐོག་མར་སྨད་འཚོང་མའི་གོ་དོན་གཏན་འཁེལ་བྱེད་དགོས་པར་བསམས།    《བོད་ཡིག་ཚིག་མཛོད་ཆེན་མོའི》ནང་གཡེམ་མའི་འགྲེལ་བཤད་དུ།    1.སྨད་འཚོང་མ།    2.ཁྱོ་ག་གཏན་འཁེལ་མེད་པའི་བུད་མེད་ཅེས་དང་།    《བོད་རྒྱ་ཚིག་མཛོད་ཆེན་མོའི》ནང་སྤྱི་ཚོགས་རྙིང་པར་འཚོ་བའི་དོན་དུ་གཟུགས་འཚོང་བའི་བུད་མེད་ཅེས་སོགས་བཀོད་ཡོད་ཅིང་།    འཇར་མན་གྱི་མཁས་དབང་ཧན་སི་ཡུའེ་ཧྲི་ནའེ་ཏེ་ཡིས་འཚོ་ཐབས་འཚོལ་ཕྱིར་བརྩེ་དུང་མི་སྤྱོད་པར་དངུལ་ལོར་རམ་དངོས་རྫས་གཞན་གྱི་ཁེ་ཕན་ནམ་ཡོང་འབབ་ཡོད་ལ།    གདམ་ག་མེད་པར་འཆལ་མགྲོན་མང་པོ(མང་ཆེ་བ་ངོ་མི་ཤེས་པའི་སྐྱེས་པ་ཡིན)དང་འཁྲིག་པ་སྤྱོད་པའམ་ཆགས་སྤྱོད་གཞན་བྱེད་པའི་བུད་མེད་ལ་ཟེར་ཞེས་གསུངས།  

 

        འོན་ཀྱང་གོང་གསལ་དེ་དག་ཚང་མར་མཚན་མཚོན་ཁྱབ་པ་མ་ངེས་པའི་སྐྱོན་ཆ་ཡོད་པར་མཐོང་སྟེ།    ཁྱོ་ག་གཏན་འཁེལ་མེད་པའི་བུད་མེད་ཡིན་ན་སྨད་འཚོང་མ་ཡིན་པས་མི་ཁྱབ་པ་དང་།    སྨད་འཚོང་མ་ནི་སྤྱི་ཚོགས་རྙིང་པ་ཁོ་ནར་ཡོད་པ་མ་ཡིན་པར་སྤྱི་ཚོགས་གསར་པར་ཡང་ཡོད་པ།   འཇར་མན་གྱི་མཁས་དབང་ཧན་སི·ཡུའེ·ཧྲི་ནའེ་ཏེ་ཡིས་འཚོ་ཐབས་འཚོལ་ཕྱིར་ཞེས་བརྗོད་ཀྱང་།    དེ་ནི་སྲོལ་རྒྱུན་གྱི་སྤྱི་ཚོགས་དང་ཉེ་རབས་ཀྱི་ནུབ་ཕྱོགས་སྤྱི་ཚོགས་སོགས་སུ་སྨད་འཚོང་མ་ནི་འཚོ་ཐབས་འཚོལ་ཕྱིར་ཡིན་རུང་།    ང་ཚོའི་སྤྱི་ཚོགས་ཀྱི་སྨད་འཚོང་མ་མང་པོ་ཞིག་འཚོ་ཐབས་ཀྱི་ཆེད་དུ་ཡིན་རུང་།    མང་པོ་ཞིག་འཚོ་བའི་གནོན་ཤུགས་ཁོ་ནས་མ་ཡིན་པར་ལས་ཀ་གཞན་བྱེད་མ་བགྱིད་པའམ་དཀའ་བ་སྤྱོད་འདོད་མེད་པར་དངུལ་ལོར་མང་པོ་རག་ཕྱིར་ཡིན་པར་སེམས།    རང་གི་བསམ་པར་སྨད་འཚོང་མ་ཞེས་པ་ནི་འཆལ་མགྲོན་མང་པོ་དང་ལུས་འབྲེལ་བྱེད་པའམ་འདོད་སྲེད་ཀྱི་བྱེད་སྒོ་གཞན་སྤེལ་ནས་དཔལ་འབྱོར་གྱི་ཡོང་འབབ་ཐོབ་པར་བྱེད་པའི་བུད་མེད་ལ་ཟེར་ཞིང་།    དེ་ཡང་གཅིག་ནས་བུད་མེད་གཅིག་སྨད་འཚོང་མ་ཡིན་མིན་དབྱེ་འབྱེད་བྱེད་པར།    ཆགས་སྲེད་ཀྱི་ཞབས་ཞུའི་རིགས་འདོན་སྤྲོད་བྱེད་མིན་ཁོ་ན་ལ་ལྟ་མི་རུང་བར།   ངེས་པར་བུད་མེད་དེས་དངོས་སུ་ལུས་འབྲེལ་ཞབས་ཞུ་མཁོ་འདོན་བྱེད་མིན་ལ་ལྟ་དགོས་ཏེ།    གཞང་ཁང་གི་བདག་མོ་རྣམས་ལས་བདག་མོ་དང་སྨད་འཚོང་མ་གཅིག་ལྕོགས་བྱེད་པ་ཕུད་འགའ་ཤས་ཀྱིས་དངོས་སུ་འཆལ་མགྲོན་རྣམས་ལ་ལུས་འབྲེལ་གྱི་ཞབས་ཞུ་མཁོ་འདོན་མི་བྱེད་མཁན་ཡོད་ལ།   སྤྱིར་ན་གཞང་ཁང་གི་བདག་མོ་དེ་དག་སྔོན་ཆད་སྨད་འཚོང་གི་ལས་ལ་གཞོལ་མྱོང་ནའང་།   གཞང་ཁང་གི་བདག་མོར་གྱུར་རྗེས་མོ་ནི་སྨད་འཚོང་མའི་སྒྲིག་འཛུགས་བྱེད་པོ་རེད།    དཔེར་ན་བརྩམས་སྒྲུང་དེའི་ནང་གི་བུ་མོ་དེ་དག་ལ་གནད་དོན་གསལ་པོ་མ་བཤད་པར་གན་རྒྱ་བཞག་སྟེ་མིང་མཆན་འགོད་དུ་འཇུག་མཁན་རྒྱ་སེ་མཚན་མོའི་སྤྲོ་སྐྱིད་ཁང་གི་སྦྱིན་བདག་ལྟ་བུ།    མ་གཞི་བརྩམས་སྒྲུང་དེའི་ནང་སྦྱིན་བདག་དེའི་སྐོར་ལ་བུ་མོ་རྣམས་ལ་གན་རྒྱ་འཇོག་ཏུ་བཅུག་པ་ཕུད་པའི་ཞིབ་འབྲི་དེ་ཙམ་བྱས་མེད་ནའང་།   རང་གི་སྐུ་མགྲོན་དང་ཡོང་འབབ་ཀྱི་ཆེད་དུ་མགོ་སྐོར་བསླུ་བྲིད་ཀྱིས་གན་རྒྱ་འཇོག་ཏུ་བཅུག་སྟེ་མི་མངོན་པའི་འཆིང་ཐག་གཅིག་གིས་བསྡམས་ཏེ་མེ་ཏོག་འདྲ་བའི་བུ་མོ་རྣམས་རང་འདོད་ངང་ཁོར་ཡུག་དེ་ལས་ཁ་བྲལ་དུ་བཅུག་མེད།    གཉིས་ནས་ཁྲིམས་དང་མི་མཐུན་པའི་གཉེན་སྒྲིག་འབྲེལ་བ་ལྡན་པའི་བུད་མེད་ཡོད་ཚད་སྨད་འཚོང་མར་འཛིན་མི་རུང་སྟེ།    དཔེར་ན།    རུལ་སུངས་དཔོན་ངན་དང་ཉེས་ཅན་པ་ཁག་གཅིག་གིས་གསོ་སྐྱོང་བྱས་པའི་ཟུར་མོ་ལྟ་བུ།   མ་གཞི་ཁོ་ཚོར་དཔོན་ངན་དང་ཉེས་ཅན་པ་དག་གིས་ཚད་མི་འདྲ་བའི་དཔལ་འབྱོར་གྱི་ཁེ་ཕན་སྤྲོད་ཀྱི་ཡོད་ཀྱང་དེ་དག་སྨད་འཚོང་མའི་གྲས་སུ་འཇོག་ཐབས་མེད་པ་ལྟ་བུ།   གསུམ་ནས་རང་གི་ཁྲིམས་མཐུན་ཁྱོ་ག་ཕུད་པའི་གཞན་དང་ལུས་འབྲེལ་བྱུང་བའི་བུད་མེད་ཚང་མ་སྨད་འཚོང་མར་འཛིན་མི་རུང་སྟེ།    དངོས་ཡོད་འཚོ་བའི་ཁྲོད་གཉེན་ཉིས་འགྲིག་གི་ཁྲིམས་འགལ་ལུས་འབྲེལ་ཕུད།   ད་དུང་གཉེན་ཉིས་འགྲིག་གི་ཁྲིམས་འགལ་ནག་ཉེས་མ་གྲུབ་པའི་གཉེན་སྒྲིག་མ་བྱས་པའི་ཕོ་མོའི་ལུས་འབྲེལ་སྣ་ཚོགས་ཡོད་སྲིད་པ་ལས།    བུད་མེད་དེ་དག་སྨད་འཚོང་མར་འཛིན་མི་རུང་བ་ལྟ་བུའོ།   །    

 

        གོང་དུ་སྨད་འཚོང་མའི་གོ་དོན་ཐད་དབྱེ་ཞིབ་བྱས་པ་ལས་སྨད་འཚོང་མའི་ཁྱད་ཆོས་གཙོ་བོ་གཤམ་གསལ་འགའ་ཡོད་དེ།    གཅིག་ནས་ཡུལ་གྱི་དབྱེ་བ་མེད་པར་གང་བྱུང་དུ་འཆལ་མགྲོན་དང་།    ལྷག་པར་དུ་ངོ་མི་ཤེས་པའི་འཆལ་མགྲོན་མང་པོ་དང་ལུས་འབྲེལ་བྱེད་པ་དང་།    གཉིས་ནས་སྨད་འཚོང་གི་བྱ་སྤྱོད་ལས་གླ་རིན་ཐོབ་པར་བྱེད་པ།    གསུམ་ནས་བུད་མེད་དེ་དག་ལ་དམིགས་བསལ་དུ་ལྡན་པའི་འཚོ་བའི་ལྟ་ཚུལ་དང་གོམས་གཤིས་ལྡན་པ།    དཔེར་ན་ཁྱིམ་ཚང་གི་མི་ཆོས་སྣང་མེད་དུ་གཏོང་བ་དང་།   ཆགས་སྲེད་སྐོར་གྱི་ཁ་ཤོབ་བཤད་པར་མཁས་པ།    སྐྱེས་པའི་ཆགས་སྲེད་ཀྱི་འདོད་པ་སྐོང་ཐུབ་པའམ་བཟོད་ཐུབ་པའི་ནུས་པ་ལྡན་པ།   སྨད་འཚོང་བྱ་སྤྱོད་ཀྱི་འུག་པ་ལྟ་བུའི་འཚོ་བའི་ཆོས་ཉིད་དང་ལྡན་པ་སོགས།   དེ་ལྟར་ན་བརྩམས་སྒྲུང་དེའི་ནང་གི་མི་སྣ་གཙོ་བོ་པད་ཁའི་མེ་ཏོག་དང་།    བ་ལུའི་མེ་ཏོག  ཨུག་ཆོས་མེ་ཏོག  ལྟོགས་ལྷ་མེ་ཏོག་བཅས་ཀྱི་བུ་མོ་རྣམས་སྨད་འཚོང་མ་ཡིན་པ་ཐག་བཅད་ཆོག་པ་སྟེ།    ཁོ་ཚོར་གོང་གསལ་གྱི་སྨད་འཚོང་མའི་གོ་དོན་དང་ཁྱད་ཆོས་ཚང་བ་བརྩམས་སྒྲུང་བཀླགས་ན་ཤེས་ཐུབ་པས་འདིར་བརྩམས་སྒྲུང་ནང་གི་བྱུང་རིམ་རྒྱས་པར་གླེང་ནས་མི་སྤྲོ་ལ།   དེ་ནི་ཁོ་བོས་བརྩམས་སྒྲུང་དེ་སྨད་འཚོང་མའི་འཚོ་བ་མཚོན་པའི་བརྩམས་སྒྲུང་དུ་འཇོག་པའི་རྒྱུ་མཚན་ཡང་ཡིན།  

 

གཉིས་པ།    སྨད་འཚོང་མ་འབྱུང་བར་བྱེད་པའི་ས་བོན།   

 

        དེང་གི་སྤྱི་ཚོགས་ནང་མངོན་ལྐོག་གང་རུང་དུ་སྨད་འཚོང་མའི་ནད་ཡམས་གནས་དང་གནས་མུས་ཡིན་ལ།    དེ་དག་གིས་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་ངན་པ་བཟོས་དང་བཟོ་བཞིན་མཆིས།   ས་བོན་མེད་པར་འབྲས་བུ་མི་འབྱུང་བ་བཞིན་སྨད་འཚོང་མ་འབྱུང་བར་ཡང་སྣ་མང་རྙོག་འཛིང་གི་རྒྱུ་རྐྱེན་ལྡན་པ་བརྩམས་སྒྲུང་དེ་ལས་མཚོན་ཡོད་པ་སྟེ།  

 

གཅིག  སློབ་གསོའི་ཐད་ཀྱི་རྒྱུ་རྐྱེན།  

 

        སྤྱིར་སློབ་གསོ་ནི་གོ་དོན་ཤིན་ཏུ་རྒྱ་ཆེ་བ་ཞིག་ཡིན་རུང་གཙོ་བོ་མི་གསོ་སྐྱོང་བྱེད་པར་གོ་ལ།   ཤེས་བྱ་ཡོན་ཏན་ལག་ཆར་བཟུང་སྟེ་མི་རྣམས་ཀྱིས་བསམ་གཞིག་བྱེད་ཤེས་པར་བྱེད་པའི་བརྒྱུད་རིམ་ཞིག་དང་།   རང་ཉིད་ལ་ལྡན་པའི་ཆ་རྐྱེན་དག་ཇི་ལྟར་ལེགས་པར་བེད་སྤྱོད་བྱས་ཏེ་དེ་བས་མང་བའི་སྤྱི་ཚོགས་རྒྱུ་ནོར་བསྐྲུན་པ་དང་རང་གི་རིན་ཐང་མངོན་པར་བྱེད་པ་ཞིག་ཀྱང་ཡིན་ལ།    སློབ་གསོ་ནི་རྒྱལ་ཁབ་གཅིག་དང་།    མི་རིགས་གཅིག  ཡང་ན་མི་སྒེར་བཅས་གང་ནས་བཤད་ཀྱང་བྱ་གཞག་མཐའ་དག་གི་སྔོན་འགྲོ་དང་ཆེས་རྩ་བའམ་རྨང་གཞི་ཡིན་པས།    "སློབ་གསོ་གོང་འཕེལ་གཏོང་རྒྱུ་ཨང་དང་པོར་འཇོག་དགོས་པ"རེད།    དེའི་ཐད་ནས་བཤད་ན།    བརྩམས་སྒྲུང་དེའི་ནང་གི་དཔེ་མཚོན་མི་སྣ་དེ་དག་ལམ་བུ་དེ་འདྲ་ཞིག་ཏུ་ཞུགས་པར་སློབ་གསོ་དང་འབྲེལ་བ་དམ་ཟབ་ཡོད་པ་སྨོས་མེད་རེད།    དེ་སྔ་ཞིང་འབྲོག་མང་ཚོགས་ཀྱིས་སློབ་གསོར་འཛིན་པའི་འདུ་ཤེས་དམན་པས་བུ་ཕྲུག་སློབ་གྲྭར་གཏོང་འདོད་མེད་པའི་བསམ་བློ་གང་སར་ཁྱབ་ནས་ཡོད་པས་བུ་ཕྲུག་སློབ་གྲྭར་གཏོང་ཉུང་བ་དང་།    དེ་ནས་ལོ་དགུའི་འགན་བབས་སློབ་གསོ་ལག་བསྟར་བྱས་རྗེས་ཀྱང་སྔར་ནས་ཆགས་པའི་བསམ་པའི་འདུ་ཤེས་ཀྱིས་བུ་ཕྲུག་སློབ་གྲྭར་གཏོང་བ་དེ་ནི་ཁྲལ་ཙམ་དུ་བརྩིས་ནས་སློབ་གསོའི་དགོས་དམིགས་མ་བསྒྲུབས་པ་སོགས་ཀྱི་དབང་གིས་བུ་ཕྲུག་མང་པོ་ཞིག་སློབ་མཐའ་མ་འཁྱོངས་པར་ལུས་ཡོད།    བརྩམས་སྒྲུང་དེའི་ནང་ནས་བཤད་ན།    མི་སྣ་གཙོ་བོ་སྟེ་མེ་ཏོག་ལ་སྦྱར་བའི་བུ་མོ་བཞི་པོ་ནི་ཁྱིམ་ཚང་གི་གནས་ཚུལ་སོགས་ཀྱི་རྐྱེན་པས་སློབ་མཐའ་མ་འཁྱོངས་པ་ཤ་སྟག་ཡིན་པ་དང་།   རྒྱུ་རྐྱེན་དེ་འདྲའི་དབང་གིས་ཁོ་ཚོར་ཤེས་ཡོན་ལ་བརྟེན་ནས་མི་ཚེ་སྐྱེལ་བའི་འཇོན་ཐང་མེད་ལ།    ཆུང་དུས་ནས་ཞིང་ལས་སོགས་ལུས་ཤུགས་ཀྱི་ངལ་རྩོལ་ལ་གོམས་ཆ་ཡང་མེད།   དེས་ན་གྲོང་ཁྱེར་དུ་ཡོང་འབབ་གསོག་པར་འགྲོ་དགོས་བྱུང་ཞིང་།   གྲོང་ཁྱེར་གྱི་འགྲན་རྩོད་ཁྲོད་ལས་ཀ་མང་པོ་ཞིག་ནི་དཀའ་ཚེགས་ཆེ་ལ་ཐོབ་ཆ་ཆུང་བས་མཐར་སྨད་འཚོང་བའི་ལམ་དུ་ཞུགས་དགོས་པར་གྱུར།  

  

གཉིས།    ཁྱིམ་ཚང་གི་རྒྱུ་རྐྱེན།  

 

        གོང་དུ་སློབ་གསོའི་ཐད་ཀྱི་རྒྱུ་རྐྱེན་ཆེས་རགས་བསྡུས་ཤིག་གླེང་ཟིན་ཡང་།   དེ་ནི་སློབ་གྲྭའི་སློབ་གསོ་ཙམ་ནས་བཤད་པ་ཡིན་ཞིང་།    སློབ་གསོའི་ནང་ཁྱིམ་ཚང་གི་སློབ་གསོ་ཡང་ཚུད་ཡོད་པ་སྨོས་མེད་རེད།    བུ་མོ་དེ་དག་གནས་བབས་དེ་འདྲར་ལྷུང་བ་ནི་ཁྱིམ་ཚང་གི་སློབ་གསོས་གཙོས་པའི་ཁྱིམ་ཚང་གི་རྒྱུ་རྐྱེན་མང་དག་ཅིག་དང་འབྲེལ་བ་དམ་ཟབ་ཡོད་པར་མཐོང་སྟེ།    དེ་ཡང་པད་ཁའི་མེ་ཏོག(སྒྲོལ་དཀར)མཐོ་འབྲིང་ལོ་རིམ་གཉིས་པར་སླེབས་པའི་ལོ་དེར་ཁྱིམ་གྱི་ཁང་པ་གསར་བཞེངས་བྱེད་སྐབས་པ་ཕ་ཐོག་ཁ་ནས་ཟགས་ཏེ་ནད་རོ་ཞིག་ཏུ་གྱུར་ནས་སྨན་ཡོན་མང་པོ་དགོས་པ་དང་།    མོའི་གཅུང་པོ་ཚེ་རིང་ཡང་སློབ་གྲྭར་འགྲོ་བར་སློབ་ཡོན་དགོས་པ་སོགས་ཨ་མ་རྒན་མོའི་དཔུང་པ་ས་འོག་ཏུ་བཅུག་པའི་ཡོང་འབབ་ཀྱིས་དེ་དག་ཐག་གཅོད་མི་ཐུབ་པར་སེམས་ཏེ་མོ་སློབ་གྲྭ་ལས་མི་ཐོན་ཀ་མེད་དུ་གྱུར་པ་དང་།   བ་ལུའི་མེ་ཏོག(གཡང་འཛོམས)ཀྱང་བུ་ཕྲུག་ཀུན་དང་འདྲ་བར་ཐོག་མར་བྱམས་ཀྱིས་བསྐྱངས་པའི་ཕ་མ་ཉིས་འཛོམས་ཀྱི་བུ་མོ་ཞིག་ཡིན་ཡང་།   ཕ་མ་གཉིས་ཆུང་དུས་ནས་ཚེ་ལས་འདས་ཏེ་དྭ་ཕྲུག་ཏུ་གྱུར་པས་ཐོག་མར་གཞན་གྱིས་ངོ་སྤྲོད་བྱས་པ་ལས་གྲོང་ཁྱེར་གྱི་ཁྱིམ་ཚང་ཞིག་གི་བུ་རྫི་མ་བྱས་པ།   ཨུག་ཆོས་མེ་ཏོག(འཛོམས་སྐྱིད)ནི་སློབ་གྲྭ་འགྲིམ་སྐབས་མངལ་འཁོར་བ་དང་།   རྒྱུ་རྐྱེན་དེའི་དབང་གིས་མོའི་ཨ་མས་ཚད་ལས་འདས་པའི་ཚིག་ངན་གྱི་གཤེ་བ་བཟོད་མ་ཐུབ་པར་གྲོང་ཁྱེར་དུ་ཉུལ་བ།   ལྟོགས་ལྷ་མེ་ཏོག(ཞའོ་ལི)སྟེ་རྒྱ་རིགས་བུ་མོ་དེའི་པ་ཕས་མ་གཡར་ཞིག་འཚལ་ཡོད་ལ།   མ་གཡར་ལ་ཕྲུ་གུ་ཞིག་སྐྱེས་ཏེ།    ཁོ་མོ་སློབ་འབྲིང་ཐོན་ཡང་མ་གཡར་གྱིས་ཁྱིམ་གྱི་ཆ་རྐྱེན་ཞན་པར་ཁ་གཡར་ཏེ་སློབ་གྲྭར་མ་བཏང་བར་ཡོང་འབབ་གསོག་དགོས་ལུགས་དང་།    མ་གཡར་གྱིས་མིག་ནང་གི་ཚེར་མ་བཞིན་སྡང་པོ་བྱས་པ་བཅས་གང་ལྟར་བུ་མོ་དེ་དག་ཚང་མར་ཁྱིམ་གྱི་གོད་ཆག་གམ་བཀྲ་མ་ཤིས་པའི་གནད་དོན་རེ་འཕྲད་ཡོད་ལ།    ཁོ་ཚོར་ཡང་དག་གི་ཁྱིམ་ཚང་སློབ་གསོ་ཞིག་དེ་བས་ཐོབ་མེད།    དེས་ན་གནས་ཚུལ་ཅི་རིགས་ཀྱི་དབང་གིས་ཁོ་ཚོ་གྲོང་ཁྱེར་དུ་འགྲོ་དགོས་བྱུང་ཞིང་།   མཐར་སྨད་འཚོང་མའི་ལམ་དུ་ཞུགས་པར་ཡང་འཚོ་བའི་ཐོག་ནས་རྨང་གཞི་བཏིངས་བ་རེད།  

 

གསུམ།    སྨད་འཚོང་གི་ལས་དེར་ཡོང་སྒོ་ཆེ་བ།  

 

        དེ་ཡང་ཐོག་མར་བུ་མོ་རྣམས་སྐུལ་སློང་གཙང་མ་ཞིག་གིས་གྲོང་ཁྱེར་དུ་ཡོང་བ་ལས་དེ་འདྲའི་ཐབས་རྡུགས་ཀྱི་ལས་ཤིག་བྱེད་འདོད་ཡོད་པ་གཅིག་ཀྱང་མེད།   འོན་ཀྱང་ཡ་ང་སྙིང་རྗེ་མེད་པའི་དངོས་ཡོད་ཀྱི་སྤྱི་ཚོགས་སུ་ཚུལ་མཐུན་ལུགས་མཐུན་གྱི་དྲང་པོའི་ལས་བྱས་ན་ཡོང་སྒོ་ཆུང་ལ་དཀའ་ངལ་ཆེ་བས་སྤྱི་ཚོགས་ཀྱི་འགྲན་རྩོད་དང་དངུལ་ལོར་གྱི་འགུག་ཤུགས་འོག་དེ་འདྲའི་ལམ་དུ་མི་ཞུགས་མཐུ་མེད་ལྟ་བུར་གྱུར་པ་སྟེ།   དེ་ཡང་བརྩམས་སྒྲུང་དེའི་ནང་བུ་མོ་རྣམས་སྨད་འཚོང་མར་མ་གྱུར་གོང་གི་ཞིབ་འབྲི་སྟེ།    པད་ཁའི་མེ་ཏོག་ལྟ་བུར་མཚོན་ན་ཕའི་སྨན་རིན་དང་གཅུང་པོ་ཚེ་རིང་སློབ་གྲྭར་གཏོང་བའི་སྐུལ་སློང་གཙང་མ་ཞིག་གི་ཐོག་ནས་གྲོང་ཁྱེར་དུ་ཡོང་ཞིང་།    ཐོག་མར་ཇ་ཁང་གི་ལས་མི་དང་སྣུམ་བླུགས་མཁན་སོགས་ཀྱི་ལས་ཀ་སྒྲུབ་ཅིང་།    དེ་དག་ལས་ཀྱང་གྲངས་འགོད་པའི་ཐོག་ནས་མོའི་གླ་ཆ་བགོ་བཤའ་རྒྱག་པའི་དངུལ་གྲངས་ཞིབ་འབྲི་བྱས་པ་ལྟ་བུ་དང་།    བ་ལུའི་མེ་ཏོག་ཇ་ཁང་ཆེན་པོ་ཞིག་གི་ཕོར་པ་འཁྲུད་མཁན་བྱ་རྒྱུ་དང་ལྟོ་ཆས་སྟེར་ཏེ་ཟླ་རེར་གླ་ཆ་སྒོར500སྤྲད་རྒྱུར་ཁ་འཆམས་པ།   ལྟོགས་ལྷ་མེ་ཏོག་ལྷ་སར་སླེབས་ཏེ་མཛེས་བཟོ་ཁང་ཞིག་ཏུ་ལག་རྩལ་སྦྱོང་བར་སོང་ཞིང་།   དགེ་ཕྲུག་གི་མིང་ཁྱེར་ཏེ་ཟླ་རེར་གླ་ཆ་སྒོར150ལས་མེད་པ་ལྟ་བུ་དང་།    སྨད་འཚོང་མར་གྱུར་རྗེས་ཀྱི་དཔེ་མཚོན་ཞིབ་འབྲི་སྟེ།    བ་ལུའི་མེ་ཏོག་བུ་རྫི་བྱེད་ས་ནས་ཐོན་རྗེས་པད་ཁའི་མེ་ཏོག་གིས་རང་གི་ངོ་ཤེས(འཆལ་མགྲོན)རུས་མིང་སུན་ཞེས་པའི་ལས་གྲྭའི་འགོ་པ་དེར་སྒོར་སྟོང་གཅིག་ཙམ་གྱི་གྱོན་གོས་སོགས་ཉོ་རུ་བཅུག་པ།    ལས་ཀ་འདི་སྡུག་རྒྱུ་མི་འདུག  ཁ་ལ་ཞིམ་པོའི་ཟས་བཟས།    ལུས་ལ་སྤམ་པའི་གོས་གྱོན་རྒྱུ་ཡོད།    དྲང་པོར་བཤད་ན་མི་རྣམས་ཟས་གོས་ཀྱི་ཆེད་དུ་དཀའ་ལས་སྤྱད་པ་མ་ཡིན་ནམ།    མ་ཟད་ང་ཚོ་ལྟ་བུར་སྨོན་མཁན་ཡང་ཡོད་ཀྱི་རེད"ཅེས་པད་ཁའི་མེ་ཏོག་གིས་གཡང་འཛོམས་ལ་བཤད་པའི་སྐད་ཆ་ཞིབ་འབྲི་དང་།   གཡང་འཛོམས་ཀྱང་རྒྱ་སེ་མཚན་མོའི་སྤྲོ་སྐྱིད་ཁང་གི་ལས་མིར་གྱུར་རྗེས"མོའི་གནས་བབས་ལ་སྔར་དང་མི་འདྲ་བའི་འགྱུར་བ་ཆེན་པོ་བྱུང་བ་ནི་མོའི་ཁུག་མའི་ནང་དེ་སྔ་ལག་པས་རེག་རྒྱུ་ལྟ་བཞག  མིག་གིས་ཀྱང་མཐོང་མྱོང་མེད་པའི་རྒྱ་ལོར་མང་པོ་ཡོད་ལ།    ལུས་ལ་གྱོན་གོས་གྲགས་ཅན་གྱོན་རྒྱུ་དང་།    དེ་སྔ་རྨི་ལམ་ལའང་འཁོར་མ་མྱོང་བའི་གསེར་གྱི་རྒྱན་ཆ་བཏགས་ཏེ་གཞན་གྱིས་ལྟ་སྐབས་མིག་ལ་མཛེས་ལ།   ཉམས་དོད་པོ་ཞིག་ཆགས"ཞེས་སོགས་སྔ་རྗེས་བསྡུར་བའི་ཐབས་ཀྱི་ཞིབ་འབྲི་ལས་ཁོ་ཚོའི་ཡོང་འབབ་ཆེ་བ་ཐབས་མཁས་ཀྱིས་མཚོན་ཡོད་ལ།    དངོས་ཡོད་སྤྱི་ཚོགས་སུ་ཡང་ཕུགས་ཕན་ལ་བསམ་བློ་མ་བཏང་ན་དེ་འདྲ་ཡིན་སྲིད།  

 

        གོང་དུ་གླེང་བའི་རྒྱུ་རྐྱེན་དག་མངོན་ཆེ་བ་ཙམ་ནས་བཤད་པ་ལས།    གཞན་ཡང་རྒྱ་སེ་མཚན་མོའི་སྤྲོ་ཁང་ལྟ་བུ་རོལ་རྩེད་ལས་རིགས་དང་བུ་ཁྲིད་བོད་ཟས་ལྟ་བུས་རང་ཉིད་ཀྱི་སྐུ་མགྲོན་མང་དུ་འགྲོ་ཕྱིར་རྟག་པར་ཐབས་ལམ་སྣ་ཚོགས་སྤྱད་དེ་མི་གཞན་ལ་མི་སེམས་པར་བུ་མོ་རྣམས་སྐོང་བ་དང་།    ཐ་ན་ཁོ་ཚོས་བུ་མོ་ཞབས་ཞུ་བ་ཚོར་གཞང་འཚོང་བའི་བཀོད་སྒྲིག་གམ་སྐུལ་སློང་བྱེད་པ།   ཉོ་མཁན་མེད་ན་འཚོང་མཁན་མེད་པས་ཉོ་མཁན་གྱི་འཆལ་མགྲོན་ཡོང་ཁུངས་ཡོད་པ་ལྟ་བུ་ཡང་རྒྱུ་རྐྱེན་དུ་འགྲོ་ལ།    ཁྱབ་ཆེ་ས་ནས་བཤད་ན་སྤྱི་ཚོགས་དཔལ་འབྱོར་གྱི་སྒྲིག་གཞི་དང་།    འཚོ་བའི་ཁོར་ཡུག  ཕོ་མོའི་འབྲེལ་བའི་འདུ་ཤེས་འཛིན་སྟངས་སོགས་སྣ་མང་རྙོག་འཛིང་གི་རྒྱུ་རྐྱེན་ཡོད་ཀྱང་དེ་དག་ནི་སྤྱི་ཚོགས་རིག་པའི་ཞིབ་འཇུག་བྱ་གཞི་ཡིན་ལ་འདིར་འདི་ཙམ་གྱིས་འཐུས་པར་བྱ།  

 

        གཞན་ཡང་བརྩམས་སྒྲུང་དེའི་ནང་གྲོང་ཁྱེར་དང་གྲོང་གསེབ།   གཞུང་དྲང་དང་གཡོ་ལྷད།    དབུལ་པོ་དང་ཕྱུག་པོ་སོགས་ཀྱི་འགལ་བས་ཕྱུག་ཅིང་།   ལྷག་པར་དུ་གཡང་འཛོམས་བུ་རྫི་མར་སྡོད་སྐབས་ཨ་མ་སྒྲོལ་མ་དང་།    པ་ཕ་སྙན་གྲགས།    བུ་མོ་ལྷ་མཛེས་བཅས་ཞིབ་འབྲི་བྱས་པ་རྣམས་བརྩམས་སྒྲུང་ཐུང་གྲས་ཤིག་ཏུ་བཟུང་ནས་དཔྱད་ན་མི་སྣ་སོ་སོར་དཔེ་མཚོན་གྱི་རང་གཤིས་ལྡན་ཞིང་འགལ་འདུའི་ཕུང་པོས་ཕྱུག་པར་མཐོང་།    འོན་ཀྱང་དེ་ནི་བར་བཅུག་གམ་བ་ལུའི་མེ་ཏོག་གི་ཕྱིས་ཀྱི་འཚོ་བར་རྨང་གཞི་བཏིང་བ་ལྟ་བུར་མཐོང་བས་རྒྱས་སྤྲོས་མི་བྱ།  

མདོར་ན།    བརྩམས་སྒྲུང་དེའི་ནང་དེང་གི་སྤྱི་ཚོགས་སུ་གནས་མུས་ཡིན་པའི་ནད་ཡམས་ལ་དམིགས་ཏེ་མེ་ཏོག་ལྟ་བུའི་བུ་མོ་བཞི་ཡི་རང་ལུས་བཙོངས་ནས་ཡོང་འབབ་གསོག་པའི་ལས་དབང་གཙོ་བོར་བཟུང་ནས་བྲིས་པས་ནང་དོན་ཐད་གསར་པའི་རང་བཞིན་ལྡན་པ་དང་།   མཐར་པད་ཁའི་མེ་ཏོག་ལ་རེག་དུག་གི་ནད་ཕོག་སྟེ་ཚེ་ཡི་འཕེན་པ་རྫོགས་ཤིང་གཞན་གཉིས་ཕ་ཡུལ་དུ་ལོག་དགོས་བྱུང་བ་སོགས་རང་གི་ལང་ཚོ་གྲོང་ཁྱེར་གྱི་ཟང་ཟིང་དུ་གང་ཙམ་བསྐྱལ་རྗེས་ཅི་ཡང་མ་ཐོབ་པར་མཇུག་བསྡུས་པས་སྐྱོ་གར་གྱིས་ཕྱུག་པར་བྱས་ཐོག ཞོར་དུ་སྨད་འཚོང་གི་ལས་རིགས་ལས་བྱུང་བའི་རེག་དུག་ལྟ་བུའི་ནད་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པ་བྲིས་མཐར།   ཀློག་པ་པོ་དང་སྤྱི་ཚོགས་ཧྲིལ་པོར་སྨད་འཚོང་མའི་གནད་དོན་ནི་ཧ་ཅང་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཡིན་ལ།    དེས་སྤྱི་ཚོགས་ཧྲིལ་པོར་ཤུགས་རྐྱེན་ངན་པ་བཟོས་དང་བཟོ་བཞིན་ཡོད་པ་དང་།   དེ་དག་ཇི་ལྟར་བཅོས་སྐྱོང་བྱེད་དགོས་པ་སོགས་བརྗོད་སྙིང་གི་ཆ་ནས་བསམ་གཞིག་དུ་མ་སྦྱིན་འདུག་པར་སེམས་སོ།   །  

 

ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་པ་རྒྱལ་ལོ་ཚེ་རིང་།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1