བྱང་ཐང་། -ངའི་སེམས་ཀྱི་ཞིང་སར་ལྷུག་གེར་བཞད་པའི་མེ་ཏོག་གངས་ལྷ།

ཆོས་ལུང་དགེ་ལེགས་ཟླ་བ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


1

         ངས་ཐོག་དང་པོར་ལྗིད་ཏིག་གི་སློག་ཚར་དཀར་པོ་ལུས་ལ་མནབས་པའི་ཨ་ཁུ་འབྲོག་པ་དེ་དག་མཐོང་བའི་དུས་དེ་ནས།  ཐོག་དང་པོར་ཨ་ཁུ་འབྲོག་པས་ཐག་རིང་གི་ས་ནས་ལ་བརྒྱབ་ཀླུང་བརྒལ་གྱིས།  འབྲོག་པའི་ཐོན་རྫས་ཚྭ་ཕྱུར་སོགས་བཀལ་ནས་འདེད་ཡོང་བའི་ནོར་གནག་གི་དོས་ཁྱུ་དེ་དག་མཐོང་བའི་དུས་དེ་ནས།  ཐོག་དང་པོར་ཨ་ཁུ་འབྲོག་པའི་དཀར་པོའི་ཕྱུར་ཚྭ་དང་ཨ་ཁུ་ཞིང་པའི་འབྲུ་རིགས་བརྗེ་འཚོང་བྱེད་པ་མཐོང་བའི་དུས་དེ་ནས།   ངའི་ཧ་གཉིད་སད་ཙམ་གྱི་བྱིས་པའི་དྲན་ཤེས་ཀྱི་རུམ་དུ"བྱང་ཐང"ཞེས་པའི་རབ་རིབ་ཀྱི་ཐ་སྙད་ཅིག་གི་རྩ་རྐང་དལ་གྱིས་ཚུགས།  སྐབས་དེ་དུས"བྱང་ཐང"ཞེས་པ་ནི་དོན་དངོས་ཐོག་ང་ཡིས་སྐྱིད་སྡུག་ཇི་ཡིན་ཆ་མི་འཚལ་ལ།  ཁ་ཕྱོགས་མི་ཤེས་ཤིང་།   ལྐོག་ཏུ་གྱུར་བའི་ཐག་རིང་གི་ཡུལ་ཁམས་ཤིག་ཡིན། 

         མི་ལོ་ཉི་ཤུའི་སྔ་རོལ་གྱི་ངའི་གཞོན་དུས་ཀྱི་རྣ་ཐོས་སུ།  བྱང་ཐང་ནི་འཛམ་གླིང་གི་ཡང་རྩེའི་ཡང་རྩེ་སྟེ།  གོ་ལའི"སྒལ་ཚིགས"སུ་བཤད་ཅིང་།   དེ་གར་འཚོ་སྡོད་ཐུབ་པ་ཙམ་གྱིས་ཀྱང་ལེགས་སྐྱེས་འགྲན་ཟླ་བྲལ་བ་ཕུལ་ཡོད་པར་བརྗོད།     སྐབས་དེ་དུས་ངས་རང་ཉིད་ཀྱི་མ་འོངས་པའི་ལས་དབང་དེ་བྱང་ཐང་དང་དམ་པོར་འབྲེལ་ནས་ཡོད་པ་རྟོགས་མི་ཐུབ་ལ།  མི་ལོ་ཉི་ཤུའི་རྗེས་སུ་རང་ཉིད་མཐའ་ཡས་བྱང་རྩྭ་ཐང་སྟེང་གི་གྲུབ་ཆ་ཆུང་ངུ་ཞིག་ཏུ་འགྱུར་རྒྱུ་དང་།   བྱང་ཐང་འཛུགས་སྐྲུན་གྱི་གཡུལ་ས་ཆེན་མོའི་ཐོག་གི་འཐབ་འཛིང་པ་ཆུང་ངུ་ཞིག་ཆགས་རྒྱུ་ཡིན་པའང་དེ་བས་ཚོད་དཔག་བྱེད་ག་ལ་ཐུབ།

 

        མི་ལོ་ཉི་ཤུའི་རྗེས་སུ།  གྱི་ལིང་ཡིན་ན་བང་རྩལ་བརྟས་ཤིང་།   སེང་ཕྲུག་ཡིན་ན་སྡེར་རྩལ་རྒྱས་ལ།  གླག་རྒོད་ཡིན་ན་གཤོག་རྩལ་རྒྱས་འདྲའི་དུས་འདིར།  ངས་མི་ལོ་བཞི་ལ་སྣག་ཚ་བཏུང་བའི་ལྟོ་བ་དེ་ལྡིར་ཞིང་།   མི་ལོ་བཞི་ལ་ཤོག་བུས་བཀང་བའི་ཀླད་ཁམས་དེ་བཏེགས་ནས།  བཤེས་གཉེན་རྣམས་ཀྱིས་བསྩལ་བའི་རྩ་ཆེའི་བསླབ་བྱ་དེ་དྲན་ཞིང་།   ཡུན་རིང་བློ་ལ་འཆང་བའི་ཕུགས་བསམ་དེ་བསམ་བཞིན།  ལོ་ཆུང་གི་བློ་ཤེད་དང་དཔའ་རྟགས་དེ་ངོམ་སྟེ།  ཐེ་ཚོམ་གྱི་བློ་ཐག་དེ་ཡོངས་སུ་བཅད་ཅིང་།   གྲོང་ཁྱེར་གྱི་འདུ་འཛི་ཕངས་མེད་དུ་བསྐྱུར་ནས།  བྱང་ཐང་སྐྱོ་བའི་གཏམ་ཡན་དག་རྣ་རྒྱབ་ཏུ་དོར་ཏེ།  སྙིང་སྟོབས་ཀྱི་བྲང་ཁ་དེ་མཐོན་པོར་བཏེགས་ནས།  ལྕོག་རྩེ་ལའི་རླུང་དར་གྱིས་བསུ་མ་བགྱིས་ཤིང་།   ནོར་ལུག་གི་སྐད་སྒྲས་གཡབ་འབོད་བྱེད་ལ།  གཡུ་མདོག་གི་མཚོ་མོའི་སྐྱེམས་ཆང་འཐུང་གིན།  བསམ་གཏན་གང་བཟང་གི་འགྱིང་ཉམས་ལ་ལྟ་བཞིན།  བྱང་ཐང་རྫི་བོའི་གྲེ་འགྱུར་ཉན་གྱིན།  བག་ཡངས་རི་དྭགས་ཀྱི་བང་རྩལ་ལ་ལྟ་གིན།  སྤྱི་སྤྱོད་རླངས་འཁོར་གྱི་མགྱོགས་བྱམས་ལ་བསྡད་ནས།  སྦྲུལ་ནག་ལྡེམ་ལྡེམ་འཁྱུག་འདྲའི"317"རྒྱལ་ལམ་བརྒྱུད་དེ།  མཐའ་ཡས་ཀྱི་རྩྭ་ཐང་སྟེ།  རི་མཐོ་ས་གཙང་གི་བྱང་རྩྭ་ཐང་དུ་ཡོང་ཡོད།

 

2

 

        མི་ལོ་ཉི་ཤུར།  ངས་བྱང་རྩྭ་ཐང་སྟེང་གི་མཐོང་ཐོས་མྱོང་གསུམ་རྣམས་?ག་ཏུ་བསྒྲིལ་ཏེ་རྒྱུ་དངོས་པོར་ཕབ་ཚེ།  ང་ལ་ཁལ་མ་འགའ་ཤས་ལ་འགེལ་ཆོག་པའི་?ག་ཁྲེས་ཡོད་ངེས་རེད།  ལོ་དེ་དག་ནང་ངས་གཡག་རྒོད་རྡུང་རྭ་སྤྲད་འདྲའི་ཤར་ཕྱོགས་གཡག་ལ་སེ་བོའི་འདབས་ཞོལ་ནས།  ཤེལ་གྱི་གུར་ཁང་ཕུབ་འདྲའི་ནུབ་ཕྱོགས་སྦོ་ལུག་འཁྱགས་རོམ་གྱི་མཛེས་སྡུག་མཐོང་བྱུང་ལ།  ལྷོག་ལྷོག་ཏུ་རྒྱུག་པའི་ལྷོ་ཕྱོགས་སྨི་ཏིའི་ཆུ་རྒྱུད་ནས་སེང་གེ་དཀར་མོ་གཉིད་ལ་ཡུར་འདྲའི་བྱང་ཕྱོགས་གདང་ལའི་བརྗིད་ཉམས་ལའང་མྱོང་རོལ་བགྱིས་མྱོང་།   མཐོ་བ་གམ་ཅན་གྱི་གཞུང་ལས་ཁང་ཆེན་ནང་།   ལས་ནས་ཚར་རྒྱུ་མེད་པའི་གཞུང་དོན་གྱིས་མགོ་བོ་ན་མྱོང་ལ།    དམའ་ཨ་ཁུ་འབྲོག་པའི་སྦྲ་གུར་ནང་སྐྱིད་པོའི་གནས་མལ་ཡང་བཅའ་མྱོང་།   བླངས་མི་ཚར་བའི་གེ་སར་དཔའ་བོའི་སྒྲུང་གླུ་ཉན་མྱོང་ལ།  སྟངས་སྟབས་ཡངས་པའི་རྩྭ་ཐང་གི་སྒོར་བྲོ་ཡང་འཁྲབ་མྱོང་།   འགྱུར་ཁུག་སྙན་པའི་རྩྭ་ཐང་གི་མཛའ་གླུས་ལུས་སེམས་བྲིད་མྱོང་ལ།  མཛེས་ཆོས་མེ་ཏོག་ལ་འཁུ་བའི་རྩྭ་ཐང་གི་བུ་མོས་ཡིད་ཀྱི་རྟ་མཆོག་ཀྱང་བཅིངས་མྱོང་།   ལོ་རྒྱུས་ཆུ་མོ་ལས་ཀྱང་རིང་བའི་དབེན་པའི་ཆོས་གྲྭ་མཇལ་བྱུང་ལ།  ངོ་མཚར་དང་ལྐོག་གྱུར་ཟུང་དུ་འབྲེལ་བའི་གནའ་ཤུལ་རིག་གནས་ཀྱིས་ཡིད་ཀྱི་དབང་པོ་ཡང་འཕྲོག་མྱོང་།   ཁ་དཀར་རྐྱང་གིས་བང་རྩལ་འགྲན་པ་མཐོང་བྱུང་ལ།  བྲེ་སེར་འབྲོང་གིས་རྭ་རྩེད་ངོམ་པའང་མཐོང་བྱུང་།   ཆུ་ཤེལ་ཕོ་བྲང་དང་འདྲ་བའི་གངས་རི་མཇལ་བྱུང་ལ།  རྩེ་མོ་དགུང་ལ་ཟུག་པའི་གདོད་མའི་ཚང་ཚིང་ཡང་རིག་བྱུང་།   ཤང་ཤང་དུ་རྒྱུག་པའི་གཙང་ཆུ་མཐོང་བྱུང་ལ།  ཨ་སྔོན་ས་ལ་འཕོས་འདྲའི་མཚོ་དང་མཚེའུ་ཡང་མཐོང་བྱུང་།   ད་དུང་……

 

3

 

        མི་ལོ་ཉི་ཤུར།  སྐབས་རེ་གྲང་རླུང་གི་ངར་ཁས་ལུས་ཁམས་ཀྱི་ཚོར་བ་བྲིད་ཀྱང་།   ལྷོག་ལྷོག་ཏུ་འབར་བཞིན་པའི་ལྕགས་ཐབ་ཀྱི་ཚ་དྲོད་ཀྱིས་ལུས་སེམས་དྲོས།  སྐབས་རེ་ལྷིང་འཇགས་ཀྱི་རྩྭ་ཐང་དབེན་ཐང་ཐང་དུ་གནས་སྲིད་ཀྱང་།   སྙན་ལ་འཇེབས་ཤིང་རྫོགས་མཐའ་བྲལ་བའི་མཚར་སྒྲུང་གིས་ལུས་སེམས་སྤྲོས།  སྐབས་རེ་བཀྲེས་སྐོམ་གྱི་གདུང་བ་ལ་ལ་དུ་འཆར་སྲིད་ཀྱང་།   དྲི་བསུང་ཕྱོགས་བཞིར་འཐུལ་བའི་རྩྭ་ཐང་གི་འོ་ཞོས་ལུས་སེམས་གསོས།  སྐབས་རེ་སེམས་པ་དེ་མཐའ་ཡས་ཀྱི་ནམ་མཁའ་བཞིན་ཡུལ་ཡུལ་པོར་སྣང་ཡང་།   དྲི་ཟའི་བུ་མོར་ཡང་སྐྱེངས་པ་སྟེར་བའི་རྩྭ་ཐང་བུ་མོའི་རྩེ་རྒོད་ཁྲོད་ལས།  འཚོ་བ་ལ་རེ་ལྟོས་དང་རྟོག་འཆར་གསར་པ་རེ་འཁྲུངས་འོངས།  སྐབས་རེ་རང་ཉིད་གཅིག་པུ་གྲོགས་མེད་ཁེར་རྐྱང་དུ་ལུས་སྲིད་ཀྱང་།   ལྷོག་ལྷོག་ཏུ་འབར་བཞིན་པའི་ལྕགས་ཐབ་ཀྱི་དྲོད་ཁོལ་མྱོང་བཞིན།  གེ་སར་ལ་རབ་ཏུ་མྱོས་པའི་རྐང་དྲུག་བཞིན་དཔེ་ཆའི་མེ་ཏོག་གི་ཀློང་ནས་ཡོན་ཏན་གྱི་རྩི་བཅུད་བར་མེད་དུ་མྱོང་བའམ།  སེམས་པའི་འཁྱེར་སོ་དང་ཡིད་འགྱུར་གྱི་སྒྲ་དབྱངས་རྣམས་དཀར་འཇམ་ཤོག་བུའི་སྟེང་དུ་ཕབ་པའི་ཚེ་ལུས་སེམས་ཡོངས་སུ་རྫོགས་མེད་ཀྱི་བདེ་བ་ལྷག་པར་ཐོབ།

 

4

 

        མི་ལོ་ཉི་ཤུར།  ཡང་སྒོས་སུ་ཡིད་ཀྱི་ཁང་བཟང་ནས་ཕྱིར་འབུད་ཐབས་དཀའ་བ་ནི།  གཤིས་རྒྱུད་རྩྭ་ཐང་གི་གཡང་དཀར་གྱི་བལ་ལས་ཀྱང་འཇམ་ལ།   ངང་རྒྱུད་རྩྭ་ཐང་གི་དལ་འགྲོ་ལས་ཀྱང་རིང་ཞིང་།   བརྩེ་བ་རྩྭ་ཐང་གི་མཚོ་མོ་ལས་ཀྱང་ཟབ་ཅིང་།   དུང་བ་རྩྭ་ཐང་གི་ཉི་ཟེར་ལས་ཀྱང་དྲག་པའི།  བབས་ཆགས་ཡ་རབས་ཀྱི་བྱང་གི་མི་དམངས་ཡིན།  ཁོང་རྣམས་ཀྱི་དཀའ་ཚེགས་ཁོར་ཡུག་ཁྲོད་ཀྱི་ཞུམ་མེད་སྙིང་སྟོབས་དང་།   ཁྱིམ་གཞིས་གསར་སྐྲུན་ཐད་ཀྱི་ལྷོད་མེད་ཀྱི་འབད་འཐབ།  བྱ་གཞག་གསར་གཏོད་ཐད་འཛིན་པའི་བརྗིད་ཆེའི་ཕུགས་བསམ།  མཉམ་གཤིབ་འཚོ་བའི་ཁྲོད་ཀྱི་ཁོག་ཡངས་དཀྱེལ་ཆེའི་བླ་མེད་ཀྱི་གཤིས་སྤྱོད་བཅས་ལས།  ང་ཡི་འཚོ་བ་དང་བྱ་གཞག་ཐད་འཛད་མཐའ་མེད་པའི་རོགས་རམ་ཐོབ་བྱུང་ལ།  ང་ལ་ཡར་སྐུལ་གྱི་ལྕག་ཚན་ཟམ་མི་ཆད་པར་བྲབས་ཤིང་།   མ་འོངས་འཚོ་བའི་འཇུག་ལྡོག་གི་ལམ་སྒྲོན་བཏེགས་ལ།  མི་ཚེའི་རིན་ཐང་བརྩོན་ལེན་གྱི་མིག་དཔེ་བསྟན་པ་མ་ཟད།  ང་རང་ཡར་རྒྱས་དང་མདུན་བསྐྱོད་བྱེད་པར་ཟད་མཐའ་མེད་པའི་སྟོབས་ཤུགས་གང་མང་བསྩལ་གནང་བྱུང་། 

 

5

 

        མི་ལོ་ཉི་ཤུ།  གྱ་གྱུ་དང་འཆར་ཡན་ཟུང་དུ་འབྲེལ་བའི་གཏམ་རྒྱུད་རིང་མོ་ཞིག  དེ་གར་སྤྲོ་སྣང་གི་མཚོ་མོ་འཁྱིལ་མྱོང་ལ།  དེ་གར་ཡིད་མུག་གི་རླུང་འཚུབ་ཀྱང་ལྡང་མྱོང་།   དེ་གར་ཆགས་ཞེན་གྱི་ས་བོན་འཁྲུངས་མྱོང་ལ།  དེ་གར་ཁོང་ཁྲོ་ཡི་མེ་ལྕེ་ཡང་མཆེད་མྱོང་།   དེ་གར་རྒྱལ་ཁའི་ཁ་གཡང་བསྒྲགས་མྱོང་ལ།  དེ་གར་ཕམ་ཉེས་ཀྱི་བྲོ་བ་ཡང་མྱངས་མྱོང་།   དེ་གར་དགའ་སྤྲོ་ཡི་གླུ་དབྱངས་གྱེར་མྱོང་ལ།  དེ་གར་སྐྱོ་ཤས་ཀྱི་མིག་ཆུ་ཡང་ཟགས་མྱོང་།   མི་ལོ་ཉི་ཤུར་ཕྱི་བལྟས་ཚགས་པོ་ཞིག་བགྱིས་ཚེ།  དགའ་སྐྱོ་ཆགས་སྡང་གི་ཞིང་ས་གཤིན་པོ་དེ་མེད་ན།  མངར་སྐྱུར་འདྲེས་མའི་ལོ་ཟླ་གར་པོ་དེ་མེད་ཚེ།  དཀའ་སྤྱད་སྡུག་རུས་ཀྱི་བཙོ་སྦྱངས་ཞུན་པོ་དེ་མེད་གྱུར་ན།  ངའི་མི་ལོ་ཉི་ཤུའི་འཚོ་བའི་གཏམ་རྒྱུད་དེ་ཤིན་ཏུ་ནས་ཅང་ཅང་ཞིག་ཡིན་ངེས། 

 

6

 

        བྱང་ཐང་ཀྱེ།  ཁྱེད་ནི་ཤེས་བྱའི་ཁུར་གྱིས་ཡོངས་སུ་ལྗིད་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་དང་འདྲ་སྟེ།  ཁྱེད་ལ་ལྡན་པའི་ཡ་རབས་ཀྱི་གཤིས་སྤྱོད་དང་།   སྣ་མང་གི་ཤེས་ཡོན།  ཡང་དག་གི་དགོངས་པ།  སྤང་རྟོགས་གི་ཤེས་རབ།  འབད་འཐབ་ཀྱི་ངར་ཤུགས་ཡོད་ཚད་སེར་སྣ་དང་ཕངས་སེམས་ཏིལ་འབྲུ་ཙམ་ཡང་མེད་པར་ང་ལ་གནང་ལ།  ང་རང་བླུན་རྨོངས་ནས་གྲུང་བོ་དང་།   སྒྱིད་ལུག་ནས་བརྩོན་འགྲུས།  ཕམ་ཉེས་ནས་རྒྱལ་ཁ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་ཡང་དག་གི་ལམ་སྟོན་མཛད།  

 

        བྱང་ཐང་ཀྱེ།  ཁྱེད་ནི་གཏོང་ཕོད་ཀྱི་ཡལ་ག་རྒྱས་ཤིང་།   སེར་སྣ་ཡི་སྒྲོག་གིས་མ་བཅིངས་པའི་བྱམས་ལྡན་གྱི་མ་མ་དང་ཡང་འདྲ་བྱུང་སྟེ།  ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་།   ཁྱེད་ཀྱིས་དེ་གར་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་མཁན་གྱི་འབྲོག་པ་རྣམས་ལ་ཟས་གོས་སྡོད་གསུམ་གྱི་མཐུན་རྐྱེན་སྦྱར་བ་དང་།   ད་ལྟའི་ཆར་ཡང་གཏིང་རིང་འཚོ་བའི་སླད་དུ་ལྷོད་མེད་འབད་པ་བགྱིད་བཞིན་པའི་ཕྱོགས་བཞིའི་སྐྱེ་བོ་རྣམས་ལ་ལྟོ་གོས་ཀྱི་འབྱུང་ཁུངས་བསྩལ་དང་སྩོལ་མུས་རེད།  མི་ལོ་ཉི་ཤུའི་ནང་།   ངས་ཀྱང་སྐུ་ཉིད་ཀྱི་ནམ་མཁའ་བཞིན་མཐའ་རྒྱ་ཡངས་བའི་པང་ཁ་དྲོན་མོའི་སྟེང་།   རང་ཉིད་ཀྱི་དམིགས་ཡུལ་དང་ཕུགས་བསམ་ག་གེ་མོ་དེའི་ཆེད་དུ།  ཇི་མི་སྙམ་པར་ཁྱེད་ཀྱི་ལུས་པོ་?ག་པས་བརྫིས་ཏེ།  ཆོག་ཤེས་ཅི་ཡང་མེད་པར་ཁྱེད་ཀྱི་ལུས་ཐོག་གི་མངར་ཞིམ་ནུ་ཞོ་མཚམས་མེད་དུ་འཇིབས་ཤིང་།   ཁྱེད་ཀྱི་ལུས་སྟེང་དུ་ན་ཟུག་གང་སར་བཞག  འོན་ཏེ།  ཁྱེད་ནི་ནམ་ཡང་དགོས་འདོད་ཆར་དུ་བསྙིལ་བའི་དཔག་བསམ་ལྗོན་པ་ཞིག་དང་མཚུངས་པར།  ཡོད་ཚད་དང་ཡོད་ཚད་ང་དང་ང་འདྲ་བའི་རྩྭ་ཐང་གི་སྲོག་ལྡན་ཀུན་གྱི་དོན་དུ་བློས་གཏོང་བ་ལས།  འཁང་ར་དང་སྨྲེ་ངག་ནམ་ཡང་འདོན་མ་མྱོང་།   

 

        བྱང་ཐང་ཀྱེ།  ཁྱེད་ནི་བློ་མཐུན་ཞིང་བརྩེ་བ་ཟབ་པའི་སྙིང་གི་ཟླ་བོ་ཞིག་དང་ཡང་འདྲ་བྱུང་སྟེ།  མི་ལོ་ཉི་ཤུའི་ནང་།   ཁྱེད་ཀྱི་གམ་དུ་ང་རང་ལྟོགས་མ་མྱོང་ལ་སྐོམ་ཡང་མ་མྱོང་།   འཁྱགས་མ་མྱོང་ལ་འཚིག་ཀྱང་མ་མྱོང་།   ཉོབ་མ་མྱོང་ལ་ཡུལ་པོར་ཡང་གནས་མ་མྱོང་།   ངའི་སེམས་ཁམས་གསོ་བའི་བདུད་རྩི།  རྩྭ་ཐང་གི་ངོ་མཚར་རིག་གནས་ཁྱེད་ཀྱིས་ང་ལ་གནང་བྱུང་ལ།  ངའི་བཀྲེས་སྐོམ་སེལ་བའི་སྨན་མཆོག་རྩྭ་ཐང་གི་སྤུས་ལེགས་འོ་ཞོ་ཁྱེད་ཀྱིས་ང་ལ་བསྩལ་བྱུང་།   ངའི་གྲང་ངད་འཇོམས་པའི་མེ་ཟླུམ།  གཡང་དཀར་ལུག་གུའི་ལྤགས་ཚགས་ཁྱེད་ཀྱིས་ང་ལ་གནང་བྱུང་ལ།  ངའི་མིག་ཡིད་གསོ་བའི་དགའ་སྟོན།  རྩྭ་ཐང་གི་ངོ་མཚར་སྣོད་བཅུད་ཀྱི་བཀོད་པ་ང་ཡི་མིག་ལམ་དུ་བསྟར་བྱུང་།   ཁྱེད་ལ་བདག་བས་གཞན་གཅེས་ཀྱི་རླབས་ཆེན་གྱི་བསམ་བློ་དེ་ལྟ་བུ་ཞིག་ཡོད་གྱུར་ཡང་།   ལོ་དེ་དག་ནང་ཁྱེད་ཀྱི་ཁོག་ཏུ་མི་འདོད་ཀྱི་རླུང་འཚུབ་འཁྲིགས་མ་མྱོང་ལ།  ངོ་གདོང་སྟེང་ཁོང་ཁྲོ་ཡི་སྤྲིན་ནག་འཁོར་མྱོང་མེད་ཅིང་།   ཞལ་ངོ་ལས་ཚིག་ངན་གྱི་དྲག་ཆར་འབབ་མ་མྱོང་།   མདོར་ན།  ཁྱེད་ཀྱི་ལྷད་མེད་ཀྱི་བརྩེ་བ་དང་།   ཚད་མེད་ཀྱི་ཐུགས་འཁུར།  མཐའ་མེད་ཀྱི་གཏོང་ཕོད་བཅས་མེད་གྱུར་ན།  མི་ལོ་ཉི་ཤུ་ང་ཇི་ལྟར་འཚོ་དགོས་སམ།  དེས་ན།  ཁྱེད་ནི་ངའི་མི་ལོ་ཉི་ཤུའི་འཚོ་བའི་བགྲོད་ལམ་སྟེང་གི་དགའ་བའི་དགའ་རོགས་དང་།   སྐྱོ་བའི་སྐྱོ་རོགས་ངོ་མ་དེ་ཡིན་ལགས།

 

7

 

        བྱང་ཐང་ཨཱ་བྱང་ཐང་།   མ་གཞི་མི་ལོ་ཉི་ཤུའི་གཏམ་རྒྱུད།  དུས་ཚོད་ཀྱི་ཕོ་ཉས་ཕྱི་བལྟས་མེད་པའི་ཆུ་མོ་བཞིན་ཕ་རོལ་དུ་བརྫངས་ཟིན།  འོན་ཏེ་མི་ལོ་ཉི་ཤུར།  ཁྱེད་དང་ང་ཡི་དབར་ལས་འགྲོ་ཡི་ས་བོན་འཁྲུངས་ལ།  འདྲིས་གཤིབས་ཀྱི་ཡལ་ག་རྒྱས་པ་མ་ཟད།  མཐུན་སྒྲིལ་གྱི་མེ་ཏོག་ཤར་ལ།  མཛའ་གཅུགས་ཀྱི་འབྲས་བུ་སྨིན་ཡོད།  ང་ཚོའི་དབར་གྱི་ཉ་ཆུ་ལྟ་བུའི་ལས་འབྲེལ་ཟབ་མོ་དེ་དུས་ཚོད་ཀྱི་སྤུ་གྲི་རྣོན་པོས་གཅོད་མི་ཐུབ་ལ།  ས་ཆ་དང་ས་ཆའི་བར་ཐག་གི་ཆུ་བོ་ངན་པས་སྣུབ་ག་ལ་ཐུབ།  ང་ཚོའི་དབར་ལ་སྦྲུམ་པའི་འཆད་མི་ཚར་ལ་ཉན་ན་སྤྲོ་བའི་སྒྲུང་གཏམ་ཧ་ཅང་མང་པོ་དེ་དག་རྩ་ཆེའི་ནོར་མཆོག་ཞིག་ལྟར་དུས་ནམ་ཡང་ངའི་ཡིད་ཀྱི་སྒམ་ཆུང་ནང་ཉར་ཚགས་ལེགས་པར་བྱེད་ངེས་ལ།  ལོ་ཟླ་དེ་དག་ནང་ཁྱེད་ཀྱིས་ང་ལ་གནང་བའི་རྩ་ཆེའི་གནང་སྦྱིན་རེ་རེ།  ངའི་མི་ཚེ་ཧྲིལ་པོའི་ཡིད་ཀྱི་མཛོད་དུ་སེར་པོའི་གཙའ་དང་སྔོན་པོའི་གཡའ་ཡིས་མ་སྦག་པར་གཏན་དུ་ཉར་ངེས་ཡིན།

 

8

 

        དེ་ལྟར།  མི་ལོ་ཉི་ཤུའི་ལང་ཚོའི་མེ་ཏོག་བྱང་ཐང་སྐྱ་མོའི་པང་ཁར་ཡལ་ཡང་།   མི་ལོ་ཉི་ཤུའི་ཟུངས་ནུས་དྲོན་མོ་བྱང་ཐང་སྐྱ་མོའི་སྟེང་དུ་འཛགས་ཀྱང་།   མི་ལོ་ཉི་ཤུའི་བརྩེ་བ་དང་དུངས་བ་བྱང་ཐང་སྐྱ་མོའི་རི་ཆུ་ས་གསུམ་ལ་འཐིམ་ཡང་།   ཚུར་ཡོང་སྐབས་ཀྱི་གནག་སྣུམ་མགོ་སྐྱེས་དེ་ཕར་འགྲོ་སྐབས་སུ་ག་བུར་གྱི་རྡུལ་ལ་འགྲན་ཡང་།   གཞོན་དུས་ཀྱི་ཀེར་ཀེར་གྱི་ལུས་པོ་དེ།  ད་གཟོད་ཡོ་འཁྱོག་ཅན་གྱི་གཞུ་མོ་ལྟར་ཐུར་ལ་དུད་ཀྱང་།   ཐ་ན་བླ་སྲོག་དྲོན་མོ་དེ་བྱང་ཐང་གི་ཕང་དུ་འཐོར་དགོས་ཀྱང་།  བྱང་ཐང་གིས་ང་ལ་བསྩལ་བ་ནི་ནམ་མཁའི་སྐར་ཚོགས་བཞིན་གཞལ་བར་མི་ནུས་པས།  ངའི་སེམས་ནམ་ཡང་མི་ཕམ་ལ་བློ་ཡང་ཇི་ལྟར་འགྱོད།  དེ་བས།  འཛམ་གླིང་གི་མཐོ་སྒང་ཡང་རྩེ་དེ་ན།  བྱང་ཐང་བསྒྱུར་བཀོད་དང་བྱང་ཐང་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་ཁྲོད།  རང་ནུས་ཏིལ་འབྲུ་ཙམ་ལེགས་སྐྱེས་ཕུལ་ཐུབ་པར་བློ་སྤོབས་རབ་ཏུ་འཆར་བཞིན་ཡོད་ལ།  རང་ཉིད་ཀྱི་མི་ཚེའི་རིན་ཐང་བཏོད་ཐུབ་པར་ཡང་སྤྲོ་སྣང་གི་མཚོ་མོ་རབ་ཏུ་རྒྱས་བཞིན་ཡོད།

 

        ཡིན་ན་ཡང་།   འཛོམས་པའི་མཐའ་མ་བྲལ་དགོས་པ་འཇིག་རྟེན་གྱི་བཟློག་མེད་ཆོས་ཉིད་ཅིག་ཏུ་འཁུམས་པས།  ད་ལན་སེམས་ཁམས་དེ་ནམ་མཁའ་བཞིན་སྟོང་སང་ངེར།  འདྲེན་བྱེད་ཀྱི་ཟུར་ནས་མིག་ཆུ་གྲང་མོ་ཞིག་ཐིགས་ཤིང་།   བཟོད་པར་དཀའ་བའི་བྲལ་གདུང་ལྗིད་མོ་ཞིག་འཁུར་ཞིང་།   ལྗིད་ཏིག་ཏིག་གི་རྐང་གཉིས་དལ་བུར་འདྲུད་དེ།  སྐྱོ་ཤས་ཀྱི་ཕྱི་བལྟས་བར་མེད་དུ་སློག་གིན།  ལས་ཀྱིས་འདེད་པའི་ས་དེར་ཐོན་དགོས་ཡ།  འོན་ཀྱང་།   ངས་བྱང་ལྕོག་རྩེ་ལ་མོའི་དབུ་སྟེང་ནས།  འདྲེན་བྱེད་ཟུང་ཁྱེད་ཕྱོགས་སུ་ཅེར་བཞིན།  སྒོ་གསུམ་གུས་པས་གྱེས་ཕྱག་ཅིག་ཕུལ་ནས།  སོར་བཅུའི་སྙིམ་པ་མཐོང་ཀ་རུ་སྦྱར་ཞིང་།   ཡིད་ཕུར་ཚུགས་སུ་རྟེན་འབྲེལ་གྱི་གསོལ་སྨོན་འདེབས་ཆོག་སྟེ།  མི་རིང་བ་ན།  ང་ཚོ་སླར་ཡང་མགྱོགས་ནས་མྱུར་དུ་ཞལ་མཇལ་ཡོང་བར་ངེས།  ང་ཚོ་གཏན་གཏན་མགྱོགས་ནས་མྱུར་དུ་མཇལ་བར་ངེས།  ཅིའི་ཕྱིར་ཞེ་ན།  ང་ཡི་ཉིན་ཚན་ཐུན་དྲུག་ཏུ་ཡིད་ལ་དྲན་པའི་སྙིང་གི་དགའ་མ་ཁོང་།   དབུས་འགྱུར་ཉི་མ་ལྷ་སའི་བྱང་ཕྱོགས་ན་ལུས་ཡོད། 

 

        -བདག་གི་སེམས་ཀྱི་ཞིང་སར་མེ་ཏོག་བཞིན་ལྷན་ནེར།  ལྷམ་མེར།  ལྷུག་གེར་བཞད་པའི་བོད་བྱང་ཐང་།      མི་ལོ་ཉི་ཤུ་ལྷག་བྱ་བ་བསྒྲུབས་ཤིང་འཚོ་བ་རོལ་སའི་བྱང་རྩྭ་ཐང་གི་པང་ཁ་ནས་ཞལ་གྱེས་སྐབས་ཀྱི་ཡིད་འགྱུར་ཐོལ་གྱིས་ཕྱུང་བའོ།། 

 

 སྤྱི་ལོ་2016ཟླ་6པར།


རྩོམ་ཡིག་སྔོན་མ།
ཨ་མ་རྒན་མོའི་ཁ་ཆེམས།
རྩོམ་ཡིག་རྗེས་མ།
དུས་བཞིའི་དྲན་འཆར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1