དགུ་ཚིགས་ཕྲ་མོའི་སྐེད་རགས་བཅིངས་པའི་སྔོ་བསངས་ལྷ་མོ་གནམ་མཚོ་མཁའ་ལ་འཕགས་དང་འདྲ་ལ། ལྷུན་བརྗིད་གཟི་བྱིན་འབར་བའི་མཐའ་བཞིའི་ས་འཛིན་ལས། འགའ་ཞིག་ནི་བྲག་?འི་མཚོན་སྐྱོབ་ནག་པོ་གྱོན་ཞིང་གངས་དཀར་གྱི་ཅོད་པན་བཅིངས་པ་དང་། འགའ་ཞིག་ནི་ནེའུ་གསིང་གཡུ་ཡི་སྟོད་གཡོགས་བཀླུབས་ཤིང་རྩེ་མོར་སྤྲིན་དཀར་གྱི་ལ་ཐོད་བཅིངས་པ། ཡང་ལ་ལ་ཞིག་ནི་སྐྱ་ཐེར་ཐེར་གྱི་ས་?་འདྲེས་མ་གོས་སུ་བཀླུབས་པ་ལ་ཚེར་མའི་ཕྲ་རྒྱན་བཏབ་ནས་གྱོན་ཞིང་རྩེ་མོར་རླུང་དར་གྱི་དབུ་རྒྱན་བཅིངས་པ་དང་ཀུན་ནས་མཚུངས། རི་སྐེད་ན་སྤང་ལྗོངས་མར་གད་མདངས་འཛིན་གྱི་གོས་གདན་བཏིངས་པ་དང་འདྲ་བའི་ཕྱོགས་དང་ཕྱོགས་མཚམས་སུ་འཆི་མེད་ཡུལ་གྱི་མུ་ཏིག་སྤང་ལ་ཐོར་བ་བཞིན་གྱི་གཡང་དཀར་ལུག་ཁྱུ་ཅི་དགར་རྩེན་པ་དང་། རི་འདབས་ན་པ་ཏྲའི་རིས་དང་འདྲ་བའི་ཞིང་ཐང་ཡངས་མོར་ལོ་ལེགས་སྙེ་མའི་རྦ་རླབས་འཕྱུར་ཞིང་། གར་མཁན་ལྷ་མོ་རྩེན་པའི་སྐེད་རགས་གནས་འདིར་ལྷུང་བ་དང་ཨ་ན་མ་ནའི་གཉལ་གཞུང་ཆུ་ལུང་ཤུར་གྱི་དཀྱིལ་ནས་ཤག་ཤག་གི་གླུ་སྒྲ་ལེན་བཞིན་བྲེལ་སྟབས་ཀྱིས་ཧིན་རྡུ་རྒྱ་མཚོར་རྒྱུག་འགྲོ་བའོ།། དེ་ལྟ་ནའང་མཛེས་ཤིང་ལྟ་ན་སྡུག་པའི་ཕ་ཡུལ་དེ་ནི་སྒྱུ་རྩལ་པས་པིར་གྱིས་བྲིས་པའི་སྣུམ་ཚོན་རི་མོ་ག་ལ་ཡིན་ཏེ། ངའི་དྲན་འཛིན་ཡུལ་དུ་འཆར་བའི་སྐྱེ་ས་འཚར་སའི་ཕ་ཡུལ་གྱི་དབྱར་ཁའི་མཛེས་ལྗོངས་རགས་པ་ཙམ་རེད། ཆུང་བྱིས་པའི་དུས་ནས་དེ་གར་འཚོ་ཞིང་གནས་པའི་ང་རང་། སྙིང་ཁོང་རུས་པའི་གཏིང་དང་། ཞེ་ཁོག་པའི་དབུས། སེམས་བསམ་པའི་དཀྱིལ་ནས་རང་ག་བ་མིན་པའི་ས་ཆ་གང་དེར་ནག་ནོག་གི་དྲི་དང་བྲལ་བའི་བརྩེ་བ་ཞིག་དང་། བཅོས་སུ་མེད་པའི་ལ་རྒྱའམ་དུང་ཞེན་ཞིག་ཡོད་པ་ནི་སྨྲོས་མེད་དོ། །སྒོས་སུ་ཕ་ཡུལ་གྱི་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་པོས་ཁོ་བོ་དང་མཉམ་དུ་ཆུང་བྱིས་པའི་དུས་ཀྱི་ལོ་ཟླའི་འཕེལ་རིམ་མང་པོ་བརྒྱུད་མྱོང་བས། ད་ལྟ་བསམས་ན་དྲན་པའི་མེ་ལོང་ངོས་ཀྱི་ཕ་ཡུལ་གྱི་དུས་བཞིའི་རྣམ་པ་ནི་ཆེས་མཛེས་སྡུག་ལྡན་པ་དང་བརྗེད་པར་དཀའ་བ་ཞིག་ཅི་ལ་མིན་ཨང་།
དཔྱིད་ཀ
ད་ལོའི་དགུན་ཁ་ཧ་ཅང་གྲང་ངར་ཆེ་བས་ངའི་སེམས་སུ་ཚ་གྲང་སྙོམ་པའི་ཕ་ཡུལ་གྱི་སོས་དུས་དེ་ལྷག་པར་དྲན་བྱུང་། དཔྱིད་ཀྱི་ཕོ་ཉས་སྙན་དབྱངས་ལྷང་ལྷང་སྒྲོག་པ་དང་རྩྭ་རྩི་ཤིང་གི་སྐྱེ་དངོས་ཡོད་དོ་ཅོག་གྲང་ཅང་ཅང་གི་གཉིད་ལས་སད་ལ་ཁད་དུ་བྱེད་པ་ན། དཔྱིད་ཀྱི་དྲི་བཞོན་ལྷ་མོས་དྲོད་འཇམ་གྱི་ལག་པ་བསྲིངས་ནས་ནོར་འཛིན་དགའ་མའི་ངོ་ལ་བྱིལ་བྱིལ་ལན་འགའ་བྱས་པས། ད་གཟོད་གང་སར་རེ་བའི་གསོན་ཤུགས་ཀྱིས་ཁེངས། ཤང་ཤང་གི་ཆུ་མོ་རང་དབང་བྲལ་བའི་འཁྱགས་རོམ་གྱི་བཙོན་ར་ལས་ལྷུག་པར་གྲོལ་ནས་ཡིད་འོང་རླབས་ཀྱི་གར་སྟབས་གཡོ་བཞིན་ཅི་འདོད་དུ་རྒྱུག་ཅིང་། གཤོག་དྲུག་འདབ་མ་རྒྱས་པའི་གསེར་མིག་ཉ་མོའི་ཚོགས་རྣམས་ཀྱང་ལུས་ཀྱི་སྟངས་སྟབས་དང་གཤོག་པའི་ཡང་རྩལ་གང་དགར་ངོམ་པའི་ཚེ། ཐ་གྲུ་ཡངས་པའི་ནེའུ་སིང་གཡུ་ཡི་གཞོང་པ་ན་མགོ་འབུས་མ་ཐག་པའི་གཉེན་འཇམ་རྩྭ་ཡི་སེམས་ལ་དགའ་བའི་དཔལ་འཛད་མེད་སྟེར། དགའ་ཞིང་མགུ་བའི་སེམས་ཀྱིས་ཞོགས་པའི་བསིལ་རླུང་ལྷན་དུ་མགོ་བོ་ལྕོག་ལྕོག་བྱེད། ལྷུན་སྡུག་གི་གངས་རི་དེ་དག་ཀྱང་དྲོད་རླུང་གི་ཕོ་ཉས་ལྷིང་འཇགས་ཀྱི་གཉིད་ལས་དཀྲོགས་པ་ན། ད་གཟོད་ལུས་ཀྱི་ཟུངས་ཟད་པའམ་དབང་ཤུགས་ཉམས་ཞན་དུ་སོང་ནས། མུ་ཏིག་གི་རིན་བྲལ་མགུལ་རྒྱན་དེ་དག་བདག་ཏུ་བཟུང་མ་ཐུབ་པར་འུ་ཐུག་ཐབས་ཟད་དུ་གྱུར་པ་ལ། ལས་དབང་སྲིད་པའི་གངས་རིར་བཅོལ་བའི་ན་ཆུང་གངས་ལྷ་མེ་ཏོག་རྣམས་ཀྱང་སེམས་འཚབ་དབང་མེད་དུ་སྐྱེས་ནས་མིག་ཆུ་འཁྲུམ་འཁྲུམ་དུ་འདོན་བཞིན་མཆིས། དེ་ཙམ་ལ་སོ་ནམ་པས་རེ་བ་དང་ཡིད་ཆེས་ཀྱི་ས་བོན་འདེབས་འགོ་ཚུགས་ཤིང་། སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་ཚང་མ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དཔྱིད་རྨོད་ཀྱི་ལས་ལ་བྲེལ་ཞིང་། ཆུ་ཡུར་གཤོང་བ་དང་། ཞིང་ཆུ་འདྲེན་པ། ལུད་རྒྱག་པ། ?་ཧྲུག་སྒྲུག་པ། སོན་གཤོ་བ། ལོག་རྒྱག་པ། རྣང་མ་བཟོ་བ་སོགས་དཔྱིད་ཀྱི་ལས་སྣ་མ་གཅིག་པར་བྲེལ་བ་འཚུབ་འཚུབ་ཀྱིས་འཇུག་པ་ནི། རྒྱུན་དུ་རྣ་བར་འཇགས་འཇགས་དང་སེམས་ལ་ཤར་ཤར་བའི་གཏམ་དཔེ་སྟེ། དཔྱིད་ཐལ་བ་འཚུབ་འཚུབ་མ་བྱས་ན་སྟོན་སྣུམ་ཞག་ཚིལ་ཚིལ་ག་ལ་ཡོང་ཞེས་པའི་གནས་ལུགས་གསལ་པོར་ཤེས་པས་ལོས་ཡིན། སྐབས་དེ་ཤེད་ལ་མཚར་སྡུག་ལྡན་པའི་དྲེས་མའི་མེ་ཏོག་ནི་དཔྱིད་ཀྱི་སྒེག་མོའི་རྒྱན་ཆ་མཛེས་ཤོས་དེ་ཡིན་ལ། ང་དང་ང་འདྲ་བའི་བྱིས་པ་པྲ་ཚགས་དག་གི་རྩེད་གྲོགས་ཡག་ཤོས་ཀྱང་ཡིན། ང་རང་ཞིང་གི་མུ་མགོར་རྩྭ་དྲེས་མའི་དཀྱིལ་དུ་འཛུལ་ནས། རྩྭ་དྲེས་མ་སྐྲ་ལོ་ཡིན་ཁུལ་གྱིས་ལྷས་མ་རྒྱག་པ་དང་། དྲེས་མའི་གེ་སར་བཏོགས་ནས་ཀོ་ཀེ་ཀོ་ཀེ་ཞེས་དེ་མོ་དང་བྱེའུ་ཕྲུག་ཡིན་ཁུལ་བྱེད་པ། དྲེས་མའི་ལོ་མས་ཚིག་ཁེབས་བཟོ་བ། དྲེས་མའི་གེ་སར་བཀོག་ནས་གཅིག་གི་སྟེང་ལ་གཅིག་བརྩེགས་ནས་མེ་ཏོག་གི་ཕོན་ལྕོག་བཟོ་བ། དྲེས་མའི་འདབ་ལོའི་ནང་འདབ་བཏོན་རྗེས་ཕུ་བཏབ་ནས་རོལ་མོའི་ཚབ་བྱེད་པ་སོགས་ཀྱི་སྤྲོ་སྣང་དེ་ནི་གང་གིས་ཀྱང་ཚབ་བྱེད་ཐབས་བྲལ་བ་ཞིག་རེད་ཨང་། དཔྱིད་དུས་ཀྱི་སྔ་དགོང་གྲང་ངད་ཤིན་ཏུ་ཆེ་བས། གྲང་རླུང་ངར་མོས་སྣབས་ལུད་འཛར་འཛར་གྱི་ཕྲུ་གུ་དག་གི་ལུས་ལ་ཡང་ཡང་བྲབས་ནས། འགའ་ཞིག་ངོ་གདོང་འཁྱགས་ནས་དམར་སྨུག་ཏུ་གྱུར་པ་དང་། ལ་ལ་ཁ་འདར་ཤོར་བར་བྱེད་ནའང་། རྩེད་གྲོགས་འཕྲད་ཚེ་གོས་ཐུང་འཐེན་ཙམ་འཐེན་ཙམ་གྱིས་ཕན་ཚུན་འདེད་རེས་བྱེད་པ་དང་?་ཆུང་བརྩིགས་ནས་ཁང་ཆུང་བཟོ་བ་དང་ཆུ་རག་རྒྱག་ཁུལ་བྱེད་པ། པུས་མོའི་ལྷ་ང་ཕར་བྲད་ཚུར་བྲད་ཀྱིས་ཨ་ཅུག་རྩེ་བ། མེ་མདའི་ཀ་?ར་ས་ལ་བཙུགས་ནས་གཟིར་ལོད་ལྟ་བ། བྱེའུ་དང་གློག་ཤིང་གི་དཀར་ཡོལ་ལ་འགྱིག་མདའ་འཕེན་པ་སོགས་ཀྱི་དགའ་སྣང་གིས་སྐབས་སྐབས་ལ་འཁྱགས་ལྟོགས་ཀྱི་སྣང་བའང་ཡལ་འགྲོ། སྐབས་དེ་དུས་དཔལ་འབྱོར་གྱི་འཁོས་བབ་ཞན་པས་དེང་གི་རྩེད་ཆས་དེ་འདྲ་ཉོ་རྒྱུ་ལྟ་ཅི། དངུལ་ཡོད་ནའང་གྲོང་སྡེར་རྩེད་ཆས་ཚོང་མཁན་མེད་པས། བྱིས་པ་འགའ་ཞིག་གིས་སྣུམ་དོང་གི་ཁ་བྲེགས་པའི་ལྕགས་སྒོར་ལ་ལྕགས་སྐུད་ཀྱི་ལག་འཛིན་བཟོས་ནས་གཏོང་བ་དང་། འགའ་ཞིག་གིས་ཧ་ཡང་གི་སྐུད་པ་དང་། ལྕགས་སྐུད་མཉེན་པོ། ཟངས་སྐུད་སོགས་བསྒྲིམས་ནས་འཁོར་ཆུང་བཟོས་ནས་གཏོང་བ། འགའ་ཞིག་གིས་འབྲུ་འདོན་འཕྲུལ་འཁོར་རྙིང་པའི་འཁོར་ལོའི་ཨི་ཁུང་དུ་རྒྱུགས་པའམ་ལྕགས་རིལ་བརྒྱུས་ཏེ་དེའི་སྣེ་གཉིས་ལ་ཤིང་གི་ཡུ་བ་མཐུད་དེ་གཏོང་བ། ཡང་འགའ་ཞིག་གིས་རྐང་འཁོར་གྱི་ཕྱི་པགས་རྙིང་རལ་ལག་པས་བུད་དེ་གཏོང་བ། དང་འདོད་ཚ་བའི་ཕྲུ་གུ་འགས་ལག་འཛིན་གྱི་སྟེང་དུ་རས་འཛར་དམར་པོ་དང་། སེར་པོ། སྔོན་པོ་སོགས་བསྒྲོགས་ནས་དབྱིངས་ཤོད་པ་དང་། ཡང་ལ་ལས་སྤུན་མདོག་སྣ་ལྔས་བསླས་པའི་ཆུ་མིག་དགུ་སྒྲིལ་བསྒྲོགས་ནས་འཁོར་ཆུང་ལ་མཛེས་རྒྱན་སྤྲོད་པ་སོགས་སྐབས་དེ་དུས་ཀྱི་བྱིས་པ་མང་ཆེ་བ་གསར་གཏོད་མཁན་ཆུང་ཆུང་ཤ་སྟག་རེད། དཔྱིད་དུས་སུ་ཟྭ་ཚོད་ཀྱི་ཚོད་མ་དང་ཟྭ་ཐུག་ནི་ཟས་ཀྱི་མཆོག་ཏུ་གྱུར་པས། ཟྭ་ཚོད་ལག་པར་ཟུག་ན་ཨ་ཆུ་ཆུ་ཟེར་བ་ལས་ཨ་ཚ་ཚ་ཟེར་མི་རུང་བའི་གནའ་མི་རྒན་པོའི་གཏམ་དེ་བདེན་པར་བཟུང་ནས་ནམ་ཞར་ལ་ཟྭ་ཚོད་འཐོག་པར་འགྲོ་བ་དང་། ཟྭ་ཚོད་ལག་པར་ཟུག་སྐབས་ཕྲུ་གུ་ཚོས་ཁ་ནས་རང་བཞིན་གྱིས་ཨ་ཚ་ཚ་ཟེར་བ་ལས་ཨ་ཆུ་ཆུ་ཟེར་རྒྱུ་བརྗེད་འགྲོ། ལག་པར་ཟྭ་ཚོད་ཟུག་ནས་ཉིན་གསུམ་ཙམ་ཚྭ་བེར་བེར་བྱེད་ནའང་ཟྭ་ཚོད་ཀྱི་བྲོ་བ་དྲན་དུས་སྣང་མེད་དུ་གྱུར་འགྲོ། ད་ཆ་བྱིས་དུས་ཀྱི་སྤྲོ་སྣང་དེ་ཚོ་ཡིད་ལ་འཆར་དུས་སེམས་པ་སྐྱིད་ལྷང་ལྷང་དང་ཕ་མ་གཉིས་པོའི་དཀའ་སྡུག་གི་ལོ་ཟླ་དྲན་སྐབས་སེམས་པ་སྐྱོ་ལྷང་ལྷང་གིས་མགྲིན་པའང་བརྣངས་འགྲོ། ང་རང་ཆུང་དུས་སུ་སྡེ་བའི་རི་འདབས་ཀྱི་རྐང་ལམ་ཕྲ་མོ་དེའི་སྟེང་དུ་ཕ་མས་ཐལ་རྡུལ་དང་དྲེག་པས་འཚོས་པའི་ལྟག་རྒྱབ་ཏུ་རེས་མོས་ཀྱིས་ཁུར་ནས་ཇི་ཙམ་བསྐྱོད་པ་ད་ཆ་གསལ་ཆ་མེད་ལ། ཐོང་གཤོལ་དང་གཟན་རྩྭ་བཀལ་བའི་གླང་གྭ་པ་དེ་དང་། གཟུགས་ཆུང་ཡང་གཤིས་ཀ་རྒོད་པའི་དྲེལ་རག་པ་དེའི་སྒལ་སྟེང་དུ་ཇི་ཙམ་བཞོན་པ་དེ་བས་ག་ལ་ཤེས། ངའི་དྲན་འཛིན་གྱི་ཡུལ་ནས་ནམ་ཡང་ཡལ་ཐབས་མེད་པ་ནི། གདངས་རིང་ཞིང་ཚིག་གི་ལོ་མ་དེ་ཙམ་གསལ་རྒྱུ་མེད་པའི་དྲིན་ཆེན་མ་ལོའི་དམངས་གཞས་དང་སྒོ་ཕྱུགས་ཀྱི་སྐེ་དྲིལ་སྡེབས་པའི་འཁྲོལ་སྒྲ་ལས། གཞན་ཐལ་རྡུལ་གྱིས་འཚོས་པའི་ཕ་མའི་ཞལ་རས་དང་སེར་ཁའི་གྲོག་ཤུར་ཆགས་པའི་ཕ་མའི་ལག་ཟུང་ངོ་།།
དབྱར་ཁ།
ལྷུན་བརྗིད་རི་བོའི་ཚོགས་ཀྱིས་སྔོ་ལྗང་གོས་ཀྱི་ཤམ་བུ་གྱོན་ཞིང་ན་བུན་ཅོད་པན་ཐོད་དུ་བཅིངས་པ་དང་། ཚོམ་བུ་ཚོམ་བུར་སྐྱེས་པའི་ལྕང་གསེབ་ནས་བྱ་བྱིའུ་སྣ་ཚོགས་ཀྱིས་སྙན་པའི་གྲེ་འགྱུར་དབྱངས་སུ་གྱེར་བ་ནི། ཞིང་དང་མུ་གར་རྒྱུ་བའི་སོ་ནམ་པར་ལས་ཀའི་བར་གསེང་ལ་ངལ་གསོའི་རོལ་དབྱངས་དཀྲོལ་བ་དང་ཀུན་ནས་མཚུངས། ཁོ་ར་ཁོར་ཡུག་ཏུ་སྐྱེས་པའི་གཡུ་ལོ་ཐགས་སུ་བཏགས་པའི་རྩྭ་རྩི་ཤིང་གིས་ལུས་ལ་མེ་ཏོག་གི་ཕྲ་རྒྱན་བཏབ་ནས་ལང་ཚོའི་སྒེག་ཉམས་ཅི་འདོད་དུ་ངོམ་པ་ན། རྐང་དྲུག་བུང་བ་མང་པོའི་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག་ནས། སེམས་སུ་ཡུན་རིང་སྦ་གསང་བྱས་པའི་སྙིང་གཏམ་དག་དགའ་མ་མེ་ཏོག་གི་སྟེང་དུ་ལྡིང་སྐོར་དང་བཅས་ལྷུག་པོར་བརྗོད་པའི་ཚེ། ཁ་སྒོ་སྐྱེ་འབྲས་མཚར་བའི་དྲི་ཞིམ་མེ་ཏོག་དེ་དག་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་ལྷུངས་ནས་ངོ་གདོང་དམར་པོ་དང་། སེར་པོ། ལྗང་ཁུ་སོགས་འདྲ་མིན་ལ་གྱུར་པ་དང་མགོ་བོ་ཡང་ཅུང་ཟད་དུད་པའི་ཚུལ་གྱིས་གནས། ཐག་རིང་ན་དྭངས་བསིལ་ཆུ་ཕྲན་ཤང་ཤང་དུ་བཞུར་ཞིང་། ཕྱུགས་རིགས་དཀར་ནག་ཁྱུ་དང་ཁྱུ་དྲི་ཞིམ་བཅུད་དང་ལྡན་པའི་རྩྭ་ཆུ་ལོངས་སུ་སྤྱོད་པ་དང་། འགའ་ཞིག་ཚ་ཟེར་གྱི་གདུང་བ་མ་བཟོད་པར་སྐྱིད་ཉལ་དུ་ཁ་ཆུ་འཛར་འཛར་གྱིས་སྐྱུག་ལྡད་རྒྱག་པ་དང་། ལྟོགས་རྔམ་ཆེ་བའི་དུག་སྦྲང་དག་ལུས་ལ་ལྡིང་སྐོར་རྒྱག་ནའང་མིག་རྡེབ་ཙམ་དང་རྣ་གཤོག་གཡུག་ཙམ་ལས་ལངས་འདོད་གཏན་ནས་མི་བྱེད། ཞིང་ནང་དུ་འབྲས་བུའི་ཁུར་གྱིས་ལྗིད་པའི་ལོ་ལེགས་སྙེ་མས་མགོ་ལྕོག་ལྡེམ་ལྡེམ་བྱེད་པ་དང་། དེ་ཙམ་ལ་ཕྲུ་གུ་རྣམས་ཀྱིས་རེ་སྒུག་ཡུན་རིང་བྱེད་པའི་དབྱར་སྐྱིད་འོང་སྐོར་སླེབས། འོང་སྐོར་གྱི་སྐབས་སུ་སྒོ་ཕྱུགས་རྣམས་རྩྭ་ཁར་བརྟོད་ནས་འཚོ་བར་འགྲོ་མི་དགོས་ལ། ཟས་གང་ཞིམ་དང་གོས་གང་ལེགས་གྱོན་རྒྱུ་ཡོད་པས། སྐབས་དེ་ཤེད་ལ་འཚོ་བའི་འགན་འཁྲི་མེད་ཅིང་། བཟའ་རྒྱུ་བཏུང་རྒྱུ་ཁོ་ན་ལས་བསམ་རྒྱུ་མེད་པའི་ང་རང་ཡང་བྱིས་པ་གཞན་དང་འདྲ་བར་དབྱར་སྐྱིད་འོང་སྐོར་ལ་ཧ་ཅང་དགའ་པོ་ཡོད། འོང་སྐོར་ཉིན་གསུམ་རིང་། གཡས་ལ་དཔའ་བོ་བརྒྱ་ཡོད། དཔའ་བོ་བརྒྱ་འཁྲུངས་ཡོད། གཡོན་ལ་དཔའ་མོ་སྟོང་ཡོད། དཔའ་མོ་སྟོང་གི་གླུ་ཡོད། དཔའ་བོ་ལགས་དང་དཔའ་མོ་ལགས……"ཞེས་པའི་ཚིག་ཡང་ནས་བསྐྱར་དུ་དབྱངས་རྟ་ལ་དྲངས་ནས་ཞིང་ཁ་སྐོར་བ་དང་། གཞན་ཡང་རྟ་རྒྱུག་པ་དང་། གཞས་ཆེན་གཏོང་བ་སོགས་འཁྲུག་ཆ་ཧ་ཅང་དོད། དབྱར་གསེང་སྐབས་སུ་བ་རྫིར་འགྲོ་རྒྱུ་ནི་ཕྲུ་གུ་དག་གི་ལས་བྱ་གཙོ་བོ་ཡིན་ཞིང་། ཁོ་བོའང་དེ་ལས་མ་འདས། དབྱར་ཉི་ཚ་བའི་སྐབས་སུ་བ་ཕྱུགས་ཞིང་ཁའི་མུ་ཁར་བཏགས་ཏེ་ཆུ་རྐྱལ་ལ་ཧ་ཅང་དགའ་བ་དང་། འདམ་བག་གི་དཀྱིལ་དུ་འགྲེ་ལྡོག་བརྒྱབ་ནས་རྩེད་མོ་རྩེ་བ། ཚི་དམ་པའི་འདམ་བག་གིས་ཁང་པ་དང་། ནང་ཆས། སྒོ་ཕྱུགས། མོ་ཊ་སོགས་བཟོ་བ་དང་། ཡང་ཚི་དམ་པའི་འདམ་བག་ཡང་ཡང་བརྫིས་ནས་ཀོང་ཀོང་བཟོས་རྗེས་རེས་མོས་ཀྱིས་?་ལ་བརྡབས་ནས་སྒྲོ་འདོན་པ་དང་། ?ལ་བུག་ཆེ་ཆུང་ལ་གཞིགས་ནས་འདམ་བག་གསབ་རེས་བྱེད་པ་སོགས་ནི་ཧ་ཅང་སྤྲོ་སྣང་ལྡན་པའི་རྩེད་མོ་ཤ་སྟག་རེད། སྐབས་དེ་དུས་མ་རབས་པྲ་ཚགས་ཀྱི་བྱིས་པ་བ་རྫི་འགས་ལྐོག་ཏུ་བའི་འོ་མ་འཐུང་བ་དང་། ཆ་ག་པའི་རྐང་པ་ནས་འཇུས་ཏེ་ལྡིང་སྐོར་རྒྱག་གིན་གནམ་གྲུ་ཡིན་ཁུལ་བྱེད་པ། སྦལ་པའི་རྐུབ་ལ་སོག་མས་ཕུ་འདེབས་པ། དོམ་ཁ་བརྒྱད་བཟུང་ནས་འགྱིག་དམ་ནང་བླུགས་ཏེ་འཛིང་མོ་བྱེད་དུ་འཇུག་པ། གང་དུ་སྲན་ཞིང་ཡོད་ན་དེ་རུ་རྐང་འཇབ་ལག་འཇབ་ཀྱིས་བརྒྱུགས་ནས་ཁུག་མ་དང་ཞྭ་མོར་སྲན་མའི་ལྒང་བུ་བྱུར་བུར་བརྒྱངས་ནས་ལྐོག་ཏུ་ཟ་བ་སོགས་བྱེད་ལ། སྤྱང་གྲུང་འཛོམས་པ་འགས་འདབ་ལོ་ཅན་གྱི་ལྕང་གསར་གྱི་ཡལ་ག་མཉེན་པོ་དང་དྲེས་མའི་འདབ་ལོས་ཚ་བ་འགོག་པའི་ཞྭ་མོའི་ཚབ་བྱེད་པ་དང་། ཁུར་མོང་གི་མེ་ཏོག་དང་། སྲན་མའི་མེ་ཏོག པད་ཁའི་མེ་ཏོག་སོགས་རྣ་གཤོག་ལ་བཀོན་ནས་རྒྱན་དུ་ངོམ་པ། སྙེ་གྲའི་རྩེ་ནས་འཐེན་ནས་བཤུས་རྗེས་སྙེ་མ་ལག་པའི་སྙིམ་པར་ཤུགས་ཚད་རན་པོས་བཙིར་གྱིན་བཙིར་གྱིན་ལག་པ་གཅིག་ནས་གཅིག་ལ་འཕྱར་འཕྱར་དང་། དེའི་བར་དུ་ཕུ་བཏབ་སྟེ་ནས་པགས་གཙང་མར་གྱུར་རྗེས་ཟ་བ་སོགས་བྱེད། །སྐབས་དེ་དུས་ཀྱི་ཁུར་མོང་དང་། རྒྱ་ཁུར། ཀེའུ་ཚལ་སོགས་རྩྭ་ངན་གྱི་ཚོད་མ་དང་ཚལ་མོག་གི་བྲོ་བ་དེང་གི་ཟས་སྣ་ཁ་བཅོ་བརྒྱད་ལས་ཀྱང་ཞིམ་པའི་སྣང་བ་ཞིག་འདུག གང་ལྟར་ཕ་ཡུལ་གྱི་དབྱར་ཁའི་སྐྱེད་ཚལ་ན། བརྗོད་ནས་ཚར་ཐབས་མེད་པའི་ངའི་ཆུང་དུས་ཀྱི་རྨི་ལམ་མང་པོ་ཞིག་ཡོད་ཨང་།
སྟོན་ཁ།
ང་རང་སྔར་བཞིན་ཤོག་དཀར་གྱི་སྟེང་དུ་ཆུང་དུས་ཀྱི་དུས་བཞིའི་དྲན་འཆར་རབ་རིབ་ནག་ཆུང་ཡི་གེར་འགོད་བཞིན་པ་ན། མདང་གི་རྨི་ལམ་ནང་གི་སྟོན་ཁའི་དུས་དེ་ཡང་ཤོག་དཀར་གྱི་སྟེང་དུ་ཕབ་འདོད། ལྷིང་འཇགས་ཀྱི་མཚན་མོ་དེར་ང་ལ་གསེར་མདོག་གི་སྟོན་ཁའི་དུས་དེ་རྨིས་བྱུང་། ཕ་ཡུལ་གྱི་སྟོན་ཁ་གསེར་མདོག་ཞུན་མའི་ལྭ་བ་བཀླུབས་པ་དང་གཉིས་སུ་མ་མཆིས་ལ། ལྗོན་ཤིང་གི་འདབ་ལོ་རིམ་བཞིན་སེར་པོར་གྱུར་ནས་ལོ་མའི་སྟེང་དུ་ཁ་སང་གི་ལོ་རྒྱུས། དེ་རིང་གི་ཉིན་ཐོ། སང་ཉིན་གྱི་རེ་བ་དང་ཕུགས་བསམ་དག་ཐིག་རིས་ཀྱི་གཟུགས་སུ་མངོན་པ་དང་འདྲ། སོ་ནམ་པའི་ངོ་འཛུམ་གྱི་རླབས་ཕྲེང་དང་། ངག་ལས་གྱེར་བའི་བཙས་གླུ། སྟངས་སྟབས་མྱུར་བའི་ལུས་ཀྱི་ཡང་ཟོར་ལས་ཁོང་ཚོ་ནི་གཡུལ་ལས་རྒྱལ་བའི་དཔའ་བོ་ཞིག་དང་ཨ་ན་མ་ན་རེད་ལ། ཁོང་རྣམས་ཀྱི་དགའ་འབོད་དང་སྙན་གླུ་ལས་ང་རང་ཡང་ཧ་ཅང་དགའ་བར་གྱུར་པ་དང་། གློ་བུར་དུ་རྐང་དྲུག་བུང་བ་ཞིག་གི་གཟུགས་སུ་གྱུར་ནས་གཤོག་ཟུང་ཅི་དགར་རྩེན་བཞིན་ཞིང་གི་མུ་ཁར་འཕུར། རྒྱང་རིང་གི་མཚམས་ནས་དྲིན་ཆེན་ཕ་ལོ་མ་ལོ་ངལ་བ་དང་ཚ་གདུང་གིས་ཡོངས་སུ་མནར་ཏེ་ཨོག་མ་ནས་རྔུལ་ཆུ་བར་མེད་འཛག་བཞིན་ཡོད་ནའང་། ལས་བྲེལ་གྱིས་འཕྱིད་ཙམ་ཡང་མི་བྱེད་པར་གླུ་ཆུང་དང་ཚགས་སྒྲ་སྡེབས་པའི་སྒྲའི་ཁྲོད་ནས་བཙས་མ་རྔ་བ་ལས། ཁོ་བོར་ཁ་ཡ་ཙམ་ཡང་མི་བྱེད། ཁོ་བོས་སྐད་ཤུགས་ཆེན་པོས་ཇི་ཙམ་བོས་རུང་། ང་རང་ད་ཆ་རྐང་དྲུང་བུང་བ་ཞིག་ཏུ་གྱུར་པས། ཕ་མས་མི་མཐོང་ལ། སྐད་ནི་དེ་བས་ཀྱང་ངོ་། སྐབས་དེ་ཤེད་ལ་དགུང་ཨ་སྔོན་དབྱིངས་སུ་སྤྲིན་ནག་གིས་ཁྲོ་གཉེར་བསྡུས་ཤིང་། གནམ་ས་སྦྲེལ་མཚམས་ནས་གློག་ཞགས་དམར་ཆིམ་ཆིམ་དུ་འཁྱུག་པ་དང་འཇིག་རྟེན་ཧྲིལ་པོ་གས་སྙམ་བྱེད་པའི་འབྲུག་སྒྲ་ཡིས། ང་རང་དངངས་ནས་སླར་ཡང་མ་རབས་པྲ་ཚགས་ཀྱི་བྱིས་པ་སྣབས་ལུད་འཛར་འཛར་དེར་གྱུར། དེ་ཙམ་ལ་ནམ་མཁའ་ནས་དྲག་ཆར་ཤག་ཤག་ཏུ་བབས་ཤིང་། ང་རང་ཆུ་ཉོག་གི་དཀྱིལ་དུ་སྦལ་པ་བླུགས་པའི་འགྱིག་དམ་དེ་ཁྱེར་ནས་འགྲོ་སྐབས། འདམ་ས་འདྲེས་མའི་ཞིང་ཁའི་མུ་ཁར་འདྲེད་བརྡབ་ཤོར་ཏེ་ཡུར་བུར་གན་རྐྱལ་ལོག་ནས་ངུ་སྐད་ཤོར། ངའི་ཨ་མས་ངུ་སྐད་གོ་བས་རྒྱང་ནས་རྒྱུག་ཡོང་སྟེ། རང་ལས་འཚུབ་པ་ཨེ་ཡོད་ཟེར་ནས་མགོ་ལ་བྱིལ་བྱིལ་བྱེད་བཞིན་དུ་ང་རང་ཡུར་བུ་ལས་བསླངས་ཤིང་། གང་སར་ཐོར་བའི་སེ་འབྲུ་དང་སྲན་ལྒང་རེ་རེ་བཞིན་བསྒྲུགས་ཏེ་སླར་ཡང་ངའི་ཁུག་མར་བླུགས། ཆར་དེ་ཡུད་ཙམ་ལ་ཆར་ཐག་ཆད་པ་དང་ང་ཡང་ཨ་མས་འབྱིན་པའི་སྤགས་?ག་དེ་ཟ་གིན་ཟ་གིན་ལོ་ཏོག་གི་ཕོན་ལྕོག་འོག་ཏུ་གཉིད་དུ་གཡུར། རྨི་ལམ་གྱི་ཁྲོད་དུ་ང་དང་མིང་སྲིང་ཚོ་ཞིང་ཁར་སྙེ་མ་སྒྲུག་པ་དང་། ལོ་ཏོག་བཀལ་བའི་ཁལ་མའི་སྟེང་དུ་བཞོན་ནས་མགོ་བོ་ལྕོག་སེ་ལྕོག་གིས་རི་འདབས་ཀྱི་རྐང་ལམ་ཕྲ་མོ་དེར་འགྲོ་བ། བྱ་འཕུར་གློད་པ། འགྱིག་ཁུག་བྲེགས་ནས་བཟོས་པའི་རླུང་འཁོར་བསྐོར་ནས་གང་སར་རྒྱུག་པ་སོགས་རབ་རིབ་དང་གསལ་ལ་མི་གསལ་གྱི་རྨི་ལམ་མགོ་ཡོད་མཇུག་མེད་མང་པོ་ཞིག་རྨིས། མཐར་ང་ཚོ་མིང་སྲིང་ཚོ་ལོ་ཏོག་གི་ཕོན་ལྕོག་འོག་ཏུ་གབ་རེས་ཡིབ་རེས་བྱེད་པ་དང་། ངས་གཅུང་མོའི་མིང་ནས་བོས་ཏེ་གང་སར་འཚོལ་བར་འགྲོ་སྐབས་གཅུང་མོ་ནི་གར་སོང་རྙེད་རྒྱུ་མི་འདུག གཡུལ་ཁའི་ནང་ཕ་མ་དང་། ཡུལ་མི་མང་པོ་མཚན་མོའི་ཟླ་འོད་ཀྱི་འོག་ཏུ་འདྲིས་ཆེ་བའི་གླུ་ཆུང་ལེན་བཞིན་ཆ་འགྲིག་པའི་ཐག……ཐག་གི་སྒྲ་ཁྲོད་ནས་ལོ་ཏོག་ལ་རྒྱ་གཡུག་གིས་རྡུང་བཞིན་འདུག ཐག……ཐག……ང་གཉིད་ལས་སད་སོང་། ང་རང་རང་ཤག་གི་དཔེ་ཁང་ནས་མདང་གི་རབ་རིབ་ཀྱི་རྨི་ལམ་དེ་དྲན་འཆར་གྱི་མེ་ལོང་ངོས་སུ་ཕབ་ནས། བསམ་གཞིག་གི་མདའ་མོ་འཕེན་བཞིན་འདུག དྲན་འཆར་ནང་གི་འབྲས་ལྡན་སྟོན་དུས་ལ་བསམ་གཞིག་གི་སྨྱུག་ཁ་སྒྱུར་བཞིན་འདུག
དགུན་ཁ།
ཨོའོ། དགུན་ཁ་སླེབས་འདུག རྩྭ་རྩི་ཤིང་རྣམས་སྔོ་ལྗང་གི་གྱོན་པ་ཕུད་དེ་གཅེར་བུར་གནས་ཤིང་། བྱ་རྒྱལ་ཁུ་བྱུག་གྲང་ངད་ཀྱི་མནར་གཅོད་མ་བཟོད་པར་མོན་ཡུལ་དུ་འཕུར་ཟིན། གནས་ངེས་མེད་དུ་སྨྱོ་བ་ལྟར་རྒྱུ་བའི་ཐལ་རྡུལ་དང་། གྲང་རླུང་ངར་མོའི་ངུ་སྒྲ། ཆུ་འགྲམ་དུ་མཇུག་མ་ཧྲིལ་ཧྲིལ་གྱིས་ཟས་འཚོལ་བར་བྲེལ་བའི་ཤ་ཁྱི་དག་གི་ཟུག་རྔུས། སྐྱ་ཐེར་ཐེར་གྱི་འཇིན་རྟེན་ན་འཚོ་བའི་མི་རྣམས་ཀྱི་སེམས་པར་སྔར་ལས་ཀྱང་སྐྱོ་ཤས་ཤིག་འཐེན་པར་བྱེད། ཡིན་ནའང་གྲང་ངར་ལ་སྐྱེངས་པ་སྟེར་བའི་ཁང་བྱིའུ་དང་། ཆུ་སྐྱར། ཕོ་རོག ཁྲུང་ཁྲུང་སོགས་སྔར་བཞིན་གསུང་སྙན་སྒྲོག་བཞིན་གང་སར་འཕུར་མ་བབས་ཀྱིས་ལྡིང་བ་ནི་མི་རྣམས་ཀྱི་སྐྱོ་ཤས་ལ་སྐྱིད་ཀྱི་རོལ་དབྱངས་དཀྲོལ་མཁན་གྱི་རོལ་མོ་བ་ཞིག་དང་། དགའ་བའི་སྟངས་སྟབས་གཡོ་མཁན་གྱི་གར་མཁན་མ་ཞིག་དང་ཀུན་ནས་མཚུངས། རི་མཚམས་དང་སྦྲེལ་བའི་ཁོ་བོའི་ཕ་ཡུལ་གྱི་དུད་ཁྱིམ་དག་མདང་གི་ཁ་བས་བཀླུབས་ནས་གསལ་པོ་དེ་ཙམ་མི་མཐོང་ཡང་། སྔོ་ལྷོག་ལྷོག་གི་དུ་བ་དག་རྒྱུ་ཕྱོགས་དང་བསྟུན་ནས་གྱ་མ་གྱུ་ཡིས་ནམ་མཁར་སྙེག་པ་མིག་ལམ་དུ་གསལ་ལེར་འཆར་འོང་། ང་རང་ནི་དགུན་ཁའི་དུས་དེ་ལ་དགའ་སྣང་གི་ཆུ་མོ་འཁྱིལ་བ་ལས་ཁོང་ཁྲོའི་མེ་ལྕེ་འབར་བ་ལྡབ་ཀྱིས་མང་། དེའང་དགུན་ཁའི་དུས་དེས་གསེར་མདོག་གི་ས་གཞི་འདི་བཞིན་སྐྱེ་འགྲོའི་མཐོང་སྣང་ལས་བྲལ་དགོས་བཟོས་པ་དང་། སྒོས་སུ་འཇིག་རྟེན་སེམས་ཅན་ཕོ་མོའི་འཚོ་བ་དེ་ཆེས་གྲང་ངར་དང་རླུང་འཚུབ་ཀྱི་གནས་སུ་བསྐྱལ་བས་ངས་དགུན་དུས་ལ་འཚིག་ཟའི་མདའ་མོ་འཕངས་པ་ལན་གཅིག་ག་ལ་ཡིན། ཆུང་དུས་ཁྱིམ་གྱི་འཚོ་འཚིས་ཞན་ལ། ཕུ་ནུ་མིང་སྲིང་མང་བས་ཨ་མས་བསླས་པའི་བལ་གྱི་རྐང་ཤུབས་རྙིང་ཧྲལ་དེ་དག་ང་ཚོ་གཅེན་གཅུང་ཚོས་ཐེངས་མང་པོར་བརྗེས་ནས་གྱོན་མྱོང་ལ། འགྱིག་ལྷམ་རྩབ་ཧྲལ་གྱི་སྲུབ་ཀ་དང་སྣམ་བུའི་གོས་ཐུང་རྟ་གཤགས་དེ་ནས་གྲང་རླུང་ངར་མོས་ཁོ་བོའི་རྐང་ཆུང་དང་འཕོངས་རྐུབ་ལ་ལན་མང་པོར་བྲབས་མྱོང་། དེ་ལྟར་ནའང་། དེ་སྔའི་གྲང་འཁྱགས་ཀྱི་འཇིག་རྟེན་གང་དེས་ངའི་བྱིས་དུས་ཀྱི་མེ་ཚེའི་སྤྲོ་སྣང་ལ་བར་ཆད་གཏོང་མ་མྱོང་། ངོ་གདོང་གི་དགོད་འཛུམ་ལ་རྫོགས་ཤད་འཐེན་མ་མྱོང་། བློ་རིག་གི་མེ་ལོང་ལ་གས་ཆག་བཟོ་མ་མྱོང་། ཡང་ཅིག་བཤད་ན་ཆུང་དུས་རྩེད་མོ་ཁོ་ན་ལས་བསམ་རྒྱུ་མེད་པའི་བྱིས་པ་བསམ་མེད་དག་ལ་གྲང་འཁྱགས་གི་ཚོར་སྣང་ཆུང་སོང་བ་འདྲ། ལྟོགས་སྐོམ་གྱི་དྲན་པ་བརྗེད་སླ་བ་འདྲ། དཀའ་སྡུག་གི་མཚོ་མོ་སྐམ་སླ་བ་འདྲ། གྲང་ངར་ཆེ་བའི་དགུན་གྱི་ནམ་ཟླ་དེ་གདུག་རྩུབ་ཀྱི་གཤེད་མ་ཞིག་དང་འདྲ་རུང་། རླབས་ཆེན་གྱི་སྙན་ངག་པ་མང་པོས་དགུན་གྱི་དུས་དེ་སྙན་ངག་གི་བརྗོད་བྱ་ལེགས་པོ་ཞིག་ཏུ་བྱེད་པ་དང་། བྱིས་པ་ཚོའི་ཡིད་ཀྱི་མེ་ལོང་ངོས་སུ་དགུན་གྱི་ཁ་བ་འབབ་སྐབས་བརྗོད་མི་ཤེས་པའི་དགའ་སྣང་དང་ཚོར་སྣང་ཞིག་ཡོང་གི་ཡོད། ང་རང་ཡང་བྱིས་པ་གཞན་དང་འདྲ་བར་དགུན་ཁར་ལག་པ་གྲང་ངར་གྱིས་རུས་ཟུག་བརྒྱབ་ཀྱང་གངས་རྩེད་ལ་ཧ་ཅང་དགའ། ཁ་བ་བབས་ཚེ། གངས་ཀྱི་སྟེང་དུ་རྐང་རྗེས་བསྣོལ་མ་བཞག་ནས་ཐོར་ཕྲུག་གི་འཁོར་ལོའི་རྗེས་ཤུལ་བཟོ་བ་དང་། དགྲ་དང་རང་ཕྱོགས་དགར་ནས་ཁྱིམ་མཚེས་ཀྱི་ཕྲུ་གུ་དང་གངས་དམག་འཐབ་པ། གངས་ཀྱི་མི་བཟོས་ནས་?་རིལ་རིལ་གྱིས་མིག་དང་ཁ་སྣའི་ཚབ་བྱེད་པ་དང་དེ་ལ་ཞྭ་མོ་རྙིང་རལ་གཡོག་པ་སོགས་བྱེད། ད་དུང་། འཁྱགས་སྟེང་དུ་?་གཡུགས་ནས་?་དང་འཁྱགས་པ་བརྡར་བའི་སྒྲ་ལ་ཉན་རེས་དང་?་རྒྱང་རིང་ལོད་བལྟ་བ། མཚམས་རེ་འཁྱགས་ཤུར་གློད་དེ་འདྲེད་བརྡབ་ཤོར་ནས་མིག་ལ་སྐར་མ་ཤར། ཀླད་པ་འཁྱོམ། སྐྱུག་པ་སྐྱུག་ཀྱང་། འཁྱགས་ཤུར་གློད་པའི་དགའ་སྣང་ལ་ཉམས་པ་གཏན་ནས་མེད་པར། ཉིན་གཉིས་པར་སྔར་བཞིན་རྩེད་ལ་འགྲོ། དེ་དང་དེ་ལྟ་བུའི་སྤྲོ་སྣང་གིས་དགུན་གྱི་དུས་ལ་བཅོས་མིན་གྱི་དུང་སེམས་ཤིག་ཀྱང་སྐྱེས་འོང་། དུས་བཞིའི་དྲན་འཆར་མགོ་མེད་མཇུག་མེད་མང་པོ་ཞིག་འདི་ལྟར་ཕབ་མཚམས་ལ། ཕྱི་རོལ་ནས་ཁ་བའི་འདབ་མས་བྲོ་གར་འཁྲབ་པ་དང་། དེ་ལ་ཞེད་སྣང་དང་ཕྲག་དོག་གིས་མྱོས་པའི་གྲང་རླུང་དེ་སླར་ཡང་སྒེའུ་ཁུང་དུ་འཛུལ་བས་ང་རང་ཁོག་འདར་དང་བཅས་ལུས་ཀྱི་བ་སྤུ་ཡོངས་གཟེངས་པ་དང་། ད་གཟོད་ཨ་མས་བསླས་པའི་དྲོ་སོབ་སོབ་ཀྱི་བཙུགས་ཕྲུག་དེ་དྲན་ནས་སྨྱུ་གུ་རང་དབང་མེད་པར་ས་རུ་ལྷུངས་སོང་།