གྲོང་ཁྱེར་བཀོད་གཙང་གི་བྱེད་པོ།
མགོ་ནག་སེམས་ཅན་ཀུན་བདེ་བའི་གཉིད་ཀྱི་རྨི་ལམ་གྱི་ཞིང་དུ་རོལ་བའི་དུས་སུ། ཁོ་ཚོས་དམངས་ཕན་གྱི་དམ་བཅའ་བཞག་པ་བཞིན་དྲོད་འཇམ་གྱི་མལ་ལས་ལངས་ནས་རང་ཉིད་ཀྱི་ལས་གནས་སུ་ཐོན།
ཁ་ཉིན་མི་རྣམས་ཀྱིས་ལག་ཞོར་རྩེད་ཞོར་དུ་དབྱུགས་པའི་གད་སྙིགས་ཕུང་གསོག་ཐེབས་པའི་གྲོང་ཁྱེར་ལ་ཕྱགས་བདར་བྱེད་འགོ་བརྩམས། ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་ནས་འཛུམ་ཞལ་ངོམ་པ་དང་གཙང་ཞིང་ཡིད་དུ་འོང་ལ། མཛེས་ཤིང་སྡུག་པའི་གྲོང་ཁྱེར་གྱི་རྣམ་པ་གསར་རྐྱང་ཞིག་མི་རྣམས་ཀྱི་མིག་ངོར་གཤོམ་མཁན་དེ་ནི་གཞན་སུ་ཡང་མ་ཡིན་ཏེ། ཁོ་ཚོ་སྟེ་གྲོང་ཁྱེར་བཀོད་གཙང་གི་བྱེད་པོ། གྲོང་ཁྱེར་ལ་བྱི་དོར་བྱེད་མཁན་གྱི་སྐུ་གཉེར་ཉིད་དོ།།
ཁོ་ཚོས་མེ་ལྟར་ཚ་བའི་དབྱར་གཞུང་གི་དུས་ཚིགས་དང་། ཟུར་དྲུག་ཁ་བའི་མེ་ཏོག་ས་གཞིའི་རྒྱན་དུ་བབས་ཤིང་། བུ་ཡུག་གྲང་ངད་ཀྱིས་གཙེས་ཏེ་རུས་རྐང་ལ་ན་ཟུག་སྦྱིན་པའི་དགུན་དུས། རླུང་དམར་དྲག་པོས་ཁྱེར་ཡོང་བའི་ཐལ་རྡུལ་གྱིས་ས་གཞིའི་བཞིན་རས་སྒྲིབ་པའི་དཔྱིད་དུས། སྔོ་ལྗང་ལྗོན་ཤིང་ཐམས་ཅད་གྲང་ཟུག་གི་མ་བཟོད་པར་ཡལ་འདབ་སེར་པོ་གང་སར་འཐོར་བའི་སྟོན་དུས་བཅས་གནམ་གཤིས་ཀྱི་འགྱུར་ལྡོག་སྣ་ཚོགས་ལ་མི་འཛེམས་པར་ཉིན་གཅིག་ལྟར་རང་ཉིད་ཀྱི་ལས་གནས་བརྟན་སྲུང་གིས་ཡངས་ཤིང་རྒྱ་ཆེ་བའི་གྲོང་ཁྱེར་གྱི་ཁྲོམ་སྲང་གང་སར་སྤྱོད་ཚུལ་ཞན་པའི་སྐྱེ་བོ་དག་གི་ལག་ནས་སྐྱུར་བའི་དྲི་ངན་བྲོ་བའི་གད་སྙིགས་ཀྱི་ཕུང་པོ་མ་ལུས་ལྕགས་སྒམ་གྲུ་བཞིའི་ནང་དུ་འཇུག་པའི་ལས་ལ་བྲེལ།
གཟིགས་དང་། ཉིན་ལྟར་ཞོགས་པ་ལངས་སྔ་ཤོས་ནི་གྲོང་ཁྱེར་ལ་བྱི་དོར་བྱེད་མཁན་གྱི"སྐུ་གཉེར"ཚོ་ཡིན་པ་དང་། ཉིན་གུང་གི་ལྟོ་ཆས་ལམ་ཟུར་དུ་ཟ་མཁན་ཡང་ཁོ་ཚོ་རེད་ལ། དགོང་དྲོ་ལས་ཐག་གྲོལ་ཕྱི་ཤོས་ཀྱང་ཁོ་ཚོ་རེད། ད་དུང་སྤྱི་ཚོགས་སྟེང་གི་ཁྲེལ་དང་ངོ་ཚ་བོར་བའི་སྐྱེ་བོ་ཁ་ཤས་ཀྱིས་ཁོ་ཚོས་བསྒྲུབ་པའི་ལས་ཀའི་འབྲས་བུར་གུས་བཀུར་ཡི་རང་མི་ཞུ་བར་གསང་སྤྱོད་འགྲམ་ལ་ཡོད་ཀྱང་སྐྱག་གཅིན་གང་སར་གཏོང་བའི་གཤིས་ངན་དེས་ཁོ་ཅག་རྣམས་ལ་ལས་འགན་ལྕི་པོ་ཞིག་འཕར་མར་སྤྲོད་བཞིན་མཆིས།
གསན་དང་། ང་ཚོའི་རྣ་བར་ཐོས་འོང་བའི་ཤག་སྒྲ་དེ་ནི་གད་པ་ཚོས་མི་གཙང་བ་ཕྱགས་པའི་སྙན་པའི་སྒྲ་དང་དྲན་སྐུལ་གྱི་ཅོང་བརྡ་རེད།
སོམས་དང་། གྲོང་ཁྱེར་བྱི་དོར་བྱེད་མཁན"སྐུ་གཉེར"གྱི་ལས་འགན་ཤིན་ཏུ་ལྕི་ཡང་། ཁོ་ཚོར་དགོས་པའི་ཐོབ་ཆ་ཤིན་ཏུ་དམའ་པོ་ཡིན། ཡིན་ན་ཡང་། ཁོ་ཚོས་དེ་དག་ལ་བསམ་བློ་གཏོང་ཁོམ་མེད་པར་རང་རང་གི་ལས་གནས་བརྟན་སྲུང་གིས་དབྱར་དགུན་སྟོན་དཔྱིད་དུས་བཞིའི་འགྱུར་ལྡོག་ལ་མ་ལྟོས་པར་མགོ་ནག་སེམས་ཅན་ཀུན་གྱི་བདེ་ཐང་གི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་བྱེད་བཞིན་ཡོད། ཁོ་ཚོའི་དཔུང་ཁག་ནང་དུ་ལས་འཁྱུར་བྱས་པའི་ལས་བྱེད་པ་རྒན་གྲས་ཡོད་ལ་ཕྲུ་གུ་སྐྱེས་མ་ཐག་པའི་ཨ་མ་དང་། ད་དུང་སློབ་
ཕྲུག་གི་ཨ་མ་ཡང་ཡོད་པས། ཁོ་ཚོའི་འཚོ་བ་དང་གཟུགས་གཞི་སོགས་ཀྱི་ཐད་དཀའ་ངལ་གང་འདྲ་ཞིག་ཡོད་པ་སུ་ཡིས་རྟོགས་ནུས། ཡིན་ན་ཡང་། ཁོ་ཚོའི་བཞིན་ལས་དུས་རྟག་ཏུ་འཛུམ་མདངས་ཀྱི་མེ་ཏོག་བཞད་རྒྱུ་ཡོད་ལ། ངག་ལས་སྙན་འཇེབས་ཀྱི་གླུ་སྒྲ་ལྷང་ལྷང་དུ་ཐོས་རྒྱུ་ཡོད། དེ་ནི་ཁོ་ཚོས་འཚོ་བར་འཛིན་པའི་ལྟ་སྟངས་ཤིག་དང་ལས་གནས་ལ་འཛིན་པའི་དགའ་ཞེན་གྱི་བསམ་པ་འབའ་ཞིག་ཀྱང་རེད།
གལ་ཏེ་ང་ཚོ་མགོ་ནག་ཀུན་གྱིས་མི་གཙང་བའི་རིགས་དག་གད་སྙིགས་བླུག་སྣོད་དུ་ཡག་པོ་བསྐྱལ་ན། གལ་ཏེ་ང་ཚོས་རང་གི་ལུས་ལ་གཅེས་པ་བཞིན་གྲོང་ཁྱེར་གྱི་གཙང་སྦྲར་དོ་སྣང་བྱས་ཚེ། གལ་ཏེ་…………ཁོ་ཚོའི་ལས་འགན་ཇེ་ཡང་དུ་གཏོང་ཐུབ་པ་མ་ཟད། ཕྱིའི་ཁོར་ཡུག་གི་རྣམ་པ་གཙང་ཞིང་མཛེས་ལ་ནང་བཅུད་ཀྱི་སེམས་ཅན་བདེ་ཐང་ངང་འཚོ་བར་གྱུར་ངེས་རེད།
སྤྱི་ཚོགས་སྟེང་སྐྱེ་བོ་རེ་འགས་ཁོ་ཚོའི་ལས་གནས་འདི་ནི་འཇིག་རྟེན་འདིའི་ཐོག་གི་ཆེས་ཐ་མལ་བའི་ལས་གནས་ཤིག་རེད་ཅེས་འཕྱ་དམོད་ཀྱི་ཚིག་མདའ་དང་མཐོང་ཆུང་གི་ཟུར་མདའ་འཕེན་བཞིན་ཡོད་མོད། འོན་ཀྱང་ཁོ་བོས་མགྲིན་པ་གཟེངས་སུ་བཏེགས་ནས་དུས་ནམ་ཡང་སྤྱི་ཚོགས་ཐོག་གནས་བབ་ཆེས་དམའ་ས་བཟུང་ཞིང་། ཆེས་དཀའ་ཚེགས་ཆེ་ལ་ཆེས་གཟི་བརྗིད་ལྡན་པའི་གྲོང་ཁྱེར་གད་པའི་བླ་ན་མེད་པའི་མཛད་རྗེས་ལ་སྙིང་དབུས་ནས་སྙན་པའི་ཚིག་གིས་བསྟོད་གླུ་ལེན་ངེས་ཡིན།
བྱམས་བརྩེ་ནི་སློབ་གསོའི་ནང་སྙིང་ཡིན།
-དགེ་རྒན་དུས་ཆེན་ལ་ཆེད་དུ་ཕུལ།
ཆུང་དུས་སུ་མི་མང་པོ་ཞིག་གིས་ང་ལ། ཁྱོད་ལ་ཕུགས་བསམ་ཅི་ཡོད་ཅེས་ཡང་ཡང་དྲིས་མྱོང་། དེ་དུས་ངས་ཁོ་ཚོར་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ངའི་ཕུགས་བསམ་ནི། རང་ཉིད་ཆེན་པོ་ཆགས་རྗེས་མི་དམངས་ཀྱི་དགེ་རྒན་ཞིག་བྱ་རྒྱུ་ཡིན་ཞེས་ལན་བཏབ་མྱོང་། ད་ཆ་ངའི་ཕུགས་བསམ་མངོན་འགྱུར་ཐུབ་སྟེ་ཆེས་གཟི་བརྗིད་ཆེ་བའི་དགེ་རྒན་གྱི་ལས་གནས་འདིའི་ཐོག་སླེབས་ཐུབ་སོང་ལ། ལས་གནས་འདིའི་འགན་འཁྲི་ནི་ཅི་འདྲའི་ལྕི་མོ་ཞིག་ཡིན་པ་ངས་གཞི་ནས་རྟོགས་བྱུང་།
དགེ་བའི་བཤེས་གཉེན་ནི་སྐལ་ལྡན་ཞ་ལུ་སྐྱོང་བའི་དཔྱིད་དུས་ཀྱི་སྦྲང་ཆར་སིལ་མ་དེ་ཡིན་ལ། དགེ་བའི་བཤེས་གཉེན་ནི་སློབ་མའི་སེམས་ཀྱི་སྨག་རུམ་སེལ་བའི་སྣང་གསལ་སྒྲོན་མེ་དང་ཡང་དག་མཚུངས། དགེ་བའི་བཤེས་གཉེན་ནི་མིའི་རིགས་ཀྱི་རྣམ་ཤེས་བཟོ་བསྐྲུན་མཁན་གྱི་དབུ་ཆེན་ཡིན་ཞེས་སྐྱེ་བོ་ཀུན་གྱིས་བསྟོད་ཚིག་གི་མེ་ཏོག་བར་མེད་གཏོར་བཞིན་ཡོད། རེད་ལགས། ང་ཚོའི་འགྲོ་འདུག་སྤྱོད་གསུམ་སོགས་ཚང་མ་སློབ་མའི་ལད་མོ་དང་སློབ་སྦྱོང་བྱ་ཡུལ་དུ་གྱུར་པས། དེ་ལྟར་ལེགས་བཤད་དུ"གང་ཞིག་གསེར་གྱི་རི་ལ་བརྟེན་གྱུར་ན། །དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་གྱུར། །གང་ཞིག་དུག་གི་རི་ལ་བརྟེན་གྱུར་ན། །དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་གྱུར།།"ཞེས་པ་ལྟར་ང་ཚོའི་བྱ་བྱེད་རྣམ་འགྱུར་གྱིས་ཁོ་ཚོའི་མི་ཚེའི་བགྲོད་ལམ་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད།
ང་ཚོའི་དཔུང་ཁག་འདིར་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་མང་དག་ཅིག་ཡོད། ང་ཚོར་དཀའ་སྤྱད་ལས་བརྩོན་དང་། སློབ་མར་རང་གི་བུ་བཞིན་གཅེས་ལ། རང་གི་ཡོད་ཚད་སྐྱེས་སུ་འབུལ་བའི་བླ་མེད་ཀྱི་གཤིས་རྒྱུད་ལྡན་པ་མ་ཟད། ཐ་ན་རང་གི་རིན་ཆེན་ཚེ་སྲོག་ཀྱང་བློས་གཏོང་གནང་བའི་ལོ་རྒྱུས་དངོས་སུ་བྲིས་ཡོད།
ཀྲང་ལི་ལི། འདི་ནི་ཆེས་སྤྱིར་བཏང་གི་མིང་ཞིག་རེད་ལ། དེ་ནི་ཆེས་རང་ག་བའི་དགེ་རྒན་ཞིག་ཡིན། ཡིན་ནའང་། གང་དེའི་མཚན་སྙན་ཀྲུང་གོའི་ས་གཞི་ཆེན་པོའི་ཐོག་གི་མགོ་ནག་སེམས་ཅན་ཀུན་གྱི་སེམས་དབུས་སུ་ནམ་ཡང་?་ལ་རི་མོ་བརྐོས་པ་བཞིན་བརྟན་པོར་གནས་ཡོད།
སྤྱི་ལོ2012ལོའི་ཟླ་བ5པའི་ཚེས8ཀྱི་དགོང་མོའི་ཆུ་ཚོད8དང་སྐར་མ20ཐོག་ཅ་མོ་སི་གྲོང་ཁྱེར་སློབ་འབྲིང་བཞི་པའི་སྒོ་འགྲམ་དུ་སློབ་མ་རྣམས་མཚན་མོའི་རང་སྦྱོང་གྲོལ་ནས་ཁྱིམ་ལ་ལོག་པའི་དུས་ཏེ་དགེ་སློབ་རྣམས་སློབ་གྲྭའི་སྒོ་འགྲམ་དུ་སྒུག་བསྡད་པའི་རླངས་འཁོར་ཐོག་འཛེགས་རྩིས་བྱེད་སྐབས་གློ་བུར་དུ་ཁ་ལོ་བས་གཟབ་གཟབ་མ་བྱས་པར། རླངས་འཁོར་ཁ་བཀག་ཡོ་བྱད་ལ་ལག་པ་འཁེལ་ནས་དེ་མུར་རླངས་འཁོར་དེ་སྨྱོ་བ་ལྟར་ཁ་བཀག་མི་ཐུབ་པར་མདུན་དུ་ཤོར་ཡོང་། དེ་ལྟའི་ཧ་ཅང་ཉེན་ཚབས་ཆེ་བའི་དུས་དེར་ཁོང་གིས་མདུན་གྱི་སློབ་མ་གཉིས་ལ་འབུད་རྒྱག་ཤུགས་ཀྱིས་བརྒྱབ་སྟེ། རང་ཉིད་རླངས་འཁོར་གྱིས་བརྫིས་ནས་ཟུངས་ཁྲག་གི་རྒྱ་མཚོ་སྐྱིལ། ཡིན་ནའང་། གཞན་ཕན་ལྷག་བསམ་དཀར་བའི་ཁོང་གི་སྐུ་སྲོག་གཤིན་རྗེའི་ཕོ་ཉས་འཕྲོག་མ་ཐུབ་ཀྱང་རྐང་པ་གཉིས་ཀ་ཆག་སྟེ་དབང་པོ་སྐྱོན་ཅན་དུ་གྱུར་ནས་སྨན་ཁང་དུ་དྲན་པ་མ་གསོས་པར་ཉིན་མང་པོ་ལུས།
"ངའི་སློབ་མར་སྐྱོན་ཆག་བྱུང་མི་འདུག་གམ"ཞེས་པ་འདི་ནི་ཁོང་སྨན་ཁང་དུ་དྲན་པ་སོས་འཕྲལ་ནག་པང་ཆུང་ཆུང་གི་སྟེང་དུ་བྲིས་པའི་ཚིག་དང་པོ་དེ་རེད།
འདི་ནི་ཅི་འདྲའི་མི་སེམས་ལ་གཡོ་འགུལ་ཐེབས་པའི་ཚིག་འབྲུ་ཞིག་མ་རེད་དམ།
ད་དུང་ཁོང་སྨན་ཁང་དུ་བཞུགས་རིང་སེམས་ནང་སློབ་མ་ཁོ་ན་བསམ་ཞིང་། སློབ་ཐོན་ཡིག་ཚད་ཟིན་གྲབས་ཡོད་ཀྱང་། རང་ཉིད་ཀྱིས་ཁོ་ཚོར་སློབ་ཁྲིད་བྱེད་མ་ཐུབ་པར་ལེ་བདའ་སྟེ་ཏེ། སློབ་མ་ཚོར་དུས་རྒྱུན་དུ་སློབ་སྦྱོང་ཡག་པོ་བྱས་ཏེ། སློབ་ཐོན་ཡིག་ཚད་ཡག་པོ་གཏོང་དགོས་པའི་སྐུལ་མ་ཡང་ཡང་གནང་གི་ཡོད།
དེ་ལྟར་ལང་ཚོའི་དཔལ་གྱིས་སྙེམས་པའི་གཞོན་ནུ་མ་ཞིག་གིས་སློབ་མའི་ཆེད་དུ་རང་གི་རྩ་ཆེའི་སྲོག་ཀྱང་བློས་གཏོང་བའི་མཛད་རྗེས་མི་ཡུལ་ཀྱི་ཞིང་ཁམས་འདིར་རྟག་བརྟན་གྱི་?་རིང་བཞིན་བསླངས་པས། མཚན་མོ་དེར། ཁོང་གིས་སློབ་མ་ཚོར་མི་ཚེའི་ནང་སློབ་ཚན་ཡག་ཤོས་ཤིག་ཁྲིད་ཡོད་ལ། ང་ཚོ་དགེ་མིང་འཛིན་པ་རྣམས་ལ་ཡང་ཆེས་དམིགས་བསལ་གྱི་སློབ་ཚན་ཞིག་ཁྲིད་གནང་ཡོད། དེ་བས་སྐྱེ་བོ་ཀུན་ལ་དགེ་རྒན་ཞེས་པའི་ཚིག་འབྲུ་འདི་ལ་གོ་དོན་ཟབ་ལ་གནད་ལ་འཁེལ་བའི་འགྲེལ་བཤད་ཅིག་བསྐྱོན་གནང་སོང་།
བྱམས་བརྩེ་ནི་དགུན་གྱི་གྲང་ངར་འཇོམ་པའི་ཚ་སོབ་སོབ་ཀྱི་མེ་ཐབ་དེ་ཡིན་ལ། བྱམས་བརྩེ་ནི་དབྱར་གྱི་ཆར་རླུང་འགོག་བྱེད་ཀྱི་ཆར་གདུགས་དེའང་ཡིན།
ང་ཚོས་རང་ཉིད་ཚད་དང་མཐུན་པའི་དགེ་རྒན་ཞིག་བྱེད་དགོས་ན། ངེས་པར་དུ་སེམས་དབུས་ནས་སློབ་མར་བྱམས་དང་བརྩེ་བ་བཅང་དགོས། ང་ཚོ་དགེ་རྒན་ལ་བྱམས་བརྩེ་ལྡན་པས། སློབ་མའི་སེམས་ཁོང་དུ་དུས་ནམ་ཡང་བདེ་སྐྱིད་ཀྱི་དྲོད་འཁོལ་རྙེད་ཐུབ།
ང་རང་ཚིག་རྒྱན་རིག་པར་བྱང་བའི་སྙན་ངག་པ་ཞིག་མིན་པས། ངས་ཚིག་རྒྱན་གྱི་རབ་ཏུ་མཆོར་བའི་སྙན་ངག་གིས་ང་ཚོའི་ལས་རིགས་འདི་ལ་བསྟོད་བསྔགས་བྱ་མི་ཤེས།
ང་རང་གྲེ་གྱུར་སྙན་པའི་གླུ་གཞས་མཁས་ཅན་ཞིག་མིན་པས། ངས་འགྱུར་ཁུག་སྟོང་ལྡན་གྱི་གླུ་དབྱངས་སྙན་མོས་ང་ཚོའི་ལས་རིགས་འདིར་བསྟོད་གླུ་འབུལ་མི་ནུས།
ང་རང་ནི་མི་དམངས་ཀྱི་དགེ་རྒན་དཀྱུས་མ་ཞིག་སྟེ། རང་གི་སློབ་མ་དང་རང་གི་ལས་རིགས་ལ་བརྩེ་བ་དང་དུངས་བ་ཟབ་པས། ངས་རང་གི་མཛེས་སྡུག་གི་ཕུགས་བསམ་དང་མི་རིགས་འདིའི་དར་རྒྱས་ཀྱི་ཆེད་དུ་རང་གི་གདུལ་བྱའི་སློབ་མ་རྣམས་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ་སོགས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱས་ཏེ་རང་གི་ཡོད་ཚད་སྐྱེས་སུ་འབུལ་རྩིས་ཡོད།
ངེད་ཚང་གི་བོང་བུ་རྐྱང་དཀར།
དུས་ཚོད་ཀྱི་ཆུ་མོ་མདུན་ནས་མདུན་དུ་བཞུར་ནས་ལོ་ཟླའི་རྟ་ཕོས་བདག་གི་དཔྲལ་བ་རུ་བྲིས་པའི་རི་མོ་དག་ཇེ་ཟབ་ནས་ཇེ་ཟབ་ཏུ་སོང་ན་ཡང་། དྲན་ཤེས་ཀྱི་ཡོལ་བའི་ངོས་སུ་དུས་ནམ་ཡང་བརྗེད་པར་དཀའ་བ་ནི་ངེད་ཚང་གི་བོང་བུ་རྐྱང་དཀར་དེ་ཡིན།
ང་རང་བྱིས་པའི་དུས་སུ་ངེད་ཚང་གི་འབྱོར་འཁོས་ཞན་པས་ཁྱིམ་ཚང་གཞན་ལྟར་ཅང་ཤེས་རྟ་ཕོ་དང་། སྨུག་ཆུང་དྲེལ། ད་དུང་ཚན་རིག་གི་བྱེད་པོའི་སོར་རྩེ་ལས་ཐོན་པའི་དེང་རབས་ཅན་གྱི་འདྲུད་འཐེན་འཁོར་ལོ་སོགས་ཞིང་ལས་སྐྱེལ་འདྲེན་ཡོ་བྱད་དག་ལ་ལོངས་སུ་སྤྱོད་སྐལ་མེད་སྟབས། བདག་གི་དྲན་འཛིན་དབང་པོའི་ལམ་དུ་གསལ་ལེར་འཆར་བ་ནི་བལྟས་ན་ཀུན་གྱིས་མཐོང་འདོད་ཅིང་། གཤིབ་ན་ཀུན་དང་འགྲོགས་བདེ་བའི་སྤུ་མདོག་ལེགས་ལ་གཤིས་ཀ་འཇམ་པའི་བོང་བུ་རྐྱང་དཀར་དེ་ཡིན།
བོང་བུ་དེ་ངེད་ཚང་དུ་ག་དུས་སླེབས་མིན་ང་ལ་གསལ་ཆ་ཆེར་མེད་མོད། གང་ལྟར་ང་ནི་ཁོ་ལ་ཤིན་ཏུ་དགའ་པོ་ཡོད།
ལོ་ལྟར་དཔྱིད་ཀར་ཁོས་ཞིང་ནང་ས་སྣོན་གསོག་པ་དང་། ལུད་རྫས་སྐྱེལ་འདྲེན་བྱེད་པ། སོན་འབྲུ་སྐྱེལ་བ། ཞིང་ལས་ཡོ་བྱད་གཞན་སྐྱེལ་བ་སོགས་མདོར་ན་སྡུག་ཡུས་དང་ཀུ་ཅོ་མེད་པར་དཔྱིད་འདེབས་སྐབས་ཀྱི་སྐྱེལ་འདྲེན་གྱི་ལས་ཀ་འབོར་ཆེན་ཁོ་གཅིག་པུས་འཐུས་ཤོར་དང་ནར་འགྱངས་མེད་པར་སྦྱིན་བདག་གིས་གང་བསྐུལ་བདེ་བླག་ཏུ་སྒྲུབ་ཀྱི་ཡོད་པ་དང་། སྟོན་ཁར་གསེར་མདོག་གི་ཞིང་ཁ་རབ་ཏུ་སྨིན་ནས་ཁྱིམ་མི་ཚང་མ་ཛ་དྲག་ཆེ་བའི་སྟོན་བསྡུའི་དམག་འཐབ་ནང་ཞུགས་དུས། ཁོ་རང་གིས་ཀྱང་འཐབ་འཛིང་པ་ཞིག་དང་འདྲ་བར་ཐེར་གེའི་ཐོག་བཀལ་བའི་ཚར་མ་ལྗིད་པོ་འཁུར་ཏེ་ནུས་ཤུགས་ཡོད་ཚད་དང་གོམས་སྟབས་སྐྱེན་པོས་ཞིང་ཐང་ནས་གཡུལ་ཁར་དབོར་བའི་ཁ་གྲངས་ནི་སུས་ཀྱང་བགྲང་བར་དཀའ།
ཐེངས་ཤིག ཛ་དྲག་ཆེ་བའི་སྟོན་བསྡུའི་ཚར་མ་དབོར་འདྲེན་སྐབས། ཅི་ཡིན་འདི་ཡིན་མེད་པར་ཁོའི་སུག་པར་སེར་ཁ་གས་ནས་ཐིང་འགྲོས་ཀྱིས་ཚར་མ་བཀལ་བའི་ཐེར་གེ་ལྗིད་པོ་ཤུགས་ཀྱིས་འཐེན་ཏེ་འགྲོ་བའི་ངང་ཚུལ་དེར་ང་རང་ཡ་ང་སྙིང་རྗེ་ཚད་མེད་སྐྱེས་ཏེ། ཐེར་གེའི་གཞོགས་ནས་མཉམ་ཏུ་འཐེན་རོགས་བྱེད་པའི་རྣམ་པ་དེ་ད་ལྟའང་ཁ་སང་གི་འདས་དོན་ཇི་བཞིན་ཡིད་ལ་་ལེར་འཆར་བཞིན་འདུག
སྟོན་དཔྱིད་ཛ་དྲག་ཆེ་བའི་དུས་ཚོད་ཕུད། ཞར་ཞོར་དུ་ཁ་ཁུ་སིམ་པོར་ཅི་ཡང་མི་སྨྲ་བར་ངེད་ཚང་གི་སྐྱེལ་འདྲེན་ལས་ཀ་ཙག་ཙིག་དག་ཁྱེད་ཁོ་ནས་ཕྲག་ཏུ་བཞེས་ཀྱི་ཡོད་ལ། ལྷག་པར་དུ་ངེད་ཚང་གི་ཁང་པ་གསར་རྒྱག་གི་ས་?་མང་ཆེ་བའང་ཁྱེད་ཁོ་ནའི་ངལ་བའི་རྔུལ་ཆུ་དང་བརྗེས་ཏེ་བྱུང་བ་ཞིག་ཡིན་པས། ཁང་གསར་ཉི་མ་དྲོ་མོ་དེ་ལའང་ཁྱེད་ཀྱི་བཀའ་དྲིན་དང་མཛད་རྗེས་ཇི་སྙེད་ཅིག་བཞག་ཡོད་ལགས། བྱས་ཙང་། བདག་གིས་ཁྱེད་ཀྱིས་ངེད་ཚང་གི་ཆེད་དུ་ཕུལ་བའི་ལེགས་སྐྱེས་དག་ཁྲ་ཆུང་མིག་གིས་དངོས་སུ་མཐོང་ཞིང་། ཡ་ཆུང་སེམས་ཀྱིས་ཕུགས་སུ་བཅངས་ནས་ལྐོག་ཏུ་གཟན་ཆག་ཞིམ་པོའི་སྟོན་མོ་ཡང་ཡང་བཤམས་མྱོང་།
རེད་ལགས། ངེད་ཚང་གི་སྐྱིད་སྡུག་དར་རྒུད་དང་། དཔལ་འབྱོར་གྱི་འཕེལ་འགྲིབ་ཁྱེད་དང་སྦྲེལ་ནས་ཡོད་ལ། ངེད་ཚང་གི་ལས་དབང་གི་རྨུ་ཐག་ནམ་ཡང་ཁྱེད་དང་སྦྲེལ་ནས་ཡོད།
ཀྱེ། བཞུད་སྔ་བའི་དྲིན་ཅན། ད་ཆ་ཚན་རིག་གི་ཚན་ཁ་རབ་ཏུ་འབར་ནས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་དུས་འདིར། གལ་སྲིད་ཁྱེད་རང་མི་ཡུལ་འདིར་གསོན་པོར་བཞུགས་ཡོད་ན། ང་ཚོས་ཉི་ཁུག་དྲོ་པོ་ཞིག་ཏུ། སྡོད་ས་སྐྱིད་པོ་ཞིག་ཏུ་ངལ་གསོ་ཡིད་འཚིམ་པ་ཞིག་རྒྱག་ཏུ་བཅུག་ཆོག
ཀྱེ། ངེད་ཚང་གི་ནོར་བུ། གལ་སྲིད་ཁྱེད་རང་མི་ཡུལ་འདིར་གསོན་པོར་བཞུགས་ཡོད་ན། ང་ཚོས་ཁྱེད་ལ་གཟན་ཆག་གང་ཞིམ་གྱི་སྟོན་མོ་བཤམས་ཏེ། སོས་དལ་བག་ཕེབས་ཀྱི་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་དུ་འཇུག་སྲིད།
ཡིན་ན་ཡང་། དགུན་ཐ་མའི་མཚན་མོ་ཞིག་ལ། ཁྱེད་ཀྱིས་ཅི་ཡང་མི་སྨྲ་བར་རྫོང་མཐུག་པའི་སུག་པའི་སེར་ཁ་དང་། གསོས་མེད་པའི་སྒལ་པའི་རྨ་ཁ་བསྣམས་ཏེ་ང་ཚོ་དང་གཏན་དུ་བྲལ་སོང་།
ཁྱེད་ཀྱིས་མི་ཡུལ་འདིར། སྡུག་ཡུས་ཀྱི་ཀུ་ཅོ་དང་ངལ་དུབ་ཀྱི་འཁུན་སྒྲ་མེད་པར་དཀའ་བ་བརྒྱ་ཕྲག་དང་དུ་བླངས་ཤིང་། བདེ་སྐྱིད་ཐམས་ཅད་གཞན་ལ་སྦྱིན་ནས། རང་ཉིད་ལ་ཅི་ཡང་མི་དབང་བར་ཞིང་གཞན་ལ་བཞུད་སོང་།
ཀྱེ། ངེད་ཚང་གི་དྲིན་ཅན། ངེད་ཚང་གི་ནོར་བུ། ལོ་ཟླའི་འཕེལ་འགྲིབ་ཇི་ལྟར་སོང་ན་ཡང་། བདག་གི་སེམས་དབུས་སུ་?་བརྐོས་རི་མོ་ཇི་བཞིན་ནམ་ཡང་ཁྱེད་རང་གནས་སྲིད། ནམ་ཡང་།