མཚོ་སྔོན་འཐུས་མི་ཚོགས་པས་བོད་ཁུལ་གྱི་དགེ་རྒན་སྟོབས་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 03-19


        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། པེ་ཅིན་དུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་བཞིན་པའི་མཚོ་སྔོན་འཐུས་མི་ཚོགས་པས་གོམ་གང་མདུན་སྤོའི་ངང་བོད་ཁུལ་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་དགེ་རྒན་གྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།
        གྲོས་འགོའི་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ནོར་སྲིད་འགྲོ་གྲོན་ཉུང་ཉུང་གིས་དམངས་འཚོའི་ལས་ཀ་ཆེན་པོ་བྱེད་པའི་འདུ་ཤེས་བཟུང་ནས། ཟམ་མི་ཆད་པར་སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བྱ་གཞག་དང་ལྷག་པར་དུ་ཁུལ་དྲུག་གི་བོད་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་ཡོད། འོན་ཀྱང་། མཚོ་སྔོན་གྱི་བོད་ཁུལ་དུ་སློབ་ལོ་མ་ལོན་གོང་གི་སློབ་གསོའི་དགེ་རྒན་དཔུང་ཁག་གི་གྲངས་འབོར་མི་འདང་བ་དང་། ཐོབ་ཆ་ཉུང་བ། དཔུང་ཁག་བརྟན་པོ་མེད་པ་སོགས་མངོན་གསལ་ཆེ་བའི་གནད་དོན་སྔར་བཞིན་གནས་ཡོད་ཅེས་བཀོད་ཡོད་པ་དང་། མཚོ་སྔོན་འཐུས་མི་ཚོགས་པས་ཀྲུང་དབྱང་ནས་བོད་ཁུལ་གྱི་སློབ་ལོ་མ་ལོན་གོང་གི་སློབ་གསོའི་དགེ་རྒན་ལ་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཆེད་དོན་དངུལ་བཏང་ནས་སློབ་ལོ་མ་ལོན་གོང་གི་གནས་སྐབས་གདན་ཞུས་དགེ་རྒན་དང་གཞུང་གཉེར་སློབ་གྲྭའི་དགེ་རྒན་གྱི་ཐོབ་ཆའི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བ་དང་། འབད་བརྩོན་ཆེན་པོས་ལས་ཀ་འདྲ་བ་ལ་ཐོབ་ཆ་འདྲ་བ་མངོན་འགྱུར་ཐུབ་པ་བྱ་རྒྱུ། སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་བོད་ཁུལ་གྱི་དགེ་རྒན་གསོ་སྦྱོང་རྟེན་གཞིར་གཏན་འཁེལ་བྱས་ནས། ལོ་ལྟར་གྱི་སློབ་གྲྭའི་སློབ་མ་བསྡུ་བའི་འཆར་གཞིའི་ནང་རྒྱལ་ཁབ་ཀྱི་གཞུང་གྲོན་དགེ་འོས་སློབ་མ་བསྡུ་བའི་འཆར་གཞི་ཟུར་བཀོད་བྱས་ཏེ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ནས་སློབ་མ་བསྡུ་བ་དང་། སློབ་མ་བསྡུ་བའི་ཐོག་མའི་སྐབས་ནས། བོད་ཁུལ་དུ་ལོག་ནས་ལས་ཞུགས་བྱ་རྒྱུའི་ཁ་ཕྱོགས་གཏན་འཁེལ་བཟོས་ཏེ། བྱང་ཚད་མཐོ་བའི་གཞུང་གྲོན་དགེ་འོས་སློབ་མ་སྔར་ལས་མང་བ་བོད་ཁུལ་གྱི་སློབ་གྲྭར་ལོག་ནས་དགེ་རྒན་བྱ་རྒྱུ་འགན་ལེན་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་གཞུང་གྲོན་དགེ་འོས་སློབ་མའི་གསོ་སྦྱོང་ལས་ཀ་དེ་སྔར་བས་ནུས་ལྡན་དང་། གནད་ལ་འཕིགས་པ། དམིགས་ས་ཡོད་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།


 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1