བྱིས་པ།
བྱིས་པ་མི་མངའ་བའི་བུད་མེད་ནི་ཐུན་མིན་བསྔོ་སྨོན་བཟང་པོས་བྱིན་གྱིས་རླབས་པ་རང་ངོ་།།
ཕྲུ་གུ་ཞིག་གསོ་བར་གནད་འགག་མ་མཆིས་མོད། ཤ་ཚ་འདི་ཡི་སླད་དུ་ཚེ་གཅིག་ལུས་གཅིག་རིང་འཆང་དགོས་པའི་འཁྲེང་སེམས་དེ་ངོ་མ་ཐེག་པར་དཀའ།
ཚེགས་ཆེ་བའི་དོན་གནད་འདྲ་འཕྲད་ཚེ་ཕྲུ་གུར་འདྲི་བར་མཛོད། ཕྲུ་གུས་སྣང་མེད་དུ་སྨྲས་པའི་བསམ་ཚུལ་དག་རྣམ་ཀུན་དྲིས་ལན་གནད་ལ་འཁེལ་ཤོས་དེ་ཡིན། མི་རྒན་པའི་ཆེས་ཐོལ་བྱུང་གི་ལྟ་བ་ཞིག་ནི་ཕྲུ་གུས་ཅི་ཤེས་ཞེས་པ་དེ་ཡིན། དོན་དུ་ཕྲུ་གུ་ཕལ་མོ་ཆེས་རང་ཉིད་ན་ཕྲ་བའི་བྱིས་པ་ཞིག་ཡིན་པའི་སྣང་བ་དེར་དགའ་པོ་མེད། སྣང་ཚུལ་འདི་རིགས་ཀྲུང་གོར་ཅུང་མཐོང་བ་མང་།
ཕྲུ་གུར་གཤེ་གཤེ་འོས་འཚམ་ཞིག་གཏོང་བ་དེས་ཁོ་ཚོའི་སེམས་ནང་དེ་བས་བདེ་འཇགས་ཀྱི་སྣང་བ་ཚོར་ཤས་ཆེ།
་གོའི་བཟའ་ཚོས་བདེ་སྐྱིད་མེད་པའི་གཉེན་སྒྲིག་གི་འཚོ་བ་དེ་རྟ་གཡག་མགོ་སྦྲེལ་གྱིས་འཁྱོལ་གང་ཐུབ་བྱེད། དེའི་རྒྱུ་རྐྱེན་ནི་ཕྲུ་གུའི་ཆེད་དུ་ཡིན། ཡོ་རོབ་དང་མེ་གླིང་གི་ཕ་མས་སྤྲོ་སྣང་བྲལ་བའི་ཁྱོ་ཤུག་གི་འབྲེལ་བ་དེ་རྟ་བསད་གཡུ་བཅག་གིས་ཐག་ཆོད་པར་བྱེད། རྒྱུ་རྐྱེན་ཡང་ཕྲུ་གུའི་སླད་དུ་ཡིན།
ཕྲུ་གུས་རང་ཉིད་ཆུང་ངུ་ཡིན་སྙམ་མི་བྱེད། མི་རྒན་པས་ཆེ་ཆུང་གི་འདུ་ཤེས་བཙན་འགེལ་བྱས་རྐྱེན་ཕྲུ་གུས"དོན་དངོས་དང་ལེན"ཞུ་དགོས་བྱུང་།
བྱིས་པའི་དུས་དེ་དྲན་པའི་ཀློང་ནས་ཕྱིར་མངོན་པའི་ཚེ་ད་གཟོད་དེ་ལྟར་སྐྱིད་སྣང་གིས་ཕྱུག་པ་ཞིག་གོ
སྤྲོ་སྣང་།
ཅུང་སྤྲོ་སྣང་དོད་པའི་མི་ཚེའི་ལྟ་ཚུལ་ཞིག་ནི་མལ་ལས་ལངས་སྐབས་གསར་དུ་འཆར་བའི་ཉིན་མོ་དེར་ཐོབ་ཤོར་གྱི་ཇུས་བཀོད་ཟབ་མོ་དེ་རིགས་མེད་པའོ།།
བློ་ཕམ་ཅི་ཡང་མེད་པའི་སྐྱེ་བོར་སྤྲོ་སྣང་དེ་བས་མང་བ་ཞིག་བསྐྱར་དུ་ཐོབ་པར་དཀའ།
སྤྲོ་སྣང་ནི་ངང་སྒུག་གི་བརྒྱུད་རིམ་ཞིག་ཡིན། "ཡིད་ལས་འདས་པའི་སྤྲོ་སྣང"དེ་རིགས་གློ་བུར་དུ་ཐོབ་ཕྱིན་དོན་དུ་མི་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་རོ།།
བདེ་བ་ཆུང་ངུ་གཞན་ལ་འཆད་སླ་རུང་ངེས་པ་དོན་ལ་གནས་པའི་བདེ་བ་ཆེན་མོ་ནི་སྐྱེ་བོ་གཞན་གྱིས་མྱོང་དུ་འཇུག་པའི་མཐུ་དང་བྲལ་ལོ།།
སྤྲོ་སྣང་དང་སྐྱོ་སྣང་ཀུན་ཀྱང་ཡུལ་པོའི་སྣང་བ་ཞིག་ཡིན།
སྤྲོ་སྣང་ནི་འདྲི་བར་མི་བཟོད་གཉན་པར་མི་ནུས་པའི་གདོན་འདྲེའི་ཆོ་འཕྲུལ་ཞིག་དང་མཚུངས། ཅི་སྟེ་ཐུགས་ཡིད་མི་ཆེས་ན་རང་ཉིད་ལ་ཐེངས་གསུམ་འདྲི་བར་མཛོད་ཤིག ང་རང་སྤྲོ་སྣང་གིས་བརྟས་སམ།
སྤྲོ་སྣང་ནི་རྒྱལ་པོའི་གཟབ་མཆོར་གཞན་ཞིག་ཡིན། ད་ཐེངས་གལ་ཏེ་རྒྱལ་པོས་གོས་དེ་བཀླུབས་ནས་ཁྲོམ་དུ་ཞུགས་ཚེ་ཀུན་གྱིས་ཧབ་ཆ་དིར་དིར་ངང"རྒྱལ་པོ་ཞིག་གིས་དམར་ཧྲེང་དུ་ཕྱི་རུ་ཐོན་ནས་གང་སར་ཕྱིན་སོང"ཞེས་འཕྱ་དམོད་བྱེད་ངེས།
ཁྱེད་ལ་སྤྲོ་སྣང་ཨེ་ཡོད། ཁྱེད་ལ་སྤྲོ་སྣང་ཨེ་ཡོད། ཁྱེད་ལ་སྤྲོ་སྣང་ཨེ་ཡོད། ཚོད་བལྟ་ཞིག་གནང་དང་། ཉིན་ལྟར་བྱི་རིལ་?ག་རེ་ཟོས། དེ་ནས་རང་ཉིད་ལ་འདི་ལྟར་སྨྲོས་ཤིག དེ་རིང་གི་ཉིན་མོ་འདི་ངོ་མ་མངར་བསིལ་ལྡན་པ་ཞིག་འདུག
ལོ་ཟླ།
རང་ཅག་ལོ་ན་སུམ་ཅུར་ཟིན་སྐབས་ཉི་ཤུའི་ལོ་ཚོད་ཡོལ་བར་སེམས་སྡུག་བྱེད། ལྔ་བཅུ་ཁ་རལ་སྐབས་སུམ་ཅུའི་སྐྱེས་སྐར་གྱི་མཚར་སྡུག་ལ་དྲན་གསོ་བྱེད་པར་ཐལ། མི་ལོ་དགུ་བཅུ་གོ་དགུ་སོན་དུས་ཚེ་གང་འདི་ལྟར་བདེ་སྒྲོལ་བྱུང་བར་དགའ་བ་ཁོང་དུ་མི་ཤོང་བར་རྙི་ལས་ཤོར་བའི་རྐུན་པོ་ཞིག་ལྟར་ལྐོག་ཏུ་བགད་མོ་སིག་སིག་འཆོར་ཡང་སྲིད།
འཚོ་བ་དང་དུས་ཚོད་ལ་ཡིད་ཆེས་གནང་དང་། དུས་ཀྱི་ཆུ་བོས་སྐྱོ་གདུང་མ་ལུས་རིང་དུ་འཁྱེར་ནུས།
འཚོ་བས་སྔར་ལས་ལྷག་པའི་སྤྲོ་སྣང་གསར་པ་བསྩོལ་བའི་ངེས་པ་མ་མཆིས།
ཕྲུ་གུས་འཚར་ལོངས་བྱུང་ན་འདོད། ཕོ་གཞོན་ཚོས་སྨ་ར་མྱུར་ཙམ་སྐྱེས་ན་ཅི་མ་རུང་སྙམ། དར་མས་སྐྲ་ཚོས་རྒྱག་པར་དགའ། བགྲེས་སོང་གིས་རང་ལོ་ལ་ངེས་པར་མི་སྤྲོ་བ་ཡིན།
བཙའ་བ་ནི་བསྙོན་དུ་མེད་པའི་གནས་སྐོར་ཐེངས་ཤིག་ལགས། འཆི་བ་ཡང་?ག་ཐོན་གཞན་ཞིག་མ་ཡིན་ནམ།
འཚར་ལོངས་ནི་སྲིན་འབུ་ཤུབས་ལས་ཕྱིར་ཐོན་པ་ལྟ་བུའི་འཕོ་འགྱུར་ཞིག་ཡིན། རྙིང་པ་བོར་ཤུལ་དུ་གསར་པ་ཐོན་འོངས་བ་ནི་བཟློག་ཏུ་མ་མཆིས་པས་འདི་ལ་བཏང་སྙོམས་ཞེས་བྱའོ།།
ནང་སེམས་ཀྱི་འཇིག་རྟེན་དུ་བྱིས་པ་དང་བགྲེས་སོང་གི་ན་རིམ་གཞན་གྱི་སྐབས་སུ་བབས་པའི་མི་དང་བསྡུར་ཚེ་རང་དབང་གིས་ཕྱུག་པ་ཞིག་ཡིན། དེ་ནི་ཁོང་ཚོར་མཚུངས་ཆོས་མངའ་བས་སོ།།
ལོ་ཟླའི་མཛེས་པའི་ཕུལ་དེ་གང་དེའི་བཞུར་རྒྱུན་བཟློག་ཏུ་མེད་པའི་ཆོས་ཉིད་ལ་རགས་ལུས་ཡོད།
དཔྱིད་ཀྱི་མེ་ཏོག་སྟོན་གྱི་ཟླ་བ་དང་། དབྱར་གྱི་ཉི་འོད་དགུན་གྱི་ཁ་བ་ཡང་།
རྨ།
སེམས་སྡུག་ནི་ཇི་ཙམ་མྱོང་ན་དེ་ཙམ་མྱོང་བར་བཟོད་པའི་བྲོ་བ་ཞིག་ཡིན། ཉི་མ་ལོ་ལས་རིང་བའི་མནར་སྡུག་འདི་ལྟ་བུ་ཞིག་བརྒྱུད་མྱོང་མེད་ཚེ་མི་ཚེའི་སྤྲོ་སྣང་གཞན་ཡང་མྱོང་ཐབས་དབེན་ནོ།།
སེམས་སྡུག་ནི་བུ་ལོན་བཞིན་ཐེངས་གཅིག་རང་ལ་འཇལ་ནུས་པ་མ་ཡིན། དེ་ནི་དབང་མེད་དུ་དུས་རིམ་བཞིན་འཇལ་དགོས་པ་ཡིན། མི་ལ་དངུལ་ཡོད་རུང་ཐེངས་འདིར་འཕྲལ་རྩིས་ཐག་ཆོད་པ་ཞིག་རྒྱག་ཐབས་བྲལ།
་རེ་འུ་ཚོས་རང་ཉིད་ལ་ནན་ཙམ་བྱ་དགོས་པ་ལས་རང་གི་ཡ་ང་བའི་སྐྱོ་ཤས་ལང་དུ་གཏོང་ཐལ་ཆེ་མི་རུང་།
སྡུག་གི་ཁུར་ཆེན་ཐེག་ནས་འཚོ་གནས་ཐུབ་པ་ནི་ཤི་མ་གསོན་དུ་ཡིད་མུག་ཏིལ་འབྲུ་ཙམ་དང་ཉིན་རེ་བཞིན་རྩོད་དེ་དུས་འདའ་བ་ལས་མཆོག་གོ།
སྐྱེ་བོ་ལ་ལའི་འཁང་ར་དང་འོ་དོད་ནི་གོམས་ལོབས་སུ་གྱུར་བ་ཞིག་ཡིན། ཁོ་ཚོར་དོ་ཁུར་ནན་མོ་བགྱི་དོན་མེད།
སྐྱོ་སྣང་འདི་དག་སྐྱེ་བོ་འདི་རིགས་ཀྱི་རྣམ་ཀུན་འཚོ་བའི་ལོངས་སྤྱོད་ཅིག་ཡིན།
སྐབས་རེ་ང་ཚོར་ངན་ཁག་དཀྲི་བས་སེམས་སྡུག་ཡོང་གི་ཡོད། འོན་ཏེ་འདི་ནི་རང་སྡུག་རང་གིས་ཉོས་པ་ཞིག་ཡིན་པ་རྟོགས་འདོད་མི་བྱེད། ཕམ་ཉེས་ཀྱིས་མི་ལ་གདུང་བ་སྦྱིན་མོད་ཕམ་ཁའི་འབྱུང་རྐྱེན་སྤྱད་དེ་རང་གི་ཚེ་སྲོག་ཕུན་སུམ་ཚོགས་སུ་གཏོང་མཁན་ཧ་ཅང་དཀོན། དེས་ན་མནར་སྡུག་འདི་ཡང་དོན་གྱིས་སྟོངས་བ་ལགས།
མགོ་བདེ་དྲན་འཕྲུལ་ཅན་དེ་རྣམ་ཀུན་སྤྲོ་སྣང་མི་འཕེལ། ཤེས་རབ་མངའ་བའི་སྐྱེས་བུ་རྒྱུན་དུ་ཞལ་འཛུམ་ལྷང་ངེ་།
སེམས་པ་སྔར་གྱི་གནས་དེ་རང་དུ་ལུས་པ་ཚོར་བ་ནི་ཡིད་མུག་གི་རིན་ཐང་ཆེ་ཤོས་དེ་ཡིན་ངེས།
ལས་བསོད་ཀྱིས་འགྲོ་བ་མི་བྲན་དུ་བཀོལ་གྱི་ཡོད། མིས་ཀྱང་རང་གི་ཚོགས་དང་བསོད་ནམས་ལ་བརྟེན་ནས་ལས་དབང་ལ་ཁ་ལོ་བསྒྱུར་ཐབས་བྱེད་དོ།།
རང་ཉིད།
བདག་ནི་རང་གི་འཚོ་བའི་བྱེད་པོའོ།།
གཞན་གྱི་འཚོ་བའི་ནང་རང་ཅག་ཇི་ལྟར་ནའང་གོ་བརྡ་ཞིག་དང་རྟིང་སྐུལ་ཞིག བློ་སྒོ་ཕྱེ་ཡུལ་ཞིག་དང་ཤ་ཞེན་བཅོས་མ་མིན་པ་ཙམ་ཡིན། རྣམ་འགྱུར་འདི་དག་ལས་གཞན་གྱི་འཚོ་བ་འཁྲུག་ཏུ་འགྲོ་སྲིད་རུང་ཁོ་ཚོའི་ཚེ་སྲོག་གི་ཚབ་བྱ་ཐབས་བྲལ། མི་གཞན་གྱི་གནང་བ་ཐོབ་པའི་དབང་དུ་བཏང་ཡང་འུ་ཚོར་ཚེ་སྲོག་གཞན་ཞིག་གི་ཕྱིར་གསོན་པའི་མཐུ་མ་མཆིས།
རང་ཉིད་ནས་སྒྲུབ་འོས་པའི་བྱ་བ་མཐའ་འཁྱོལ་བྱེད་པ་ནི་བློ་སྤོབས་ཤིག་ཡིན། ལས་འབྲས་འདོར་བའི་བྱ་བ་ཅི་རིགས་ཡེ་ནས་སྤོངས་བའང་བློ་སྤོབས་གཞན་ཞིག་ཡིན་ནོ།།
རང་ལ་གནས་ལུགས་ཁུངས་བཙན་ཡོད་ན་གཞན་གྱི་རེ་འདུན་དང་ལེན་མི་བྱ་བར་ཞེད་དོན་ཅི།
མི་ཞིག་གིས་སྨྲ་སྒོ་ཡངས་པོར་བསྲོངས་ནས་རེ་ཞུ་བྱ་སྐབས་ཁོ་པའི་སེམས་སུ་ལན་མི་འདྲ་བ་གཉིས་ཡོད་པ་ཡིན།
དེས་ན་ལན་ཇི་འདྲ་ཞིག་བཏབ་ཀྱང་ཁོ་པའི་བློ་ཡུལ་ལས་འདས་མི་སྲིད།
སྐྱེ་བོ་གཞན་གྱི་ནོར་འཁྲུལ་གུ་ཡངས་གཏོང་ཚད་མཛངས་སྤྱོད་ཡིན་པའི་ངེས་པ་མེད། རང་གི་ཉེས་པ་རྒྱ་ཡན་དུ་གཏོང་བ་ཡང་ཤིན་ཏུ་འགན་འཁྲི་མི་འཁྱེར་བའི་རྩིང་སྤྱོད་ཞིག་རང་ངོ་།།
རང་ཉིད་ཁོ་ན་ལས་མི་སྙམ་པ་ནི་རང་སངས་རྒྱས་པའོ། །བདག་ཡོངས་སུ་དོར་བ་ཡང་སེམས་ལྡན་གཞན་ཞིག་སྡུག་གིས་མནར་བ་སྟེ་རང་ཉིད་ཡིན་ནོ།།
རང་ཉིད་ལ་ཡ་ང་བ་དང་རང་ཉིད་ལ་ཞེན་ཆགས་པ། རང་སྡུག་རང་མནར། རང་ཆེ་རང་བཙན། རང་དམའ་རང་ཕབ། རང་སར་རང་འདོར། རང་སེམས་རང་རྨས། རང་འཁོན་རང་འགྲས། རང་ཕན་རང་འདོགས། རང་ལས་མི་སྙམ། རང་ཁ་རང་གསོ། རང་ཁེངས་རང་ལོག རང་ལུས་རང་བརྙས་ཐོག་རང་སྲོག་རང་གཅོད་ཐམས་ཅད་རང་གི་དོན་དུའོ།།
རང་བཀོལ་རང་སྤྱོད། རང་སྣང་རང་སྐྱིད། རང་ཐག་རང་ཆོད། རང་སྐྱོར་རང་འདེགས། རང་བློ་རང་མགུ། རང་ཡིད་རང་ཆེས། རང་གཅུན་རང་སྡོམ། རང་དགའ་རང་གཅེས། རང་སྣང་རང་མཐོ། རང་རྟོགས་རང་སད། རང་འཛོལ་རང་བཅོས། རང་ལུས་རང་སྲུང། རང་དབང་རང་བདག་དང་རང་བཞིན་ལྷད་མེད་ཀུན་ཀྱང་རང་ལས་འབྱུང་བའོ།།
ང་ཅི་ཞིག་ཡིན། ང་སུ་ཡིན། ང་ནི་ང་ཉིད་ཡིན་ནམ།
ལས་དབང་ལ་སྤྲོ་སྣང་མཁོ།
དེ་རིང་གི་བྱ་བ་སེམས་ནུས་ཡོད་རྒུས་བསྒྲུབས་ཟིན་པས་གྲུབ་འབྲས་ཇི་ལྟར་ནའང་དགའ་དགའ་སྤྲོ་སྤྲོའི་ངང་གཉིད་ལ་རོལ་འོས།
མི་ཚེའི་གེགས་བར་དུ་མ་འཕྲད་པའི་དུས་གསོན་པོར་གནས་ཕྱིན་སེལ་མི་ཐུབ་པའི་འགལ་རྐྱེན་ཡོད་མི་སྲིད། དུས་ཚོད་དང་ཤེས་རབ་ལ་རགས་ལུས་པ་ཙམ་མོ།།
མི་དང་བྱ་དངོས་གང་རུང་ལ་ཡུན་རིང་ཞེ་འཁོན་བཅངས་མི་རུང་། སེམས་ཁམས་འདི་ལས་དམྱལ་མེས་སྲེག་པ་ལྟ་བུའི་ཟུག་རྔུ་མྱོང་དགོས་པས་ན་འཚེ་བས་མནར་བ་ངོ་མ་དེ་རང་ཉིད་ལས་མེད་དོ།།
རང་ཅག་ད་ཆ་ཇི་ལྟར་གྱུར་བ་ཧ་ལམ་བག་ལ་ཉལ་བའི་བློ་ཕུགས་སུ་འགྱུར་འདོད་པ་དེ་ཡིན། རང་ཅག་ད་ཆ་ཇི་ལྟར་གྱུར་མེད་པ་ཡང་བག་ལ་ཉལ་བའི་བློ་ཕུགས་སུ་འགྱུར་མི་འདོད་པ་དེ་ཁོ་ན་ཡིན་ངེས།
ལྷ་ལ་མི་དམོད་མི་ལ་མི་འཁང་བའི། བློ་བདེ་བག་ཕེབས་ཀྱི་ལས་དབང་དེ་སྐྱིད།
སྐྱོན་གྱིས་མ་སྦགས་སྐྱེ་བོ་རུ། །བཙན་གྱིས་བསྒྱུར་ཐབས་བྱེད་པ་ནི། །མི་ཡི་ལ་རྒྱ་བརྩིས་མཐོང་ལ། །ལྷད་ཞུགས་གཡའ་ཡིས་འགོས་པས་སོ།
དཀྱུས་མ་ནི་ཧ་ཅང་སླ་བ་ཡིན་མོད་དཀྱུས་མའི་བརྟུལ་ཞུགས་སྐྱོང་བར་མོས་པ་ནི་ཤིན་ཏུ་སླ་བ་མ་ཡིན།
ཡིད་མུག་པའི་དོན་ཞིག་ལ་མནོ་བསམ་བཏང་ཚེ་ཧ་ཅང་ལེགས་མོད་མནོ་བསམ་ཡེ་ནས་མི་ཐོངས་ཕྱིན་འཕྲལ་ཐག་ཆོད་པོས་དོན་དེ་བསྐྱུར་བ་བཟང་། བསམ་གཞིག་བྱ་ཡུལ་མེད་ན་དེ་བས་མི་ལེགས་སམ།
ཐལ་ཆེ་བའི་སྤྲོ་སྣང་བྱིས་བློའི་ངང་ཚུལ་དང་མཚུངས་ལ་ངེས་འབྱུང་སྐྱོ་ཤས་ནི་དགོས་མེད་དུ་སྣང་།
དངོས་ཡོད་ལ་གདོང་གཏོད་ཕོད་ན་དཀྱེལ་ཆེ་བག་ཕེབས་ཞེས་བྱ། ཤེས་རབ་ཀྱིས་ཕ་རོལ་དུ་ཕྱིན་པ་ལྟ་བུའོ།།
ལས་དབང་བཟློག་ཐབས་མེད་མོད་ལས་དབང་ལ་བསྟུན་དྲགས་ཚེ་དཔའ་ཞུམ་ངེས། ལས་དབང་བླ་རུ་བཀུར་བར་གཟབ་དགོས་པ་ཡིན། ལས་དབང་ལ་སྤྲོ་སྣང་འཆང་བ་གལ་འགངས་ཆེ། ལས་དབང་སྤྲོ་སྣང་གིས་བསུས་པས་གནས་བཟོད་བདེ།
མི་ཡི་བརྟུལ་ཞུགས་སྐྱོང་དང་དོན་གཉེར་སྐབས། དམན་ས་འཛིན་ཞིང་ལག་ཀྱང་གཤོགས་པ་ན། ད་གཟོད་འགྲོགས་བདེ་གཤིབས་བདེ་ཡོང་བར་གྱུར། དེ་མིན་འཁང་རའི་སྨྲེ་ངག་ལས་གཞན་ཅི།
ཕོ་དང་མོ།
སྐྱེས་པ་ཕལ་ཆེ་བའི་བློ་ཕུགས་སུ་རང་བཀུར་གྱི་འདུ་ཤེས་དང་ངོ་སོ་ལ་ཞེན་ཆགས་ཆེ་བའོ། །སེམས་ཁམས་འདི་རིགས་བྱང་ཆུབ་ཚེ་ཕོ་རྒོད་ཅིག་ལ་བཀོད་པ་གཏོང་དགོས་བྱུང་ཡང་དཀའ་བ་མ་ཡིན།
བུད་མེད་ཀྱིས་ཞེན་ཆགས་བྱ་ཡུལ་གཉིས་ནི་བརྩེ་དུང་དང་དངུལ་ལོར་ཡིན་ཤས་ཆེ།
བུད་མེད་ཕལ་མོ་ཆེས་ནང་སེམས་ཁམས་དང་ཕྱི་དངོས་པོའི་ཕྱོགས་གཉིས་ཀར་སྐྱེས་པ་ཁྱོ་ག་ལས་དམ་པ་དོན་གཉེར་བྱེད་མང་བ་ཡིན།
ཁྱོ་བོ་འདེམ་སྐབས། བུད་མེད་གླེན་མ་ཇི་འདྲ་ཞིག་ཡིན་རུང་ཁོ་མོ་རང་ཉིད་ལ་མངའ་བའི་རྣམ་རིག་ཅིག་ཡོད། སྐྱེས་པ་གྲུང་པོ་ཇི་འདྲ་ཞིག་ཡིན་ཡང་བརྩེ་དུང་གི་ཞགས་སྣེར་ཐེབས་ཕྱིན་གླེན་པར་གྱུར་ངེས།
བུད་མེད་ཀྱི་ཚོར་སྣང་དེ་སྐྱེས་པ་ཁྱོ་གས་བསམ་མནོ་དྲུག་གསུམ་བཅོ་བརྒྱད་གཏོང་བ་ལས་སྐྱེན་པ་ཡོད།
བུད་མེད་ལ་གཏན་ཚིག་མི་མཁོ། སྐྱེས་པར་གནས་ལུགས་ཡོད་རུང་ཁོ་མོ་ཚོར་གསལ་བཤད་ནུས་པའི་མཐུ་དང་བྲལ།
བལྟས་ཚོད་དུ་མེ་ཏོག་གསེང་དང་ཟླ་འོད་འོག ཆར་ཟིམ་ཁྲོད་རྩེད་འཁྱམ་བྱེད་པར་སྤྲོ་བ་ཀུན་བུད་མེད་ཁོ་ན་ལྟར་ཡིན་མོད། དོན་དུ་དབྱིངས་ཞུགས་པའི་ཉམས་འགྱུར་འདི་དག་གི་ལྐོག་ཏུ་བུད་མེད་ཚོའི་ནང་སེམས་ཀྱི་བློ་ཇུས་ཇི་ཙམ་བསྐུངས་ཡོད།
གནམ་འོག་གི་སྐྱེས་པ་ཁྱོ་གས་ཁྱིམ་ཚང་འཚོ་བའི་ནང་བྱིས་པའི་ངང་ཚུལ་ལས་འདའ་ཐུབ་མེད།
གལ་ཏེ་བུད་མེད་ཀྱིས་བྱིས་པ་སྙོར་བའི་ཤ་ཚས་ཕ་དང་ཁྱོ་བོ། ཕུ་ནུ་བྱམས་པས་སྐྱོང་ཚེ་སྐྱེས་པ་ཕལ་ཆེ་བས་བརྩེ་བ་ཟོལ་མེད་ཀྱིས་དྲིན་ལན་གཞལ་བར་ཐེ་ཚོམ་མ་མཆིས། དེ་ལས་ལྡོག་ནས་བུད་མེད་ཀྱིས་ཁྱིམ་ནང"བྱིས་པ་ལོ་ལོན"འདི་ཚོའི་ཁ་གཏད་དུ་འགྲེང་ན་མཐའ་འབྲས་ནི་དཔོག་མི་ཕོད་པ་ཞིག་གོ།
སྐྱེས་པ་འདམ་དང་བུད་མེད་ཆུ་ལྟར་ཡིན། འདམ་མང་ན་ཆུ་ཉོག ཆུ་མང་ན་འདམ་སླ། འཚམ་ཞིང་རན་པོས་འཇིམ་སྐུ་ཆ་ཞིག་བཞེངས་པས་ལྷ་དང་འདྲ་བའི་ཁྱོ་ཤུག་ཟུང་ཞིག་བྱོན།
ཚུལ་འདི་རྣམ་ཀུན་མཐོང་དཀོན་པས་གོང་མ་གནམ་གྱིས་གཅིག་སྔོན་ལ་བསྡུས་ཏེ་སྦར་མཐིལ་དུ་བཞག་ནས་ཡང་སྙིང་ལྷ་ཞེས་པ་ཇི་འདྲ་ཡོད་བལྟ་འདོད་པ་ཡིན།
ཆུང་མར་ཞེད་པའི་སྐྱེས་པས་དོན་ངོ་མར་ག་ལ་ཞེད། ཤ་ཚས་མི་ཐོངས་བ་ནི་རྒྱུ་རྐྱེན་དང་རྙོག་དྲ་ལས་གཡོལ་བའི་ཐབས་དམ་པའོ།།
ཁྱོ་བོར་བརྙས་ཕོད་པའི་ཆུང་མ་དག་གི་ཧམ་ཤེད་ནི་ངོ་མ་བག་མི་ཚ་ཞིང་ཡ་མི་ང་ལ་རྙོག་དྲར་ཡང་མི་འཇིགས།
ཁྱོ་བོས་ཕྱི་རུ་སྤྱི་ཚོགས་ལ་གནོད་པའི་ལས་བགྱི་བ་དང་ཉམ་ཆུང་ཡ་རབས་ལ་བརྙས་པ་ཆུང་མས་ཤེས་ཀྱང་ཐེ་ཇུས་མི་བྱེད། འོན་ཏེ་ཁྱོ་བོས་གབ་མཐུན་ཟུར་མ་བསྟེན་པ་ཤེས་ཚེ་ཆུང་མས་སྲོག་བསྡོས་ཀྱིས་ཁྱོད་ཤི་ང་གསོན་བར་འཛིང་མོ་འགྱེད་ནུས་པ་ཡིན། དེ་ལ་གཉེན་ཉེ་དུར་ལས་འབྲས་མྱོང་དུ་འཇུག་ཅེས་བརྗོད་ན་ཆོག
ཁྱོ་གས་ཐེག་པ་ཆེ་བའི་བུད་མེད་མཐོང་འདོད་མི་བྱེད་པར་དེ་ལས་ལྡོག་སྟེ་སྣང་ཆུང་བྱེད་སྲིད། ཐེག་པ་ཆེ་བའི་ཁྱོ་བོར་ཡང་བུད་མེད་ཚོས་འཇོན་ཐང་མི་འདུག་ཅེས་སྣང་ཆུང་གཅིག་མཚུངས་བྱེད་དོ།།
བུད་མེད་ལ་བསྟུན་ཐབས། ཆུང་མར་ཁ་མཁས་ཚིག་སྙན་འཆད་ཚེ་གཉེན་སྒྲིག་འཚོ་བར་སྤྲོ་སྣང་སྦྱིན་མོད་ཟླ་རེའི་གླ་ཕོགས་ཀྱི་ཁུག་མ་རྩིས་ཕུལ་ཞུ་བ་ལྟ་བུའི་ནུས་པ་མི་ཐོན།
སྐྱེས་པར་བསྟུན་ཐབས། ཁྱོ་བོར་གོས་འཁྲུ་ཟས་བཤམས་བགྱི་ན་གཉེན་སྒྲིག་འཚོ་བ་བདེ་སྐྱིད་ཡོང་བར་ཕན་མོད་རྣམ་ཀུན་ཁ་མཁས་ཚིག་སྙན་ཤོད་པ་ལྟ་བུའི་གོ་མི་ཆོད་པ་ཡིན།
ཁྱིམ་དུ་བུད་མེད་ཀྱི་ལབ་གླེང་རྫོགས་རྒྱུ་མེད་པ་དེ་སྐྱེས་པས་བཟོད་བསྲན་བྱེད་མི་ཐུབ། ཡང་བུད་མེད་ཕ་ཁྱིམ་དུ་ལོག་ཚེ་སྐྱེས་པ་ཚོ་བླ་གྱར་བ་བཞིན་ཅི་བྱེད་འདི་བྱེད་མེད་པར་གྱུར་གྱི་ཡོད།
གཉེན་སྒྲིག་མི་བྱེད་པའི་བུད་མེད་ཉིན་རེ་བཞིན་མང་དུ་འགྲོ་བ་འདིས་ཅི་ཞིག་མཚོན་གྱི་ཡོད། ཆུང་མ་འདས་ཀྱང་མནའ་མ་བསུ་བའི་སྐྱེས་པ་གནའ་ནས་ད་བར་ཡོད་པ་འདིས་ཀྱང་ཅི་ཞིག་མཚོན་གྱི་ཡོད།
བུད་མེད་དང་སྐྱེས་པའི་དབར་གྱི་འཐབ་འཁྲུག་གདོད་མའི་དུས་ནས་དབུ་ཚུགས་པའོ། །བུད་མེད་དང་སྐྱེས་པ་འཐབ་མཚམས་ཆད་ཚེ་གསོན་པོར་བསྡད་ཀྱང་སྙིང་པོ་ཅི།
བུད་མེད་དང་སྐྱེས་པ་ངོ་མ་ཁག་པ་ལ།
དངུལ། དངུལ། དངུལ།
གསེར་དངུལ་ནི་ཤིན་ཏུ་ནས་མཐིལ་རྟོགས་དཀའ་བའི་དངོས་པོ་ཞིག་ཡིན། གང་དེའི་ལྟག་རྒྱབ་ཀྱི་གཏམ་རྒྱུད་བརྩེ་དུང་ལས་མང་བ་ཡོད། དངུལ་གྱིས་དཔའ་བོ་འཆི་རུ་འཇུག དངུལ་གྱིས་བཞིན་བཟང་མ་ཀུན་ཉོ།
བརྩེ་ཞེན་ནི་དོ་ཟླ་བྲལ་བའི་མཐུ་སྟོབས་ཤིག་ཡིན། འཛམ་བུའི་གླིང་གི་མགོ་ནག་མིས་སྟོབས་ཤུགས་འདི་ལྟ་བུར་བསྟེན་ནས་གསེར་དངུལ་བཙལ་བས་གསེར་དངུལ་གྱི་མཐུ་སྟོབས་དེ་ཀུན་ལས་རྣམ་པར་རྒྱལ་ལོ།།
སྤྱི་ཚོགས་སྟེང་གླེང་མང་ཤོས་ནི་དུས་ནམ་ཡང་དངུལ་ཡིན། དངུལ། དངུལ། དངུལ། ཡང་དངུལ་ཡིན།
འཇིག་རྟེན་ཐོག་སྤྲོ་གར་འབྱུང་བར་གསེར་དངུལ་མི་མཁོ། འཇིག་རྟེན་ཐོག་གི་སྐྱོ་གར་ཕལ་ཆེ་བ་གསེར་དངུལ་དང་སྦྲེལ་ནས་ཡོད།
དངུལ་གྱིས་ཉོས་པའི་ཅ་དངོས་ཀྱི་རིན་ཐང་དང་རིན་གོང་དོ་སྙོམས་མ་ཡིན། དེ་བཞིན་བློ་རིག་གིས་སྒྲུབ་པའི་དངུལ་གྱི་རིན་ཐང་དང་རིན་གོང་ཡང་དོ་སྙོམས་མ་ཡིན་ནོ།།
མི་གཞན་ལས་དངུལ་བུན་གཡར་སྐབས་ཕ་རོལ་པོས་གཏོང་ཕོད་ཀྱི་ཕྱག་ཟུང་བསྲིངས་ན་ཅི་མ་རུང་སྙམ། བུ་ལོན་འཇལ་སྐབས་མི་འདོད་ཁྲོ་ཉམས་སྟོན་པ་མང་། རང་གི་དངུལ་ཐ་ན་སྐར་ལི་ཙམ་ཡང་ཁྲག་དང་རྔུལ་ནག་གི་འབྲས་བུ་ཡིན་སྙམ། གཞན་གྱི་དངུལ་ཇི་ལྟར་ནའང་ཧམ་པས་ནག་ཚོང་བརྒྱབ་ནས་འབར་བ་ལྟ་བུར་སྣང་།
དངུལ་གཡར་མཁན་གྱི་སེམས་སུ་གྲོགས་པོ་ཕན་ཚུན་རྒྱུ་ནོར་གྱིས་ཕན་འདོགས་པའི་དགོས་པ་ངོ་མ་འདུག་སྙམ། བུན་བདག་གི་བསམ་པར་གྲོགས་པོའི་དབར་གྱི་རྒྱུ་ནོར་འགྲོ་རྒྱུག་དེར་སྤྲོ་སྣང་མ་མཆིས་སྙམ།
རྒྱུ་ནོར་ལ་ཐོགས་པ་མེད་པའི་འབྱོར་ལྡན་ཞིག་གིས་དབུལ་ཕོངས་ཉམ་ཐག་ལ་དོ་འཁུར་བགྱི་བ་ནི་ངེས་པ་དོན་ལ་གནས་པའི་ཕྱུག་བདག་ཅེས་བྱའོ།།
རྒྱུ་དངུལ་ནི་རྨད་བྱུང་མཛད་བཟང་སྟེ་དེ་ཉིད་འཚོལ་སྒྲུབ་དང་བཀོལ་སྤྱོད་བགྱི་བའི་ཚེ་མངོན་པར་གསལ་ལོ། །རྒྱུ་དངུལ་ནི་གདོན་འདྲེ་གསོན་པོ་སྟེ་དེ་ཡང་འཚོལ་སྒྲུབ་དང་བཀོལ་སྤྱོད་བགྱི་བའི་དུས་རང་གཟུགས་མངོན་པ་ཡིན།
རྒྱུ་དངུལ་ལས་ལྷག་པའི་བཏང་སྙོམས་ཤིག་མེད་དོ། །ཕྱུག་པོར་བདེ་བ་མི་འཕུལ་ལ་དབུལ་པོར་བདེ་བ་མི་སྦྱིན། དབུལ་མིན་ཕྱུག་མིན་ལ་ཡང་བདེ་བ་མི་སྟེར་བ་ཡིན།
བརྩེ་དུང།
འཇིག་རྟེན་ཐོག་བསྐལ་པའི་ཡུན་དང་མཉམ་པའི་བརྩེ་དུང་ཧ་ཅང་དཀོན། ཇི་སྲིད་བར་མི་འགྱུར་གཡུང་དྲུང་ལྟ་བུའི་གཉེན་ཉེ་དུའི་མཛའ་བཤེས་ནི་ཡོད་ངེས་ལགས།
ཕོ་མོའི་བརྩེ་དུང་དེ་ཉེ་དུའི་མཛའ་བཤེས་ལ་འགྱུར་ཕྱིན་གང་དེའི་རྩ་བ་གཞི་ནས་བྱེ་མའི་ཀློང་དུ་ཚུགས་པ་མ་ཡིན་ནོ།།
སྐྱེ་བོ་ལ་ལའི་བརྩེ་དུང་ནི་སྐབས་དེའི"སྣང་བ་གང་དྲན"ཞིག་ཡིན། གཅིག་ཤོས་ཀྱིས་འཆར་སྣང་འདི་རིགས་ཡུན་རིང་གནས་ཐུབ་པའི་བརྩེ་དུང་ཡིན་སྙམ་ན་བྱིས་བློའི་ངང་ཚུལ་རང་ངོ་།།
རང་གི་དྲན་ཤེས་ཉམས་པར་སེམས་ཁྲལ་བྱ་དགོས་མེད། དྲན་ཤེས་ཉམས་པས་འདས་དོན་ཡོད་རྒུ་ཡིད་ལ་ངེས་པ་ལས་བློ་བདེ་བག་ཕེབས་ཡོང་གི་ཡོད།
བརྩེ་དུང་གི་བགྲོད་ལམ་ཐོག དཀྱེལ་ཆེ་བག་ཡངས་སྐྱེ་བོའི་ཁོག་ཏུ་མདའ་ཤོང་མདུང་ཤོང་ནུས་སོ།།
སྐད་ཅིག་མའི་བརྩེ་བ་དངོས་དེ་བཅོས་མ་རེད་ཅེས་དམོད་མི་རུང་། ཡུན་གྱི་བརྩེ་དུང་ཡང་སྐད་ཅིག་ཙམ་ལས་མེད་དོ་མ་དགོངས་ཤིག
བརྩེ་དུང་ཞེས་པ་གལ་ཏེ་གོས་གྱོན་པ་དང་ཟས་བཟའ་བ། དངུལ་གྱི་གྲངས་རྩིས་པ། གཉིད་ཀྱི་བདེ་བར་ཞུགས་པ་སོགས་ཁ་ཡོད་ལག་ཡོད་ཀྱི་འཚོ་བའི་ནང་འཁྱོལ་མེད་ཕྱིན་ཡུན་རིང་གནས་མི་ཐུབ་པ་ཡིན།
སྐབས་རེ་འཚོ་བའི་གོམས་ལོབས་ཤིག་གི་དབང་དུ་ལྷུང་ནས་རང་རེས་སྐྱེས་པ་ཞིག་གམ་བུད་མེད་ཅིག་ལ་བཅངས་བ་དེ་བརྩེ་དུང་ཡིན་ནོ་སྙམ་སྟེ་གོ་འཛོལ་ཡོང་གི་ཡོད།
བརྩེ་དུང་ནི་མེད་ཐབས་མེད་པ་མིན་རུང་གང་དེས་ཕོངས་ཚེ་སེམས་པ་སྟོང་ལྷང་ལྷང་དུ་གྱུར་ངེས། སྟོང་ལྷང་ངེའི་ཉིན་མོ་འཁྱོལ་དཀའ། འཁྱོལ་དཀའ་བ་ཡང་བརྩེ་དུང་ཙམ་གྱིས་ཅི་ལ་ཚད།
བརྩེ་དུང་ནི་སྦྲང་ཆར་སིལ་མ་དང་ཅིས་མི་མཚུངས། གང་དེས་ཕོངས་ཕྱིན་ཐན་པས་གཙེས་པའི་སེམས་ཀྱི་ཞིང་སར་གདབ་པའི་ས་བོན་ཇི་ལྟར་མཐུག་ཀྱང་མྱུ་གུ་འབུད་ཅིང་གསོན་ཤུགས་བརྟས་མི་སྲིད།
བཅོས་མ་མིན་པའི་བརྩེ་དུང་དེ། ལྷ་ཡི་ཕོ་ཉའི་རྣམ་སྤྲུལ་ཡིན། མ་དག་ལས་ཀྱི་སྦྲེལ་ཐག་དེ། བདུད་དང་སྲིན་པོའི་ཀུ་རེ་ཙམ།
ཟོལ་མེད་བརྩེ་ཞེན་འཆང་ཡུལ་གྱི་སྐྱེ་བོ་དེར་མིག་ལོང་བ་དང་ངག་ལྐུགས་པ། རྣ་འོན་པ། ངོ་གདོང་འཚིག་པའམ་ཡན་ལག་ཉམས་པའི་ཆག་སྒོ་ཅི་ཞིག་འཕྲད་ཀྱང་མདོང་གཏོད་ཕོད་ལ་སྔར་བཞིན་ཡང་ན་དེ་བས་བྱམས་བརྩེས་འགྲོགས་སྲིད། གལ་ཏེ་སེམས་སོང་བྱམས་པའི་རྒྱུས་ཡོད"སྐད་སྒྲ"དེ་རྒྱུས་མེད་སྐྱེ་བོའི་སྐད་གདངས་སུ་འགྱུར་ཚེ་དངངས་འདྲོགས་ཀྱིས་ད་ནས་རང་ཉིད་ཀྱང་འོན་པར་གྱུར་འདོད་སྲིད། དེ་མིན་ཞེན་ཆགས་བློ་ཡིས་ཐོངས་ཉེན་ཆེ། གྲེ་བ་འཛེར་མིན་པར་སྐད་སྒྲ་ཡོངས་སུ་འགྱུར་ནས་གཏམ་གླེང་ཆུ་རྒྱུག་རྒྱུག་དེ་རིགས་ལ་གོ་དགོས།
ཨ་ཙི།--ཁག་པ་ལ་ཨང་། བརྩེ་དུང་གི་ཁ་གཏད་དེ་མི་དང་མིའི་དབར་ཡིན་པའི་ངེས་པ་མ་མཆིས།
འགྲོ་བ་མིས་འཇིག་རྟེན་གྱི་བྱ་བར་ཞེན་ཆགས་འཁྲི་བ་མི་ཆོད་ན་བརྩེ་བ་འཆང་ཡུལ་དེ་བྱ་དངོས་ཐོག་ཏུ་འཕོ་བའི་ཉེན་ཡོད།
ཟག་བཅས་ཀུན་ལ་རྣམ་ཤེས་ཡོད་ཟེར་སྲོལ་བཞིན་ཡིད་དབང་འཕྲོག་ནུས་དེ། རིགས་མཐུན་ཁོ་ནའི་ལུས་ཐོག་ཏུ་མངའ་བའི་ངེས་པ་མེད།
བརྩེ་དུང་ནི་དཔོག་དཀའ་བའི་གསང་བ་ཞིག་ཡིན། བརྩེ་དུང་ཐད་ཁ་གཡོར་བའི་སྣང་ཚུལ་ཐོན་སྐབས་ཁ་གཡོར་བ་ནི་ཁ་གཡོར་བ་རང་ངོ་། །སྤྲོ་སྣང་མངོན་གསལ་དུ་སྔར་ནས་ཟད་པའི་རྟགས་ཡིན་པས་ན་སྤང་རིའི་འཇའ་ཚོན་གི་དཔེ་ཟླར་འོས་སོ།།
བརྩེ་དུང་མ་མཆིས་རུང་གཅིག་ཤོས་ཀྱིས་བསྐྱར་དུ་ཐོབ་རེ་བྱེད་པ་ནི་བཤོས་ཟིན་པའི་ཆུ་ཚུར་བསྡུ་འདོད་པ་ལྟར་བླང་དོར་ལ་རྨོངས་པ་ཡིན།
བརྩེ་དུང་ཞེས་པ་བལྟ་བ་མིག་གིས་མི་མཐོང་། རེག་པ་ལག་གིས་མི་ཚོར། དངོས་དངོས་རྗེན་རྗེན་ཁོ་ན་ལས་དང་ལེན་མི་བྱེད་པའི་ཚན་རིག་འཐོམ་པོའི་མིག་ནང་དེ་ལ་གནས་ལུགས་མ་མཆིས། འོན་ཏེ་ཚན་རིག་མཁན་པོ་ཚོས་ཚན་རིག་དང་འགལ་ཞིང་གཏན་ཚིག་དང་མི་མཐུན་པ། བདེན་དུ་མེད་པའི་བྱ་དངོས་འདི་ཉིད་ཀྱི་གསང་བའི་མཐིལ་སྔར་བཞིན་བརྟོལ་མི་ཐུབ།
བརྩེ་དུང་ལ་སྨྲོས་མི་ཤེས་པའི་བྲོ་བ་ཞིག་ལྡན། ཐོག་མའི་ཉམས་སད་བར་གྱི་དམར་ཁྲིད་མཐའ་མའི་ར་རོས་གསུམ་ངོ་མ་མྱོང་རིན་ཡོད། འདི་གསུམ་བརྒྱུད་རྗེས་ད་དུང་རྔམ་འཐུང་བྱ་འདོད་པའི་མི་ཞིག་ཧ་ལམ་ཡོད་མི་སྲིད།
ཞག་གསུམ་སྙིང་སྡུག་བྱིས་པའི་རྩེད་མོ་ལ་ཡང་མི་དོ། བརྩེ་དུང་གི་རོལ་རྩེད་འདི་ལྟ་བུ་གནམ་འོག་སྐྱེ་བོ་ཅོལ་ཆུང་ཁོ་ནས་རྩེན་པར་སྤྲོ། བརྩེ་བ་བློ་ཡིས་མི་ཐོངས་བའི། དཔའ་དང་གདེང་ཞིག་ཡོད་གྱུར་ན། ཁྱོ་ཤུག་གཉེན་སྡེབ་སྟོན་མོ་བཤོམ། དེས་ན་ཕོ་རྒོད་མཛངས་མ་བྱའོ།།
བརྩེ་དུང་ནི་ལྒང་ཕུག་ཁྲ་ཁྲ་ཞིག་ལྟར་ཚོན་མདངས་ཅི་འདྲའི་རྣམ་པར་བཀྲ་ཡང་ཁབ་རྩེ་དལ་བུར་བསྣུན་པ་ཙམ་གྱིས་བ?ལ་འགྲོ་བ་ཡིན།
སྤྲིན་གྱི་རྒྱུ་བ་སྲབ་ལ་རླུང་གི་འཚུབ་མ་ཡང་། ཤང་ཤང་ཆུ་ཕྲན་ཕུ་ནས་མདའ་རུ་བཞུར། ངང་ཚུལ་དེས་ནི་སྐྱེས་བུ་དམ་པའི་ཡ་རབས་འགྲོགས་ལུགས་མཚོན་པ་ཙམ་གྱིས་ག་ལ་ཚད། བརྩེ་དུང་ཡང་དེ་བཞིན་མ་ཡིན་ནམ། ཟོལ་དང་དྲི་ཡིས་མ་སྦགས་ན། མི་ཡུལ་མཐོ་རིས་ཡིན་སྣང་འཆར།
སྐྱེ་བོ་གཞན་གྱིས་རང་ཉིད་གླེན་མ་ཞིག་ལ་བརྩི་བར་ཁོ་མོ་ཧ་ཅང་དགའ། འདི་ལྟར་མི་གཞན་དང་འགྲོགས་བདེ་གཤིབ་བདེ་ཡོང་རྒྱུར་ཕན་པ་ཆེ།
མོས་སྐྱེ་བོ་ག་གེ་མོ་དང་བྱ་བ་ཅི་ཞིག་ལ་ནན་གྱིས་འཇུག་རྒྱུའི་རྟིང་སྐུལ་མི་བྱེད། དོན་དུ་མི་ཚང་མས་རང་གིས་བརྩམས་པའི་བྱ་བར་རྨོངས་ཁུལ་བྱེད་པ་ཙམ་ཡིན།
ངན་པ་རྒྱ་ཡན་དུ་བཏང་ཚེ་མཐའ་འབྲས་ནི་སྐེ་བསྲིངས་རྗེས་དཔུང་པ་བརྡར་བའི་དཔེ་དང་གླེན་པར་བསྔགས་བརྗོད་བྱས་ན་རང་ངོ་རང་གིས་མི་ཆོད་པར་གྱུར་ངེས།
འཇིག་རྟེན་ཐོག་ཆེས་བཏང་སྙོམས་ཀྱི་སྤྲོ་སྣང་ཞིག་ནི་སྤྱང་གྲུང་ཅན་གྱིས་རང་ཆེ་རང་རློམ་བྱེད་པ་དང་གླེན་རྨོངས་ཅན་གྱིས་རང་དམའ་རང་ཕབ་མི་བྱེད།
སྤྱི་ཚོགས་སྟེང་ཆེས་བཏང་སྙོམས་མིན་པའི་འདོད་ཚུལ་ཞིག་ནི་མིག་མདུན་གྱི་སྐྱེ་བོ་རང་སྒེར་ཁོ་ན་ལས་མི་སྙམ་པ། ཡ་རབས་ཀྱི་དྲི་དང་བྲལ་བ། རྣམ་པ་ཀུན་ཏུ་གཞན་ལ་འཚེ་ཞིང་ཁེ་བཟང་འབའ་ཞིག་ལས་བསམ་རྒྱུ་མེད་པ་ཞིག་ལ་སྤྱིར་ན"བྱ་བའི་འཇུག་ལྡོག་མི་ཤེས"པའི་མིའི་རིགས་སུ་འདོད། འོན་ཏེ་ཐུགས་དཀྱེལ་ཆེ་ཞིང་བྱང་ཆུབ་སེམས་དཔའ་ལྟ་བུ་གཞན་ཕན་ལས་ལ་སྤྲོ་བའི་སྐྱེས་བུ་དམ་པ་ཞིག་ཡིན་ཚེ་མི་ཕལ་ཆེ་བས་ཚིག་གཅིག་རང་གིས་འདི་སྐད་སྨྲ་བར་ངེས།--མི་འདི་ལྟོས་ཨཱ། བསྟུན་མཁས་པོ་ཞིག་ཡོད་པ་ཙམ་རེད།
"མི་དཀྱུས་མ"དང"མི་ཆོ་མེད"ནི་ཡེ་ནས་མི་མཚུངས་བའི་མི་ཡི་རིགས་གཉིས་ཡིན། མི་ཆོ་མེད་ཕལ་མོ་ཆེས་རང་ཉིད་ཧ་ཅང་དཀྱུས་མ་ཞིག་ཡིན་པར་རློམ་གྱི་ཡོད།
འཇིགས་སྣང་སྐྱེ་འོས་པའི་མིའི་རིགས་ཤིག་ནི་གཤིས་རྒྱུད་དཔོག་དཀའ་བའི་སྐྱེ་བོ་དེ་རིགས་ཡིན། ཕྱི་གོས་རབ་རིབ་འདི་ཡི་གཤམ་དུ་བསྐུངས་པའི་ནང་སེམས་ཀྱི་མི་གཤིས་དེ་ཡང་སྙིང་ཇི་ལྟ་བུ་ཞིག་ཡིན།
ཁྱིམ་མཚེས་བཟང་པོ་གལ་ཆེ་ལ་སྤུན་མཆེད་བཟང་པོ་ཡང་གལ་ཆེ། སྤུན་མཆེད་གདན་དྲངས་ཏེ་ཁྱིམ་མཚེས་སུ་གྱུར་ཕྱིན་ཁྱིམ་མཚེས་དང་སྤུན་མཆེད་གཉིས་ཀ་དགྲ་ཡར་གྱུར་ཉེན་ཡོད།
དཀར་དམར་བྱུག་རྫས་ཀྱིས་ཕྱིའི་མདངས་རྒྱས་པར་ཕན་རུང་ནང་གི་ཉམས་དོད་དུ་གཏོང་མི་ཐུབ།
་རྒྱུད་ཀྱི་རྒྱུ་ནོར་དང་ཁྱིམ་རྒྱུད་ཀྱི་སློབ་གཅུན་དབར་འབྲེལ་བ་དེ་ཙམ་མ་མཆིས།
ཞི་དུལ་བག་ཕེབས་ཀྱི་ཚུགས་ཀས་ནི་རྫིག་ཉམས་སྟོན་པ་ལས་ཕ་རོལ་པོ་འདུལ་སླ་བ་ཡིན།
མིའི་བརྩེ་སྡང་བདེ་སྡུག་ཀུན་མེ་ཏོག་བཞད་མཐར་རྙིད་པའི་ཆོས་ཉིད་བཞིན། དེ་ལས་འདི་དག་མ་ལུས་བཟློག་ཏུ་མེད་པའི་ནམ་ཟླ་ཞིག་ཏུ་བསྒོམས་ན་བཟང་།
གལ་ཏེ་རང་ཅག་གིས་ཁྱོ་བོ་གྲོགས་པོ་དམ་པར་བརྩི་བ་དང་གྲོགས་པོ་བུ་སྤུན་ལ་བརྩི་བ། བུ་སྤུན་རང་གི་ཡན་ལག་དངོས་སུ་བརྩི་བ། བུ་ཕྲུག་ཕ་མར་བརྩི་བ། ཕ་མ་སྙིང་དང་མཚུངས་པའི་བུ་ཕྲུག་ཏུ་བརྩི་ན་ནི་ཕན་ཚུན་དབར་གྱི་འབྲེལ་བ་ཡང་མིག་མདུན་གྱི་རྣམ་པ་འདི་ལྟ་བུ་ཡིན་མི་སྲིད། འགག་རྩ་ནི་སྐྱེ་བོ་སུ་ཡིས་ར་མགོ་ལུག་སྦྱར་ལྟ་བུའི་གླེན་པ་ཞིག་བྱ་འདོད་དམ།
མི་གཤིས་ཀྱི་ཚོད་བལྟ་སྟོང་ཁ་ལོངས་པ་ཟིན་རུང་སླར་ཕམ་ཁ་ཉོ་ཐེངས་རེར་དམའ་མཐར་ཡང་ཚོད་བལྟ་འདི་ཐེངས་ཤིག་སྒྲུབ་པའི་ཆོད་སེམས་འཆང་ངེས།
བྱིས་པ་བཙའ་སྐབས་སོ་སྐྱེ་ཕལ་པས་བྱིས་པའི་ཕྱིས་འབྱུང་མི་རྟོགས་ཀྱང་རྟེན་འབྲེལ་བཟང་། རྟེན་འབྲེལ་བཟང་ཞེས་ཤོད། མི་ཞིག་འདས་ཚེ་སོ་སྐྱེ་ཕལ་པས་གཤིན་པོའི་བདེ་སྡུག་མི་ཤེས་རུང་སྙིང་རེ་རྗེ། སྙིང་རེ་རྗེ་ཟེར།
སྣང་མེད།
ང་ཡིས་ཞག་ཚིལ་ཆེ་བའི་ཟས་མི་ཟ་ལ་རྒྱགས་ཚད་ཟོས་པར་མི་དགའ། དེས་ན་བདག་གི་ལུས་ཁམས་དྭངས་ཤིང་གཙང་།
ང་ཡིས་རེ་མེད་བལྟོས་མེད་ཀྱི་རྨི་ལམ་མི་རྨིས། དེས་ན་བདག་གི་གཉིད་ཀྱང་ཧ་ཅང་སྐྱིད།
ང་ཡིས་རྒྱས་སྤྲོས་གཟིམ་ཤག་ནང་མི་སྡོད། དེས་ན་བདག་གི་ལྟོ་གོས་འབེལ་བར་གྱུར།
ང་ཡིས་འཇུར་ཏ་རྟིང་ཙོག་ཅན་མི་གྱོན། དེས་ན་བདག་གི་གོམ་སྟབས་བདེ་ཞིང་ཡང་།
ང་ཡིས་དར་བཟོའི་མཆོར་ཆས་མི་བཀླུབས། དེས་ན་བདག་གི་གྱོན་གོས་ནམ་ཡང་གསར་པ་ཡིན།
སྣང་འཇོག
ང་ནི་ཁོམ་དུས་གོམ་སྟབས་བསྒྱུར་བར་དགའ། དེས་ན་བདག་གིས་?ག་པ་ས་རུ་རེག
ང་ནི་བསམ་གཞིགས་བྱེད་པར་སྤྲོ་བ་ཡིན། དེས་ན་ཤེས་བྱར་སྲོག་གི་དབང་པོ་ཞུགས།
ང་ཡིས་དྲན་རྒྱུ་རྒོད་པོ་མི་བྱའོ། །དེས་ན་བདག་གི་བློ་དང་རིག་པ་གསལ།
ང་ཡིས་ཆོ་མེད་འདུ་འཛི་ཀུན་ལས་གཡོལ། དེས་ན་ངོ་སྲུང་ཁ་དན་འཇོག་དོན་མེད།
ང་ཡིས་གཞན་ལ་དོ་འཁུར་བགྱི་བའི་ཚེ། གཟབ་ནན་བསྟེན་པས་བརྩེ་བ་དོན་ཡོད་གྱུར།
ང་ཡིས་འདས་དོན་ཕྱིར་དྲན་བྱ་བའི་དུས། བླང་དོར་ནན་པས་ཁུར་གྱིས་ནོན་མ་གྱུར།
ང་ཡིས་བབ་ཅོལ་གཏམ་ལ་རྣ་མི་གཏོད། དེས་ན་བདག་གི་བློ་དཀྱེལ་ཆེ་བར་གྱུར།
ང་ཡིས་གཞན་ལ་སྤྲོ་སེམས་འཆང་བ་ན། ཚོད་དང་ལྡན་པས་ཐལ་བའི་ཉེས་པ་ཞི།
ང་ཡིས་སྐྱེ་བོ་གཞན་ལ་རེ་ཞུ་ཉུང་། དེས་ན་བདག་གི་གནས་བཟོད་བདེ་བར་གྱུར།
ང་ཡིས་གཞན་ལ་བུ་ལོན་ཆད་མི་འདོད། དེས་ན་རྒྱུན་དུ་ཡིད་སེམས་བདེ་ལ་འཁོད།
གཞན་གྱིས་ང་ཡི་བུ་ལོན་ཆད་དུ་འཇུག དེས་ན་གླེན་མའི་བརྟུལ་ཞུགས་ཁོ་མོས་བསྐྱངས།
ང་ཡིས་དེབ་ཐེར་མཇལ་ཀློག་ཞུས་པ་ཡིས། རང་གི་ཚེ་སྲོག་དོན་སྙིང་ལྡན་པར་གྱུར།
ང་ཡིས་ཁྲ་ཆུང་ཡི་གེ་བྲིས་པ་ཡིས། ངག་གི་སྒོ་མོ་སྡོམ་པའི་རང་དབང་ཐོབ།
ང་ཡིས་སྨྲ་བརྗོད་ལྷུག་པོར་གླེང་བས་ན། པིར་སྨྱུག་ཐོགས་ནས་ཡི་གེ་འབྲི་དགོས་མེད།
ང་ཡིས་རྒྱུ་ནོར་འཕེལ་བའི་ཐབས་ལ་འབད། དེས་ན་རང་གི་ནུས་པ་ཆུད་ཟོས་མི་འགྲོ།
ང་ཡིས་དངུལ་ལོར་ལོངས་སུ་སྤྱད་པ་ཡིས། དངུལ་གྱི་རིན་ཐང་ཁྱད་དུ་འཕགས་པར་གྱུར།
ང་ཡི་སྒྱུ་ལུས་ནད་ཀྱིས་ཟིན་པས་ན། བདེ་ཐང་གནད་ཀྱི་དམ་པ་ཡིན་པ་རྟོགས།
ང་ཡི་འབྱུང་བཞི་བདེ་བའི་གནས་སྐབས་སུ། བག་ཡོད་ཟོན་གྱི་ཆོ་ག་ཉམས་སུ་བླངས།
ང་ཡིས་རྒྱལ་ཁམས་ཀུན་ཏུ་ཉུལ་བ་ཡིས། སྐེ་ལ་འཆིང་ཞགས་ཐེབས་པའི་ཉེར་འཚེ་ཞི།
ང་ཡིས་ལྟོ་གོས་གཏམ་གསུམ་རྙེད་པས་ན། ཕྲ་རགས་ལས་ལ་འཇུག་པའི་སྤོབས་པ་ཐོབ།
ང་ཡིས་ཆས་གོས་བཀླུབས་པས་གྱོན་པ་ཡི། མཛེས་པའི་མཚོན་དོན་སྣ་ཚོགས་ལེགས་པར་གོ
ང་ཡིས་འབྲུ་སྣ་ལྔ་ཡི་ཟས་ཟོས་ཏེ། སྒྱུ་མའི་ལུས་པོ་མུ་མཐུད་བཅུད་ཀྱིས་བསྐྱངས།
ང་ཡི་མིག་ཟུང་མཆི་མས་བཀང་བ་ནི། ཞེན་ཆགས་དང་ནི་བརྩེ་བའི་དབང་གིས་སོ།།
ང་ཡིས་བཞད་བགད་ལྷང་ལྷང་འཆོར་བ་ཡང་། རྒྱུ་དང་རྐྱེན་ལས་མི་བགད་མཐུ་མེད་ལགས།
གལ་ཏེ།
གལ་ཏེ་མིའི་མགོ་སྐྱེས་སྐྲ་ལོ་སྐྱེད་ཚལ་ཡིན་པའི་དབང་དུ་བཏང་ན་དབྱར་དགུན་སྟོན་དཔྱིད་མེ་ཏོག་ཁྲ་ཆིལ་ལེར་བཞད་པའི་ཚུལ་དེ་ཇི་ལྟ་བུ་ཞིག་ཡོད་སྲིད།
གལ་ཏེ་མིའི་སྒྱུ་ལུས་འབྲས་ལྡན་ལྗོན་ཤིང་ཡིན་པའི་དབང་དུ་བཏང་ན་ལུས་ཀྱི་ཆ་ཤས་ཀུན་ལས་འབྲས་བུ་སྣ་ཚོགས་ཀྱི་བཟོ་དབྱིབས་རྙེད་ངེས།
གལ་ཏེ་རྐང་གཉིས་མི་ཡིས་འཕུར་ལྡིང་ཐུབ་ཕྱིན་འཕུར་འདོད་བྱེད་པ་ནི་ལུས་རིད་པའི་མི་དག་ལས་ཡོད་སྲིད་དམ།
གལ་ཏེ་དངུལ་ལོར་བཙལ་མི་དགོས་པར་ལྟོ་ཆས་ཟ་རྒྱུ་ཞིག་ཡོད་ཚེ་འཛམ་བུའི་གླིང་གི་མིའི་འཚོ་གནས་ལ་སྙིང་པོ་ཅི།
ཅི་སྟེ་མ་ཡུམ་གྱིས་ཁུ་བ་གར་པོ་སྔོ་ནག་ཕོར་གང་བསྐོལ་ན་འཐུང་ངམ་མི་འཐུང་།
གལ་ཏེ་བྱིས་པ་དམར་འབྱར་པད་ཚལ་སྦྲིབས་ནས་འཚར་ཞིང་བཙས་ན་ཞིང་སྨན་བཏབ་ནུས་སམ་མི་ནུས།
མི་དང་དུད་འགྲོ་གཏམ་གླེང་རུང་ན་ངག་སྡོམ་མཁན་དེ་དུད་འགྲོ་ཡིན་པར་ངེས།
གལ་ཏེ་མིའི་རྐང་མཐིལ་ལས་རྩ་བ་ཚུགས་ཤིང་རྩི་ཤིང་གང་སར་འགྲོ་འོང་བགྱི་ནུས་ཚེ། སྲོག་སྐྱོབ་རོགས་ཞེས་པ་དེ་ཧ་ལམ་རྣ་བར་ལྷུང་བའི་སྐད་སྒྲ་གཅིག་པུ་ཡིན་ངེས།
མགོ་ནག་མི་ཡིས་གཏམ་གླེང་མ་ཉིད། ཚིག་འབྲུ་རེ་རེ་མེ་ཏོག་སོས་པ་རེ་རེར་གྱུར་ནས་སྨྲ་སྒོ་ལས་འཕུར་འོངས་ཚེ། ཁྱེད་ཀྱིས་ཁྲོམ་སྟེགས་ཐོག་འགྲེམ་པའི་མེ་ཏོག་དེ་གང་ཡིན།
གལ་ཏེ་མིག་གི་དབང་པོས་འདས་དང་མ་འོངས་རིག་ཐུབ་ཕྱིན་ཁོ་མོས་བལྟ་ཕོད་པ་ནི"ཤིང་རྟས་གྲོང་ཁྱེར་བཅོམ་པ"ཞེས་པ་དེ་ཁོ་ན་ཡིན་ངེས།
གལ་ཏེ་རྨི་ལམ་མངོན་སུམ་དུ་གྱུར་ཕྱིན་གཉིད་མི་ཕོད་པའི་སྐྱེ་བོ་ཧ་ཅང་མང་པོ་ཡོད་སྲིད།
གལ་ཏེ་འགྲོ་བ་མིའི་བྱད་བཞིན་གཅིག་མཚུངས་ཡིན་ཚེ་ཆས་གོས་ཇུས་འགོད་མཁས་ཅན་དགོས་མཁོ་ཆེ་ཤོས་ཡིན་ཤས་ཆེ།
གལ་ཏེ་དུས་ཀྱི་ཆོས་ཉིད་བཟློག་ཏུ་ཡོད་ཚེ་བགྲེས་སོང་དངངས་ཤིང་འདྲོགས་ལ་བྱིས་པ་དེ་བས་དངངས་ཤིང་འདྲོགས་ངེས།
གལ་ཏེ་མི་ཡིས་གོ་ལ་ཅི་རིགས་སུ་འཕུར་སྐྱོད་བྱེད་ཆོག་ཚེ། ཁོ་མོས་གུས་ཞབས་ཆེན་པོས་སྔོན་ལ་མི་གཞན་གཟིགས་སྐོར་སྐྱོད་དུ་འཇུག་ངེས་ཡིན།
གལ་ཏེ་སྤྲིན་དཀར་མལ་གོས་སུ་་རུང་ཚེ་གཞའ་འགོག་འཕྲུལ་ཆས་བྲིན་ཁ་དེ་བས་རྒྱུག་པ་ཡོང་།
གལ་ཏེ་མིས་གྱང་མཐུག་པོ་བརྟོལ་ནས་ཐོན་ནུས་ཚེ་ཁོ་མོས་ནང་དུ་མ་ཞུགས་པ་ལེགས།
གལ་ཏེ་ཆར་རྒྱུན་འཕྲལ་མར་འཁྱག་ནས་ཕིང་གི་སྲད་བུར་གྱུར་ཚེ། དབྱར་ཁ་ཐན་པས་ཉེན་སྐབས་གནམ་གྲུས་ཕིང་གི་ཁུ་བ་ཕོབ་ནས་ཞིང་ཐང་བརླན་པས་ཆོག
གལ་ཏེ་མིའི་བློ་ཡུལ་གྱི་འཆར་སྒོ་ཐ་དག་གློག་རླབས་འཁྱུད་པ་བཞིན་གྱུར་ནས་ཀུན་གྱི་གསང་བ་ཕྱི་རུ་གྱར་ན། ཁོ་མོས་སེམས་ཆུང་ངང་མནོ་བསམ་ཡེ་ནས་མི་གཏོང་བར་ངེས།
འཛམ་བུའི་གླིང་དུ་བྱེད་སྒོ་ཐམས་ཅད་ཟླ་བ་གསུམ་རིང་སྤེལ་མཚམས་འཇོག་རྒྱུར་གྲོས་འཆམ་ནས་ཧང་སངས་དགོས་པའི་དོན་ཅི་ཞིག་ལྷགས་པར་ལྟོས་དང་། གང་ཡང་ལྷགས་མི་སྲིད།
མདུན་དུ་འཁོད་མ་ཐག་སེམས་དང་ལུས་པོ་སོ་སོར་འཕྲལ་ནུས་པའི་འཕྲུལ་ཆས་ཤིག་སུ་ཡིས་གཏོད་དམ། དེ་མིན་གང་སར"བསྡུ་ལེན་འཕྲུལ་འཁོར"བསྒར་ནས་སྒྲིག་ཙམ་བྱས་མ་ཐག་སྔར་གྱི་མི་དེ་སླར་གསོས་བྱུང་། ཡུལ་སྐོར་ཚན་པས་འཆར་སྒོ་འདི་ལ་དགའ་བསུ་ཆེ་ཤོས་བྱེད་སྲིད།
ཁྱེད་ཀྱིས་རང་ཁྱིམ་གྱི་རྩེད་ཆས་བྱིས་པས་མཚན་མོ་ཕྱི་རོལ་དུ་ཞབས་བྲོ་འཁྲབ་པར་སྐྱོད་མི་སྲིད་སྙམ་མམ། ཐུགས་ཡིད་ཆེས་ན་ཁོ་ཚོའི་ལྷམ་མཐིལ་ལ་གཟིགས་ཙམ་གནང་དང་།
ཁྱེད་ནས་རང་ཁྱིམ་གྱི་རྩེད་ཆས་བྱིས་པས་ནུབ་མོ་ཕྱིར་ཐོན་ཏེ་ལྐོག་རྔན་ཟོས་མི་སྲིད་སྙམ་མམ།
ཐུགས་ཡིད་མ་ཆེས་ན་ཁོ་ཚོའི་གྲོད་པ་བསྔོག་ནས་གཟིགས་ཙམ་གནང་དང་།
སྐྱེས་བསུ་ཁང་གི་བཙས་མ་ཐག་པའི་བྱིས་པས་རྒན་པོའི་འཛེར་སྐད་ཐོག་ནས་སྐྱེ་བ་སྔ་ཕྱི་གླེང་ཚེ།
ཁང་པ་འདི་རུ་གླ་ཆ་ག་ཚོད་བྱིན་ན་ཁྱོད་ཀྱིས་འཇིབ་རུ་བསྣུན་པར་སྐྱོད་ཕོད་དམ།
མི་ཀུན་འཆི་བར་ཞེད། འོན་ཏེ་མི་ཉིད་དུས་ནམ་ཡང་འཆི་རུ་མི་འཇུག་ན་ཁྱོད་ཞེད་དམ་མི་ཞེད།
ཁྱེད་ནས་ཤིང་མིའི་འཁྲབ་ཚན་གཟིགས་རྒྱུར་མཉེས་པོ་ཡོད་པ་རང་ཉིད་ཁོ་ན་ཡིན་སྙམ་མམ། ཁྱེད་ནས་གོང་མ་གནམ་གྱིས་རོལ་རྩེད་ཅི་ཞིག་རྩེ་བཞིན་ཡོད་དགོངས་སམ།
གལ་ཏེ་མཐའ་ཡས་ཆུ་གཏེར་ཁྲག་དང་མཚུངས་ཤིང་ཁྲག་གི་བཞུར་རྒྱུན་སྣག་ཚ་བཞིན། སྣ་ཆུ་གཡང་ཏྲི་བཞིན། མཆི་མ་སྤོས་ཤེལ་བཞིན། ནམ་མཁའ་རྫ་རི་བཞིན་ཡོད་པ་དང་ཐང་གཤོངས་ཀུན་སྦྲུལ་གྱིས་ཁེངས་ནས་གྱ་གྱུར་རྒྱུ་ཚེ། ཁྱོད་རང་གོ་ལ་གཞན་ཞིག་ཏུ་སྐྱོད་དམ་མི་སྐྱོད།
ལེ་ཚན་འདིས་ཁྱེད་ལ་འཇིགས་སྣང་བྱུང་ན་ལེ་ཚན་འོག་མས་ཁྱེད་སྐྲག་དུ་མི་འཇུག་གོ།
གྲོགས་པོ།
གྲོགས་པོ་ནི་ཕ་སྤུན་དང་ཉེ་དུའི་འབྲེལ་བ་ལས་འདས་པའི་མི་དང་མིའི་འབར་གྱི་འབྲེལ་བ་ཞིག་ཡིན། གྲོགས་པོ་མཉམ་འཆི་མཉམ་གསོན་བྱ་འོས་པའི་སེམས་ཁམས་ནི་ཐ་སྙད་འདི་ཉིད་ལ་སྐྱེ་བོས་གོ་འཛོལ་བྱུང་བའི་རྟགས་ཡིན།
རང་མོས་ཀྱིས་གདམ་ག་བྱ་རྒྱུ་ཡོད་པ་དེ་གྲོགས་པོའི་དགེ་མཚན་ཞིག་ཡིན། ལ་ལ་ལས་དང་འགྲོགས་ནས་སླེབས་འོངས། ལ་ལ་ལས་འཕྲོས་དེད་ནས་ཆས་ཡོང་། དེ་བས་ངོ་མཚར་ཆེ་བ་ནི་གྲོགས་པོ་འདུས་ཚེ་འགྲོགས་ཆོག་རུང་འཐོར་ཚེ་སླར་ཡང་འཛོམས་པའི་དུས་ཤིག་དཀོན་པའོ། །དེ་ལྟར་མིན་ན་གྲོགས་པོ་འཚོལ་ཕོད་མཁན་སུ་ཡོད།
གྲོགས་མཆེད་དུ་མ་མངའ་བ་བསོད་ནམས་ཡིན་མ་དགོངས་ཤིག བསོད་ནམས་གྲོགས་ལས་ཐོབ་གྱུར་ཕྱིན་ཁྱེད་རང་གང་ལ་བརྩི་དགོས་སམ།
ཡུན་ཐུང་བློས་ཐུབ་གྲོགས་དེ་ནི། ཡུན་ཐུང་དབང་གིས་དཀོན་པའི་མཆོག ཡུན་རིང་དུས་ཀྱིས་ཉམས་སད་ཕྱིན། བློས་ཐུབ་གྲོགས་ཤིག་སྲིད་ན་དཀོན།
གྲོགས་པོ་ཡང་དཔེ་དེབ་ཇི་བཞིན་རིགས་སུ་དགར་དགོས་པ་ལགས། དཔེ་ཁྲིའི་ཐོག་ཁག་བགོས་ཀྱིས་འཇོག་གལ་ཆེ། ཉ་ཉུང་མཉམ་དུ་བསྲེས་ན་བྲེལ་འཚུབ་ངང་ལེན་སྐབས་ནོར་འཛོལ་ཡོང་གི་ཡོད།
གྲོགས་པོའི་བར་གྱི་མཛའ་བཤེས་ནི་འདང་བརྩེ་ངོ་མཚར་ཅན་ཞིག་ཡིན། ག་ཡོང་ཆ་མེད་ལ་རྒྱ་ཟབ།
ལས་སྐལ་ཟད་ཚེ་རྒྱུས་མེད་གྱུར།
ངོ་ཤེས་གྲོགས་པོར་ཧ་ཅང་བསྒམ་ནན་བགྱི་དོན་མ་མཆིས། སེམས་ནད་ཡིད་ཀྱི་བཀོད་པར་ཉོན།
ཡིད་དུ་མི་འཐད་ཞེན་ཆགས་ཆུང་། ཞེན་ཆགས་ཆུང་བས་འཕྲད་པ་དཀོན།
གྲོགས་པོ་ཇི་ལྟར་དུངས་ན་ཡང་། བག་ཡོད་ཚུལ་དང་ལྡན་པར་བྱ། རང་སྣང་འདྲིས་པར་རློམ་གྱུར་ཚེ། ལྡོག་སྟེ་འཁོན་འགྲས་ཟུག་པ་མང་།
གྲོགས་པོའི་ལ་རྒྱ། འགག་རྩ་ནི་ལ་རྒྱ་ཞེས་པའི་ཡིག་འབྲུ་དེའི་གོ་དོན་བརྗོད་ཀྱིས་མི་ལང་།
གྲོགས་པོའི་ལ་རྒྱ་ནི་ཡུལ་དང་དུས་ངེས་ཅན་ལ་དབང་བ་ཡིན། བྱིས་དུས་ཀྱི་རྩེད་རོགས་ཡུན་རིང་བྲལ་ཏེ་སླར་མཇལ་སྐབས་མཛའ་བཤེས་ཀྱང་ཕྱིར་དྲན་ཀློང་གི་གཡར་དམ་ཙམ་ལགས།
ངོ་འཕྲད་དུས་སུ་སྔར་སོང་གླེང་བ་ཕུད་གཏམ་གཞན་ཞིག་ཤོད་རྒྱུ་རྙེད་དཀའ།
གྲོགས་པོའི་དབར་ཁེ་གྱོང་ལ་ཐུག་མེད་ཕྱིན་ནམ་ཕུགས་བརྟན་ཤོས་ཡིན། ཁེ་གྱོང་གི་ལྗོན་པར་ལ་རྒྱའི་འབྲས་བུ་སྨིན་པ་ཆེས་ཉུང་། དེ་བས་དགྲ་ཁ་གཏད་དུ་གྱུར་བ་ཤིན་ཏུ་མང་ངོ་།།
གྲོགས་པོ་ཕན་ཚུན་རམ་འདེགས་བགྱི་བ་དང་། ཕན་འདོགས་མི་ཆོས་གཙང་མ་སྐྱོང་བ་རིགས། ཐལ་དྲགས་པ་ཡི་འདུན་མ་བཅོལ་བ་ནི། གྲོགས་པོ་དམ་པ་སྤོང་བའི་ལམ་གྱི་མཆོག
ངག་རྒྱུན་དུ་ཁ་བའི་ཁྲོད་དུ་སོལ་མེ་སྐྱེལ། སེམས་གསོའི་སྟོང་གཏམ་ཙམ་མ་ཡིན་པར་སོལ་མེ་དངོས་སུ་སྐྱེལ་བ་ནི་ལེགས་མོད་སོལ་བར་རིན་གོང་དམའ་ཡང་བྱིན་མི་ངོ་མ་དཀོན། གྲོགས་པོར་ཤིན་ཏུ་མཁོ་བ་དེ་སོལ་བ་མིན་པའི་སྐབས་སུ་སེམས་པའི་མཚོན་བྱེད་རྩ་ཆེ་ལ་བསམ་པ་ཙམ་གྱིས་རྟོགས་ནུས།
གྲོགས་མཆེད་བརྟེན་པར་འཚབ་འཚུབ་འདོར་བ་གལ། བྲེལ་གྱིས་བཙལ་བའི་གྲོགས་དེ་བྲེལ་གྱིས་གྱེས། གྲོགས་པོ་འདེམ་ཚེ་ནར་འགྱངས་བྱ་མི་རུང་། སྦྲུལ་དང་འགྲོགས་ཡུན་རིང་ན་དུག་དང་ཉེ། གྲོགས་ཀྱི་ཕྱིར་དུ་ངོ་ལྟག་མི་མཐུན་པའི། སྦྱོར་ངན་མ་བཤམས་གོང་དུ་གཟབ་པ་གལ། ཡིད་མཐུན་སྣང་ངོར་བབས་པའི་སྐྱེ་བོ་དེ། ཇི་བལྟས་ཇི་མཛེས་གྲོགས་ཀྱི་དྭངས་མའོ།།
སྐྱེ་བོ་ཀུན་ལ་སྐྱོན་གྱི་དྲི་ངན་ཅུང་ཟད་འགོས་ཡོད། འདི་ལ་ཡོད་པ་ཇི་བཞིན་དེ་ལའང་ཡོད། རང་ཉིད་ཀྱང་ལྷད་ཀྱིས་མ་འགོས་པ་ཞིག་ཨེ་ཡིན།
མནའ་སྐྱེལ་གྲོགས་མཆོག་ཡིན་ཡང་འུ་ཐུག་ཐབས་ཟད་སྐབས་མ་གཏོགས་རྒྱུན་དུ་གཡོག་ལྟར་བཀོལ་མི་རུང་། མི་སུ་རུང་དང་མནའ་མཐུན་གྲོགས་བོར་བ་ནི་ངལ་དུབ་ཅིག་ཡིན། དེས་ན་དམ་བཅའི་མདུད་པ་མ་བཏབ་པ་བཟང་།
རང་སྣང་གྱ་ཚོམ་དུ་འགྲོགས་པའི་གྲོགས་པོའི་དབར་བློ་དཀར་ཡང་གྱེས་མྱུར་བ་ཡིན།
མཛའ་བཤེས་སེམས་ནུས་ཡོད་རྒུས་གཉེར་སྐྱོང་བྱ་དགོས་ཚེ་ཉོ་ཚོང་དུ་གྱུར་སྲིད། ཚོང་གཉེར་ནི་དཀའ་ཉེན་ཆེ་བ་ཞིག་ཡིན་པས་གྲོགས་པོའི་ཕྲན་ཚེགས་བྱ་བ་འདི་ལྟ་བུར་སྤྱོད་གལ་མ་མཆིས།
གྲོགས་མཆེད་ལ་དོ་འཁུར་བགྱི་བ་ཐལ་མི་རུང་། དེ་ནི་མ་ཡུམ་གྱི་འགན་བབ་ཡིན། "གྲོགས་པོའི་སྐྱེད་མ"ལ་མི་གྱུར་བའི་གདེང་ཞིག་ཡོད་དགོས།
གྲོགས་པོར་སྐྱོན་བརྗོད་བྱེད་པར་གཤིས་རྒྱུད་ལོན་དགོས། དེ་མིན་མ་བརྗོད་ན་ལེགས།
གྲོགས་པོའི་མཛའ་བཤེས་བཙན་གྱིས་ཐོབ་ཐབས་བྱེད་པ་ནི་རྨོངས་པའི་རྟགས་སོ།།
ཁ་བའི་ཐོག་གི་འདབ་བྱའི་ཤུལ་རྗེས་སྟེས་དབང་དུ་འཕྲད་པ་བཞིན་སྤྲོ་སྣང་ཞིག་ཏུ་བསྒོམས་པས་ཆོག
གྲོགས་པོས་འདོར་བའི་ཚེ་ན་ཐོག་མ་ཉིད་ནས་ཕན་ཚུན་སུ་ལའང་དབང་བ་མ་ཡིན་སྙམ་པ་ནི་བློ་དཀྱེལ་ཆེ་བའི་རྟགས་ཡིན།
གྲོགས་མཆེད་འགུག་པར་རང་ངོས་ལ་འཇོན་ནུས་ཡོད་དགོས། བུང་བ་དང་ཕྱེ་ལེབ་སྐོང་བར་དྲི་ཞིམ་ཁོ་ནས་མི་འཐུས་པའོ།།
ཞལ་བཞེས་བགྱི་བར་འགག་རྩ་ནི་རང་ཉིད་ཀྱི་ནུས་པར་བསྟུན་དགོས་པ་ཡིན། ཞུ་འབུལ་བཟློག་པར་ཡང་བཏང་སྙོམས་ཀྱིས་བཟློག་དགོས་པ་ཡིན།
ལ་རྒྱ་སྲུང་ཚེ་ལན་ལ་མི་རེ་བར་སྲུང་དགོས་པ་ཡིན། གཡེར་བག་གླེང་ཚེ་ཁྲེལ་དང་ངོ་ཚས་ཅུང་ཟད་བསྐུང་བ་བཟང་།
སེམས་མཐུན་གྲོགས་མཆོག་འགྲོགས་སྐལ་ཉུང་བ་མི་ཚེའི་སྣང་ཚུལ་ཞིག་ཡིན། སྐབས་རེ་གླེང་བའི་ཚེ་ན་སེམས་སུ་དྲོད་སྣང་བྱིན་འོངས་བས་དེས་ན་གྲོགས་དམ་པ་ཞེས་བྱའོ།།
ཕོ་མོའི་དབར་གྱི་མཛའ་བཤེས་དེ་བརྩེ་དུང་དུ་འགྱུར་ཕྱིན་གཡང་རྩེའི་སྟེང་གི་ཡལ་སྒྲོན་ལྟ་བུ་ཡིན།
ཕོ་མོའི་དབར་ཚེ་གཅིག་ལུས་གཅིག་རིང་དྭངས་གཙང་གི་མཛའ་བཤེས་ཡོངས་སུ་འཆང་སྲིད་པ་ཡིན།
འོན་ཏེ་འགྱུར་ཞིང་བརླག་པའི་རྐྱེན་རྩ་ཕན་ཚུན་ལ་ཐུག་མེད་པར་ཕན་ཚུན་གྱི་བཟའ་ཟླས་ཤེས་རྟོགས་དཀའ་བར་ཐུག་ཡོད།
གྲོགས་མཆེད་འཚོལ་བར་ཆ་རྐྱེན་ཡོད་འོས། ཆ་རྐྱེན་མེད་པར་བཙལ་བ་བུ་སྤུན་ཟེར།
མཚོ་ལས་ཟབ་པའི་མཛའ་སེམས་གྲོགས་པོར་འཆང་རྒྱུ་དེ་དཀའ་བ་མ་ཡིན། དེ་ནི་ལྷན་དུ་ཟས་ཟོས་པ་དང་གོས་གྱོན་པ། དངུལ་གྲངས་བརྩི་བ། གཉིད་ཉལ་མེད་པས་ཡིན།
རང་ཉིད་རང་གི་གྲོགས་སུ་བསྟེན་ན་ནམ་ཕུགས་བརྟན་ཤོས་ཡིན། གྱོང་དང་ཕམ་ཁ་ཇི་ལྟར་ནའང་རང་གི་མི་རུ་གཏོགས་པས་ཡིན།
རྒྱ་མཚོའི་ཀློང་གི་ཆུ་ཐིགས་གཅིག་ལྟར་གནམ་ས་གྲོགས་སུ་བསྟེན་ཕོད་ཚེ་ད་གཟོད། སུ་ཡིས་བདག་དང་ལྷན་ཅིག་གཤེགས། །བདག་ཀྱང་སུ་དང་གཤེགས་པར་གྱུར། །མུ་མེད་རབ་འབྱམས་ཕ་རོལ་གྱི། །གནས་དེར་གཏན་དུ་ལོག་པར་བྱ། །ཞེས་བརྗོད་ཆོག་གོ །རྫོགས་སོ།།
ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་བ་ལྷ་གཡང་ནོར་བུ།