ངའི་ཁ་བཏགས་སྐྱིན་པ་ཁྱེར་ཤོག (ཞར་བཀོད་དྲུག)-ཟངས་རི་རྫིང་ཕྱི་དགོན་དུ་གནས་མཇལ་ལ་སོང་བའི་བརྗེད་ཐོ།

རྒན་གོང་ཨོ་རྒྱན་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-20


ལས་མི་ཚར་བའི་ཆུང་མའི་བསྡུ་གསོག 

 

བཀྲམ་མི་ཚར་བའི་ང་རང་གི་ཅ་དངོས།

 

ཆུང་མའི་བསྡུ་གསོག་དང་བསྡུ་གསོག་གི་བར་ནས།  

 

ངའི་ཁ་བཏགས་མཐོང་རྒྱུ་མི་འདུག

 

ཆུང་མ།  ངའི་ཁ་བཏགས་སྐྱིན་པ་ཁྱེར་ཤོག

 

 

 

རྣམ་ཤེས་འཁྱམ་པོའི་དྲན་ཚུལ་ལ་གཏན་ཁེལ་མེད།

 

མི་རྒན་བདག་གི་གོམ་བགྲོད་ལ་ཁ་ཕྱོགས་མེད། 

 

ཀོ་ལྷམ་ཁ་ཀྱོག་དེས་རྫིང་ཕྱི་དགོན་གྱི་སྒོ་ཐེམ་བརྒལ་དུས།

 

ཞོགས་པའི་ཉི་ཟེར་དགོན་རྙིང་འདི་ལ་འཕྲོ་བར་ཉེ། 

 

དེ་ནི་ལོ་ངོ་མང་པོའི་སྔོན་གྱི་དཔྱིད་ཀ་ཞིག་ཡིན། 

 

རྩྭ་ཆུང་མཆེ་བ་མ་རྒྱས་པའི་གོང་གི་དཔྱིད་ཀ་ཞིག་ཡིན།

 

 

 

རྒྱ་ཞྭ་བོད་ཞྭ་སྔ་ས་ནས་རྒྱང་རིང་དུ་དོར་ཟིན། 

 

ད་ལྟ་མགོ་སྟེང་ནས་འཕུད་དགོས་པ་ཅི་ཡང་མེད།

 

ལྷ་བསང་མི་བསང་ཅི་ཡང་གཏོང་རྒྱུ་མེད། 

 

ལག་ཟུང་དོར་མའི་ཁུག་མར་བཅུག་ནས་འགྲོ།  

 

དེ་ནི་ལོ་ངོ་མང་པོའི་སྔོན་གྱི་དཔྱིད་ཀ་ཞིག་ཡིན། 

 

རྩྭ་ཆུང་མཆེ་བ་མ་རྒྱས་པའི་གོང་གི་དཔྱིད་ཀ་ཞིག་ཡིན།

 

 

 

གཡས་གཡོན་ས་ཁྲིའི་སྟེང་གི་འཇིམ་སྐུའི་གྲལ་སྟར།  

 

བཀའ་གདམས་གོང་མ་རྣམ་པའི་སྣང་བརྙན་ཡིན་སྐད།

 

མདུན་ངོས་སུ་བོར་བའི་སྒོར་ཟུར་ཐར་ཐོར།   

 

ཁྲོམ་གཞུང་གི་སློང་མོ་བའི་ཐོབ་འབྲས་དང་ཅིས་མི་འདྲ། 

 

དེ་ནི་ལོ་ངོ་མང་པོའི་སྔོན་གྱི་དཔྱིད་ཀ་ཞིག་ཡིན། 

 

རྩྭ་ཆུང་མཆེ་བ་མ་རྒྱས་པའི་གོང་གི་དཔྱིད་ཀ་ཞིག་ཡིན།

 

 

 

མུན་ནག་གི་ཟུར་ཁུག་ནས་འཕྲོས་པའི་མར་མེའི་འོད་སྣང་། 

 

ཆོས་པ་རྒད་པོའི་སྐམ་རིད་ཀྱི་ཞལ་རས་དང་འདྲེས་དུས། 

 

རྣམ་ཀུན་ལྟར་མཁྲེགས་པའི་ང་རང་གི་སྙིང་ཁ།

 

?ལ་ཆོག་ཆོག་གི་ལྒང་ཕུག་ཅིག་ཏུ་གྱུར་སོང་།  

 

དེ་ནི་ལོ་ངོ་མང་པོའི་སྔོན་གྱི་དཔྱིད་ཀ་ཞིག་ཡིན། 

 

རྩྭ་ཆུང་མཆེ་བ་མ་རྒྱས་པའི་གོང་གི་དཔྱིད་ཀ་ཞིག་ཡིན།

 

 

 

བཀའ་གདམས་གོང་མ་རྣམ་པའི་མཛད་རྣམ།

 

ཆོས་པ་རྒད་པོའི་ཞལ་ནས་ལྷ་སྒྲུང་དུ་འགྱུར་དུས།

 

མནན་ཀྱང་ལངས་འོང་བའི་རང་གཤིས་རྭ་ཅོ། 

 

ཆོས་པ་རྒད་པོར་ལན་གཅིག་བསྣུན་དགོས་བྱུང་།  

 

ཡང་ན།  བཀའ་གདམས་གོང་མ་རྣམ་པ། 

 

 

རང་རེའི་ཉེ་འཁོར་དུ་འཁྲུངས་པའི་མི་ཞིག་གི་ཆ་ནས།

 

གནས་མཇལ་བ་ཚོར་ལན་གཅིག་བརྗོད་དགོས་བྱུང་།  

 

དེ་ནི་ལོ་ངོ་མང་པོའི་སྔོན་གྱི་དཔྱིད་ཀ་ཞིག་ཡིན། 

 

རྩྭ་ཆུང་མཆེ་བ་མ་རྒྱས་པའི་གོང་གི་དཔྱིད་ཀ་ཞིག་ཡིན།

 

 

 

ཟངས་རི་རྫིང་ཕྱི་དགོན་གྱི་སྐོར་ལམ་དུ་སྐྱོད་དུས། 

 

མིག་ཟུང་གི་རྒྱུ་བ་གཡས་གཡོན་གྱི་?་ཕུང་ལ་འཁོན་སོང་།

 

སྙིང་ཆུང་དེ་ཇི་ལྟར་མནན་ཡང་འཕགས་བྱུང་།

 

ཆེས་བཙན་པའི་གོས་ཁུག་གི་སྒོ་མོ་ཡང་ཕྱེ་སོང་།

   

ཆེས་རྙིང་པའི་སྒོར་ཙག་འགའ་ཡང་ཕྱི་ལ་ཤོར་སོང་།

 

དེ་ནི་ལོ་ངོ་མང་པོའི་སྔོན་གྱི་དཔྱིད་ཀ་ཞིག་ཡིན། 

 

རྩྭ་ཆུང་མཆེ་བ་མ་རྒྱས་པའི་གོང་གི་དཔྱིད་ཀ་ཞིག་ཡིན།

 

 

 

ཨུ་ཚུགས་ཀྱིས་དང་ལེན་བྱེད་དགོས་བྱུང་བའི་ཁ་བཏགས།

 

ཆེས་རིད་པའི་ཆོས་པ་རྒད་པོའི་ཕྱག་ཟུང་གིས་བཏེགས་འོང་།

 

མཇིང་པ་རིང་པོ་དེ་རང་བཞིན་དུ་བསྲིངས་མོད།

 

"མཇིང་པ་ནག་སོང"ཟེར་བས་ལག་ཟུང་གིས་མི་ལེན་ཀ་མེད་བྱུང་།

 

དེ་ནི་ལོ་ངོ་མང་པོའི་སྔོན་གྱི་དཔྱིད་ཀ་ཞིག་ཡིན། 

 

རྩྭ་ཆུང་མཆེ་བ་མ་རྒྱས་པའི་གོང་གི་དཔྱིད་ཀ་ཞིག་ཡིན།

 

 

 

ས་རྙིང་?་རྙིང་དུ་གྱུར་པའི་གནའ་བོའི་དགོན་རྙིང་། 

 

ས་ཁྲིའི་སྟེང་ན་བཞུགས་པའི་འཇིམ་སྐུའི་གྲལ་སྟར།

 

མུན་ནག་གི་དཀྱིལ་ན་འབར་བའི་མར་མེ་ཆུང་ངུ་།   

 

སྙིང་པ་བྲང་ཁར་ཟུམ་པའི་ཆོས་པ་རྒད་པོ།  ཡང་ན།

 

ལོ་ཟླའི་ཆར་རླུང་གིས་བརྡུངས་པའི་སྐམ་རིད་ཀྱི་ཞལ་རས།

 

……

 

བདག་གི་བྲང་ཁ་འབིགས་པའི་སྙུང་བུ་ཅིས་མ་ཡིན།

 

དེ་ནི་ལོ་ངོ་མང་པོའི་སྔོན་གྱི་དཔྱིད་ཀ་ཞིག་ཡིན། 

 

རྩྭ་ཆུང་མཆེ་བ་མ་རྒྱས་པའི་གོང་གི་དཔྱིད་ཀ་ཞིག་ཡིན།

 

 

 

ཆོས་པ་རྒད་པོས་ཨུ་ཚུགས་ཀྱིས་གནང་བའི་ཁ་བཏགས། 

 

དུ་བས་ཟིན་ཏེ་དཀར་གཙང་ཞིག་གཏན་ནས་མིན་མོད།

 

ཁོ་བོས་མི་ཚེར་གོན་མྱོང་བའི་མཇལ་དར་ཡིན་པས།

 

ཆེས་གཙང་ཤོས་སུ་བརྩིས་ནས་ཉར་ཡོད།  

 

ད་ལྟ་བར་ཉར་ཡོད།  འོན་ཀྱང་།

 

ཆུང་མའི་བསྡུ་གསོག་དང་བསྡུ་གསོག་གི་བར་ནས།  

 

ངའི་ཁ་བཏགས་མཐོང་རྒྱུ་མི་འདུག

 

ཆུང་མ།  ངའི་ཁ་བཏགས་སྐྱིན་པ་ཁྱེར་ཤོག

 

2016.12

 

 

 

མི་ཚེའི་ཚོར་འདུ།

 

 

འདས་ཟིན་པའི་ལོ་ཟླ་ཡོད་ཚད་མཉམ་དུ་བརྫིས་ཏེ།

 

ཆེ་ཆུང་འཚམ་པའི་ཕྱི་ལྤགས་ལེབ་མོ་ཞིག་བཟོས་དང་།

 

ཕྱིན་ཟིན་པའི་རྐང་རྗེས་ཚང་མ་གཅིག་ཏུ་བསྡུས་ཏེ།

 

མང་ཉུང་རན་པའི་ནང་ཤ་ཉག་ཉོག་ཅིག་གཙོབས་དང་།

 

འདས་ཟིན་པའི་ཕྱི་ལྤགས་ཀྱི་དཀྱིལ་ན་ཕྱིན་ཟིན་པའི་རྐང་རྗེས་བསྒྲིལ་ཏེ།

 

མི་ཚེའི་མོག་མོག་ཅིག་བཟོས་ནས་བདེན་པའི་མེ་ཕུང་གིས་འཚོལ་དང་། 

 

ཁ་སྙན་གྱི་སྒོག་ཙོང་ཅི་ཙམ་བཏབ་ཀྱང་འཐུལ་འོངས་པ་བཙོ་དྲི་ཁོ་ན་ཡིན་ངེས།

 

 

2017.1.1

 

 

སོམ་ཉི།

 

 

ཉི་མ་དེ་ཕྱོགས་གཅིག་ཁོ་ན་ནས་འཆར་འོང་།   

 

ཟླ་བ་དེ་ཡང་ཕྱོགས་གཅིག་ཁོ་ན་ནས་འཆར་འོང་།   

 

ཉི་ཟླ་གཉིས་འཆར་འོང་བའི་ཕྱོགས་དེ་ལ། 

 

མི་རྣམས་ཀྱིས་ཤར་ཕྱོགས་སུ་འབོད།

 

ང་རང་གིས་ཀྱང་ཤར་ཕྱོགས་སུ་འབོད།

 

སུས་ཀྱང་ལྷོ་ཕྱོགས་དང་བྱང་ཕྱོགས་སུ་འབོད་མཁན་མ་བྱུང་།  

 

གལ་ཏེ།  ཉི་མ་དེ་ནུབ་ཕྱོགས་ནས་འཆར་འོང་ཚེ།  

 

ང་ཚོས་ཕྱོགས་དེ་ལ་ད་དུང་ནུབ་ཕྱོགས་སུ་འབོད་དགོས་སམ།

  

གལ་ཏེ།  ཟླ་བ་དེ་ལྷོ་ཕྱོགས་ནས་འཆར་འོང་ཚེ། 

  

ཕྱོགས་དེ་ལ་ང་ཚོས་ད་དུང་ལྷོ་ཕྱོགས་སུ་འབོད་དགོས་སམ།

 

 

2017.1.1

 

 

 

རླུང་བུ།  རེ་ཞིག་ལྷོད་ཤིག་གེར་བཞུགས་དང་།

 

 

རླུང་བུ་ཤར་ནས་འུར་བྱུང་།

 

རླུང་བུ་ནུབ་ནས་འུར་བྱུང་།

 

ཤར་རླུང་དང་ནུབ་རླུང་གི་བར་ན་གཉིད་པའི་ཡར་ཀླུང་།

 

ཡོད་ཚད་ཐལ་རྡུལ་གྱིས་བཀང་སོང་།

 

 

 

རླུང་བུ།  རེ་ཞིག་ལྷོད་ཤིག་གེར་བཞུགས་དང་།

 

བདག་གི་མེ་ཁ་བསྣུབ་ཉེན་འདུག

 

རླུང་བུ།  རེ་ཞིག་དལ་ཅག་གེར་བཞུགས་དང་།

 

བདག་གི་རྫ་ཁོག་གཅོག་ཉེན་འདུག

 

གལ་ཏེ།  མེ་ཁ་ཕྲ་མོ་འདི་གསོས་ཟིན་ན།

 

གལ་ཏེ།  ཆེས་མཐའ་མའི་རུས་རྙིང་འདི་ལྡུར་ཟིན་ན། 

 

ཤར་རླུང་དང་ནུབ་རླུང་། 

 

ཅི་འདྲ་འུར་ཡང་འུར་ཞིག

 

བདག་གིས་གསོས་པའི་མེ་ཁ།

 

ཇི་ལྟར་བསྣུབས་ཀྱང་སྣུབས་ཤིག

 

ཐབ་?་རྐང་གསུམ་སྟེང་གི་རྫ་ཁོག

 

སྦག་བཤགས་སློག་ཀྱང་སློགས་ཤིག  

 

 

 

2017.1.2

 

 

 

དེ་ནི་བདག་གི་གཡང་འབོད་གཏན་ནས་མིན།

 

 

ཆེས་འབུར་བའི་ར་རྐྱལ་ཆེན་པོ།

 

གསེར་དངུལ་གྱིས་བཀང་བ་འདྲ་མོད།

 

རྐུན་པོ་ལང་ཤོར་ཁོས་ལག་པ་སྲིང་དུས།

 

རེག་ཐུབ་པ་བཙའ་བརྒྱབ་པའི་ལྕགས་རོ་ཁོ་ན།

 

 

 

ཆེས་སྦོས་པའི་ཁྱོད་ཀྱི་ཀླད་པ།

 

ལྔ་རིག་གིས་བཀང་བ་འདྲ་མོད།

 

རྒྱ་ཁབ་ཕྲ་མོ་དེ་ལྐོག་ཏུ་སྣུན་དུས།

 

ཐོན་འོང་བ་དྲི་ངན་འཐུལ་བའི་རྣག་དྲི་ཁོ་ན།

 

 

 

ཡ་གིའི་བླ་མཚོ་བསྐམས་སོང་།   

 

མ་གིའི་བླ་ཤིང་འགྱེལ་སོང་།

 

ཀེ་རེར་འགྱིངས་པ"ང་རང"གཅིག་པུ།

 

དེ་ནི་བདག་གི་གཡང་འབོད་གཏན་ནས་མིན།

 

20171.3

 

 

 

ངུས་ན་འགྲིག་གམ་བགད་ན་འགྲིག

 

 

ངས་ཁྱེད་ལ་བལྟས་ནས་ངུས་ན་འགྲིག་གམ།

 

དཔེར་ན་ཁ་སང་ལྟ་བུ།  ཡང་ན།

 

ཁ་སང་དང་ཁ་སང་གི་ཕ་རོལ་ལྟ་བུ།

  

ཁྱེད་ལ་བལྟས་ནས།

 

ཁྱེད་ཀྱི་ངོ་གདོང་ལ་བལྟས་ནས།

 

 

 

ཁ་སང་དང་ཁ་སང་ཕ་རོལ་གྱི་ངུ་ངག

 

སྐྱོ་ཉམས་གང་ཞིག་ལ་བསྲེས་པ་ངས་མ་ངེས།

 

ཁ་སང་དང་ཁ་སང་ཕ་རོལ་གྱི་ངུ་ངག

 

སྒྲ་རྟགས་གང་ཞིག་ལས་གྲུབ་པ་ངས་བརྗེད་ཟིན།

 

ཡིན་ནའང་ཁྱེད་ལ་བལྟས་ནས་ངུས་པ། 

 

ངས་ད་དུང་ཡང་བརྗེད་མེད།  

 

 

 

ངས་ཁྱེད་ལ་བལྟས་ནས་བགད་ན་འགྲིག་གམ།

 

དཔེར་ན་དེ་རིང་ལྟ་བུ།  ཡང་ན།

 

དེ་རིང་དང་དེ་རིང་གི་ཕ་རོལ་ལྟ་བུ།

  

ཁྱེད་ལ་བལྟས་ནས།

 

ཁྱེད་ཀྱི་རྒྱབ་གཟུགས་ལ་བལྟས་ནས།

 

 

 

དེ་རིང་དང་དེ་རིང་ཕ་རོལ་གྱི་གད་མོ།

 

ངོ་མདོག་གང་ཞིག་དང་བསྲེ་དགོས་པ་ངས་མི་རྟོགས།  

 

དེ་རིང་དང་དེ་རིང་ཕ་རོལ་གྱི་གད་མོ།

 

སྒྲ་དབྱངས་གང་ཞིག་དང་བསྡོང་དགོས་པ་ངས་མི་ཤེས།

 

ཡིན་ནའང་ཁྱེད་ལ་བལྟས་ནས་བགད་དགོས་པ།

 

ངས་ད་དུང་ཡང་ངེས་ཡོད།   

 

 

2017.115

 


རྩོམ་ཡིག་རྗེས་མ།
འདར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1