དང་པོ། དྲྭ་རྩོམ་གྱི་བྱུང་བ།
རྒྱ་མི་རིགས་ལ་མཚོན་ན་དྲྭ་རྩོམ་དར་བ་ཅུང་སྔ་བ་དང་། དྲྭ་རྩོམ་འབྲི་བ་ལ་བརྟེན་ནས་མིང་དུ་གྲགས་པའི་རྩོམ་པ་པོ་ནི་རབས་ཤིག་གདའ། 1999ལོར་བྱུང་བའི་བརྩམས་ཆོས《ཐེངས་དང་པོའི་མཛའ་མཐུན་གྱི་འབྲེལ་འདྲིས》[1]ནི་སྐབས་དེའི་དྲྭ་རྩོམ་གྱི་མིག་དཔེ་དང་ངོམ་སོ་བྱེད་སར་གྱུར་ཡོད་མོད། བོད་ལ་མཚོན་ན་རྩོམ་འདི་ནི་དྲྭ་རྩོམ་ཡིན་ཞེས་ཀུན་གྱིས་ཁས་ལེན་པའི་བརྩམས་ཆོས་ཧ་ལམ་མེད་པར་སྣང་། བོད་ཡིག་པོད་ཁུག་དང་པོ་ནི་མཆོད་མེ་པོད་ཁུག་དང་ཧི་གཟུགས་ཟིན་བྲིས་རྣམ་གཉིས་ཡིན། དེ་དང་མཐུད་ནས་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དང་སེང་?ར་དྲྭ་བ། ན་གཞོན་གསར་པ་སོགས་རྩོམ་རིག་གི་དྲྭ་ཚིགས་གཅིག་འཕྲོར་གཅིག་བྱུང་།
བོད་ལ་དྲྭ་རྩོམ་བྱུང་བའི་གནས་ཚུལ་བརྗོད་ན་དྲྭ་བའི་རྩོམ་རིག་གི་རིག་གནས་སྐྱེ་ཁམས(ཀྡཾཏྲཱཾཧ྄ལྀཾ)གཞིར་བཞག་གིས་གླེང་ན་ཁ་གསལ་གོ་བདེ་ཞིག་ཡོང་བར་བསམ་སྟེ། "དྲྭ་བའི་རྩོམ་རིག་བྱུང་བའི་ལོ་རྒྱུས་ཀྱི་གོ་སྐབས་ནི་སྲོལ་རྒྱུན་རྩོམ་རིག་རང་ངོས་ཀྱི་ཉེན་ཚབས་ལས་བྱུང་བ་ཡིན། མིའི་རིགས་ཀྱི་ལོ་རྒྱུས་དེ་དུས་རབས་ཉེར་གཅིག་པའི་སྒོ་ཐེམ་བརྒལ་དུས། རྩོམ་རིག་གི་སྐྱེ་ཁམས་རྒྱབ་ལྗོངས་ལ་འགྱུར་བ་ཆེན་པོ་བྱུང་ཟིན་ལ། སྐྱེ་ཁམས་རྒྱབ་ལྗོངས་ཀྱི་འགྱུར་བ་དེས་རྩོམ་རིག་རང་སྟེང་གི་འགྱུར་བ་ཆེན་པོ་བསྐྲུན་ཡོད།"[2]
ཀུན་གྱིས་ཤེས་པ་ལྟར། ལོ་རབས་བརྒྱད་ཅུ་པའི་ནང་དུ་བོད་ཀྱི་རྩོམ་རིག་ལ་མཚར་སྡུག་ལྡན་པའི་དཔྱིད་དཔལ་ཞིག་ཤར་བ་དང་། སྙན་ངག་དང་བརྩམས་སྒྲུང་གང་གི་ཆ་ནས་ཀྱང་སྔར་ལས་ལྷག་པའི་འཕེལ་རྒྱས་ཆེན་པོ་བྱུང་། ཡིན་ཡང་ཚོང་རའི་དཔལ་འབྱོར་གྱི་ཚ་རླབས་དྲག་པོའི་ཁྲོད་ནས་རྩོམ་རིག་ཅི་བྱ་གཏོལ་མེད་ངང་མཐའ་འཁོབ་ཏུ་སྤྱུགས། ཚོང་རའི་དཔལ་འབྱོར་གྱིས་འཆར་གཞི་དཔལ་འབྱོར་གྱི་གོ་གནས་བཟུང་སྟེ་སྤྱི་ཚོགས་ཡོངས་དེ་ཐོར་ཞིག་དང་བསྐྱར་འཛུགས་ཀྱི་དུས་སུ་བསླེབས་པའི་སྐབས་དེར། རྩོམ་རིག་ཀྱང་ཚོང་རའི་དཔལ་འབྱོར་གྱི་དྲི་མས་བཏུམས་པ་དང་། རྩོམ་རིག་གི་སྲོག་ཤིང་འཛིན་མཁན་འགའ་རེས་ད་དུང་མུ་མཐུད་དུ་ལག་གི་སྨྱུ་གུ་མ་ལྷོད་པར་རྩོམ་རིག་གི་ལས་མུ་མཐུད་དུ་བསྐྱངས། ཡང་ལ་ཤས་ཤིག་གིས་རྩོམ་རིག་གི་ལམ་བུ་བསྐྱུར་ནས་ཚོང་རའི་དཔལ་འབྱོར་གྱི་ཁྲོད་དུ་ཞུགས་པ་ཡིན། ཚོང་རའི་དཔལ་འབྱོར་གྱི་སྒྲིག་གཞི་དེས་རྩོམ་རིག་ལ་ཤན་ཤུགས་མི་དམན་པ་ཞིག་ཐེབས་ཡོད་པ་མིག་མཐོང་ལག་ཟིན་ཡིན། ཡང་ཕྱོགས་གཞན་ཞིག་ནས"'རིག་གནས་འཕྲལ་ཟས'(མྦིལྕེཀྡཾཏྲཱཾ)དར་བ་དེས་རྩོམ་རིག་གི་ཚོང་ར་ཕྲོགས་པ་དེ་ཡིན།"[3]འདི་ནི་ཆ་འཕྲིན་དུས་རབས་འདིའི་ནང་དུ་བྱུང་བའི་མི་རྣམས་ཀྱི་བསམ་པའི་འཁྱེར་སོར་འགྱུར་ལྡོག་ཆེན་པོ་བྱུང་བའི་རྟགས་མཚན་ཞིག་ཡིན་ལ། མི་རྣམས་ཀྱིས་སྔར་ལས་ཀྱང་གོ་བདེ་བ་དང་ཁ་གསལ་བ། གསོན་ཉམས་ལྡན་པ། དུས་ཚོད་མང་པོ་མི་དགོས་པའི་ཆ་འཕྲིན་གྱི་རིགས་དེར་དགའ་པོ་དང་། བརྩམས་ཆོས་དག་ཀྱང་ནང་དོན་དང་བརྗོད་བྱ་སོགས་རོལ་རྩེད་རང་བཞིན་ཅན་དུ་སོང་བའི་རྩོམ་རིག་དེའི་རིགས་ལ་ལྟ་བ་དང་། ལྷག་ཏུ་ནས་བསམ་བློའི་རིགས་དང་ཕན་ཚུན་མཚང་འབྲུ། ཕན་ཚུན་ལ་མངོན་པར་བསྒྲགས་པ་སོགས་ཀྱི་རིགས་ཀློག་པར་སྤྲོ་བ་ལས་ཀྱང་གནས་ཚུལ་ཁ་ཤས་ཤིག་ཤེས་འོང་ཐུབ།
དེར་མ་ཟད་སྲོལ་རྒྱུན་རྩོམ་རིག་ནི་རྩོམ་པ་པོ་ཞེས་པའི་ཚོགས་པ་ཞིག་གིས་བདག་གིས་བཟུང་ཡོད་ལ། རྩོམ་སྒྲིག་པ་དང་རྩོམ་སྒྲིག་ཁང་སོགས་གཅིག་འཕྲོར་གཅིག་གི་སྒོ་ཐེམ་མང་པོ་ཞིག་གིས་རྩོམ་འབྲི་ལ་དུངས་པའི་སྐྱེ་བོ་གང་མང་ཞིག་གི་བརྩམས་ཆོས་ནང་དུ་ཚུད་མི་ཐུབ་པའི་སྐབས་དེར། དྲྭ་བའི་རང་དབང་རང་བཞིན་གྱིས་ཏག་ཏག་ལ་སྐབས་དེར་མི་རྣམས་ཀྱི་རེ་འདོད་དེ་སྐོང་ཐུབ་པ་བྱུང་བས། དུས་ཚོད་ཐུང་ཐུང་ཞིག་གི་ནང་ནས་ཚང་མ་རྩོམ་པ་པོ་དང་དཔྱད་བརྗོད་པར་གྱུར་ལ། གཞན་རྩོམ་སྒྲིག་པ་དང་རྩོམ་སྒྲིག་ཁང་སོགས་བརྒྱུད་མི་དགོས་པས་རང་གི་བརྩམས་ཆོས་ཅི་འདོད་དུ་སྤེལ་ཆོག་པ་འདི་ཡང་། གཅིག་བྱས་ན་དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་མི་རྣམས་ལ་རང་གཤིས(གྟུགྥི)མངོན་པར་འདོད་པའི་སེམས་ཁམས་དེ་དང་། གཉིས་ནས་རང་དབང་དང་དམངས་གཙོ་སོགས་ཀྱི་བསམ་བློའི་ཤུགས་རྐྱེན་འོག་གི་བསམ་པའི་འཁྱེར་སོ་དེ་ལའང་ཤིན་ཏུ་ནས་ཁ་འཕྲོད་པ་ཞིག་ཏུ་སོང་འདུག་གཤིས། དྲྭ་བའི་རྩོམ་རིག་དེ་གང་མྱུར་གྱིས་དར་ཐུབ་པ་བྱུང་བ་རེད།
རིག་གནས་སྐྱེ་ཁམས་ཀྱི་ཁོར་ཡུག་འདི་འདྲ་ཞིག་གི་འོག་ནས། རྩོམ་རིག་གི་གོ་གནས་སྔོན་ལས་ལྡབ་འགྱུར་གྱིས་མར་ལྷུང་ཡོད་ལ། མ་མཐར་ཡང་སྲོལ་རྒྱུན་རྩོམ་རིག་གི་ཚོང་ར་དེ་ཐབས་ཆག་ཅིག་ཏུ་གྱུར་ནས་རྩོམ་རིག་དེ་སྤྱི་ཚོགས་ཀྱི་མཐའ་འཁོབ་ཅིག་ཏུ་བསྐྱལ་ཡོད། ཏག་ཏག་ལ་སྐབས་འདིར་སྦྲེལ་དྲྭའི་དུས་རབས་ཀྱི་བྱུང་བ་དེས་ཚད་ཅིག་གི་སྟེང་ནས་རྩོམ་རིག་ལ་ཚེ་སྲོག་གི་གསོན་ཤུགས་གསར་པ་ཞིག་བསྩལ་པ་ཡིན། ཡིན་ཡང་རྩོམ་རིག་གི་ངོ་གདོང་བརླན་པར་བྱས་པའི་དྲྭ་བའི་རྩོམ་རིག་འདིས་རང་རེའི་རྩོམ་རིག་གི་ཚེ་སྲོག་སྐྱོབ་ཐུབ་མིན་ནི་དུས་ཚོད་དང་ལག་ལེན་གྱིས་དཔྱད་དགོས་པའི་གནས་ཤིག་ཡིན་པ་ལས། མིག་སྔའི་གནས་ཚུལ་ཙམ་གྱིས་ཁ་ཚོན་གཅོད་ཐུབ་པ་ཞིག་མིན།
གཉིས་པ། དྲྭ་རྩོམ་གྱི་ཁྱད་ཆོས།
སྤྱིར་དྲྭ་བར་བརྟེན་ནས་བྱུང་བའི་རྩོམ་རིག་ལ་སྲོལ་རྒྱུན་རྩོམ་རིག་དང་མི་གཅིག་པའི་ཁྱད་ཆོས་དོད་པོ་འགའ་ཞིག་སྣང་སྟེ། རྩོམ་རིག་གི་རང་དབང་ཁོར་ཡུག་དང་རྩོམ་པ་པོའི་མང་ཚོགས་རང་བཞིན། ད་དུང་འབྲི་ཐབས་དང་བསམ་བློའི་འཁྱེར་སོའི་དེང་རབས་ཕྱི་མའི་རིང་ལུགས་ཀྱི་ཆ་སོགས་མཆིས་པ་རེ་རེ་བཞིན་ཅུང་གླེང་བ་ལ།
1. རྩོམ་རིག་ལ་རང་དབང་གི་ཁོར་ཡུག་ཅིག་སྤྲད་པ།
རྩོམ་རིག་ནི་མ་གཞི་ནས་རང་དབང་དང་ནང་སེམས་གཉིས་ལས་བྱུང་བའི་ཆུ་རྒྱུན་དྭངས་མོ་དེ་ཡིན་ལ། དེ་ནི་མིའི་རིགས་རང་བྱུང་ཁམས་སུ་འཚོ་སྡོད་བྱེད་དུས་རང་དབང་གི་ཕུགས་འདུན་དང་རེ་སྨོན་ལས་འཁྲུངས་པ་དང་། ནང་སེམས་འཇིག་རྟེན་གྱི་འཆར་སྣང་དང་རང་དབང་བསམ་བློའི་ཤམ་བྷ་ལ་ཡང་ཡིན། དྲྭ་བའི་རྩོམ་རིག་གིས་སྒྱུ་རྩལ་རང་དབང་ཁྲོད་ཀྱི་རང་དབང་མ་ཡིན་པ་དང་། རྩོམ་རིག་གི་རང་དབང་ཁོར་ཡུག་ལེགས་པར་སྐྱོང་བ་སོགས་ལ་གཤོག་ཟུང་སྤྲད་ཡོད། ཡང་ན"རང་དབང་ནི་དྲྭ་བ་དང་རྩོམ་རིག་གཉིས་སྦྲེལ་བྱེད་ཀྱི་ཟམ་པ་ཡིན"[4]པ་ལྟར་དྲྭ་བ་དང་རྩོམ་རིག་གཉིས་ཀྱི་ཐུན་མོང་གི་ཁྱད་ཆོས་དང་ཐུན་མོང་གི་ཚེ་སྲོག་དེས་དེ་གཉིས་མཉམ་དུ་སྦྱར་ཞིང་། སྔོན་གྱི་སྒྱུ་རྩལ་བཞེང་སྐྲུན་དང་རྩོམ་པའི་བཀག་རྒྱ་སོགས་མང་པོ་ཞིག་གཏོར་བཤིག་ཏུ་བཏང་ཡོད། སྦྲེལ་དྲྭའི་སྟེང་ནས་རྩོམ་པ་པོའི་ཆོ་ལོ་ཡོངས་སུ་དོར་ཡོད་པ་དང་། རྩོམ་རིག་འབྲི་བར་དགའ་བའི་མི་སུ་ཞིག་ཡིན་རུང་། ལག་པ་མཐེབ་གཞོང་ནས་ཤད་མར་འགུལ་བ་ཙམ་གྱིས་རྩོམ་རིག་བརྩམས་ཆོས་ཤིག་མྱུར་དུ་གྲུབ་ནས་ཀློག་པ་པོའི་མིག་མདུན་དུ་བསྟར་ཆོག
དེ་བས་དངོས་ཡོད་སྤྱི་ཚོགས་སུ་མངོན་འགྱུར་འབྱུང་མི་ཐུབ་པའི་རེ་འདུན་མང་པོ་ཞིག་སྦྲེལ་དྲྭའི་ཐོག་ནས་མངོན་འགྱུར་བྱེད་ཐུབ་པ་དང་། མི་སྒེར་གང་རུང་ཞིག་ཡིན་རུང་རང་རང་གི་འདོད་མོས་ལྟར་སྐད་ཆ་བརྗོད་པ་དང་ལྟ་ཚུལ་གླེང་བ་སོགས་བྱ་ཆོག་པ་ནི་དྲྭ་བས་བསྐྲུན་པའི་དཀྱེལ་ཡངས་ཀྱི་ཁོར་ཡུག་སྤྲོ་མོ་ཞིག་ཡིན་པ་དང། རྩོམ་རིག་སྒྲིག་གཞིའི་ངོས་ནས་བལྟས་ན། རྩོམ་རིག་རང་གི་ཁྱབ་སྤེལ་གྱི་ཚད་བཀག་ཡོངས་སུ་བརྒལ་བར་བྱས་ཡོད་དེ། དྲྭ་བའི་སྟེང་གི་རྩོམ་རིག་བརྩམས་ཆོས་གང་ཞིག་དུས་ཚོད་སྐར་ཆ་ཁ་ཤས་ཀྱི་རིང་དུ་ཀློག་པ་པོའི་སྔུན་དུ་ཤར་ཐུབ་ལ། དུས་དེབ་དང་ཚགས་པར་ལྟར་དཔར་སྐྲུན་སོགས་ཀྱི་དུས་ཚོད་མང་པོ་ཞིག་མི་དགོས་པས་ཀློག་པ་པོའི་རྩོམ་ཡིག་ཀློག་འདོད་ཀྱི་རེ་འདོད་དེ་མྱུར་དུ་འགྲུབ་ཐུབ། གཞན་ཡང་། དྲྭ་རྩོམ་རང་ངོས་ནས་ཁྱད་ཆོས་ཤིག་ཡོད་པ་ནི་རྩོམ་སྒྲིག་པ་དང་རྩོམ་སྒྲིག་ཁང་། དཔར་སྐྲུན་ཁང་སོགས་སྒོ་ཐེམ་མང་པོ་ཞིག་བརྒལ་མི་དགོས་པར། རྩོམ་པ་པོས་ཐད་ཀ་ཐད་ཀར་དུ་སྤེལ་ཆོག་པ་དེ་ཡིན། སྲོལ་རྒྱུན་གྱི་གསར་རྩོམ་ལྟ་བུར་མཚོན་ན། རྩོམ་པ་པོས་སྐད་ཆའི་བདག་དབང་ཆེ་ཤོས་ཤིག་བཟུང་ཡོད་པ་དང། རང་གི་བརྩམས་ཆོས་གང་རུང་གི་ལྟ་བ་དང་འདོད་ཚུལ་དེ་ཕངས་མེད་དུ་ཀློག་པ་པོ་རྣམས་ལ་བརྗོད་པ། ཀློག་པ་པོས་ཀྱང་མ་འདོད་རང་འདོད་ཀྱིས་ཉན་ནས་སྡོད་པ་དེ་ཡིན། རྩོམ་པ་པོ་དང་ཀློག་པ་པོའི་འབྲེལ་བ་དེ་ནི་བླ་མ་དང་མང་ཚོགས་ལྟ་བུ་ཞིག་ཏུ་སྣང་ཡོད། ཡིན་ཡང་དྲྭ་ཐོག་ནས་རྩོམ་པ་པོ་དང་ཀློག་པ་པོ་སོགས་འདྲ་མཉམ་གྱི་ཚད་ཐིག་ཅིག་གི་སྟེང་དུ་གནས་ཤིང། རྩོམ་པ་པོ་ཞེས་སྐད་ཆའི་བདག་དབང་སྒེར་གཅོད་མཁན་ཞིག་དང་ཀློག་པ་པོ་ཞེས་འདུ་ཤེས་འཛིན་སྟངས་གཞན་བཟུང་གི་རྣམ་པ་དེ་ཡོངས་སུ་གཏོར་ཡོད་དེ། བརྩམས་ཆོས་གང་ཞིག་དྲྭ་ཐོག་ཏུ་སྤེལ་རྗེས་མྱུར་དུ་ཀློག་པ་པོ་རྣམས་ཀྱིས་མི་སྒེར་གྱི་དྲན་ཚུལ་རྣམས་དུས་ལྟར་སྤེལ་ཆོག་པས། དུས་ཚོད་ཐུང་ཐུང་ནང་ཀློག་པ་པོ་དང་རྩོམ་པ་པོ་གཉིས་བར་གྱི་ལྟ་ཚུལ་བརྗེ་རེས་སོགས་བྱས་ཆོག་པ་ཡིན། གཞན་བརྩམས་ཆོས་གང་ཞིག་གི་བཟང་ངན་ཡང་ཁ་ཁོག་མེད་པར་གསོང་བོར་བརྗོད་སྲིད་པས་རྩོམ་པ་པོ་དང་ཀློག་པ་པོ་གཉིས་བར་གྱི་བསམ་བློ་བརྗེ་རེས་དང་ལྟ་ཚུལ་གླེང་བ་དེ་འདྲ་མཉམ་གྱི་གནས་ཚུལ་འོག་སྤེལ་ཐུབ་པ་འདི་ནི་སྔོན་དུས་བྱུང་མ་མྱོང་བའི་དོན་ཞིག་ཡིན། མདོར་དྲིལ་ན་དྲྭ་རྩོམ་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི་རྩོམ་རིག་ལ་རང་དབང་གི་ཁོར་ཡུག་ཡངས་མོ་ཞིག་བསྐྲུན་པ་དང་། རྩོམ་པ་པོ་དང་ཀློག་པ་པོའི་བར་ཐག་སྔར་ལས་ཇེ་ཉེ་རུ་བཏང་བ་དེ་ཡིན།
2. རྩོམ་པ་པོའི་མང་ཚོགས་རང་བཞིན།
"དྲྭ་བའི་རྩོམ་རིག་གི་ཆེས་གལ་ཆེ་བའི་དོན་སྙིང་ནི་རྩོམ་རིག་ཕྱིར་དམངས་ཁྲོད་དུ་བསྐྱལ་བ་དེ་ཡིན"[5]པ་དང་། རྩོམ་པ་པོ་ཞེས་པའི་ཆོ་ལོ་གནང་ཡོད་པ་དེས་རྩོམ་རིག་ནི་སྤྱི་ཚོགས་ཀྱི་མཐོ་རིམ་མི་སྣའི་གྲས་སམ་ཡང་ན་སྤྱི་ཚོགས་སྟེང་བསམ་བློ་དང་འདུ་ཤེས་ཀྱི་གོ་གནས་ངེས་ཅན་ཞིག་ཟིན་ཡོད་པའི་སྐྱེ་བོ་ཉུང་ཤས་ཤིག་གི་ལས་སུ་འཁུམས་ཡོད། དེར་མ་ཟད་རྩོམ་རིག་གི་སྐད་ཆའི་བདག་དབང་ཡང་མི་ཁ་ཤས་ཤིག་གིས་སྤྱོད་པ་ལས། མང་ཚོགས་སམ་སྐྱེ་བོ་ཕལ་བ་དག(རྩོམ་པ་པོའི་ཆོ་ལོ་མེད་པའི་མི་དག)ནི་ནམ་ཡང་རྩོམ་རིག་གི་སྒོ་ཐེམ་དང་རིང་དུ་བཀྱེད་ཡོད། དྲྭ་བའི་རྩོམ་རིག་བྱུང་བ་དེས་མང་ཚོགས་ཀྱི་སྐད་སྒྲ་གཞི་ནས་དོན་དངོས་སྤྱི་ཚོགས་སྟེང་ཐོས་ཐུབ་ཡོད་པ་དང་། དེ་ནི་རྩོམ་རིག་འཕེལ་རྒྱས་ཀྱི་རྟགས་མཚན་གང་རུང་ཞིག་ཀྱང་ཡིན་ཏེ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིན(铁ཤྷ)གྱིས་གསུངས་པ་ཇི་བཞིན། "དྲྭ་བའི་རྩོམ་རིག་གི་བྱུང་བ་དེས་ཤོག་ངོས་སུ་ཕབ་པའི་སྲོལ་རྒྱུན་གྱི་སྐད་ཆའི་བདག་དབང་དེ་མགོ་རྟིང་བསློགས་ཡོད་ལ། དེ་ནི་མང་ཚོགས་རང་བཞིན་དང་རང་དབང་རང་བཞིན་གྱི་སྟེགས་བུ་ཞིག་ཡིན་པར་མ་ཟད། རྩོམ་རིག་ལ་དུངས་པའི་མི་རྣམས་ལ་ལྟོས་བཅོས་ཀྱིས་འདྲ་མཉམ་གྱི་གོ་སྐབས་ཤིག་སྤྲད་ཡོད"[6]ཅེས་པ་བཞིན། རྩོམ་རིག་ཕྱིར་དམངས་ཁྲོད་དུ་ལོག་པ་དེས་རྩོམ་རིག་ནི་རང་དབང་རང་བཞིན་ཅན་ཞིག་ལས་མི་སྒེར་གང་རུང་ཞིག་གི་སྤྱོད་ཡུལ་ཁོ་ནར་མ་གྱུར་པ་དེ་མངོན་པར་ཤེས་ཐུབ། དེ་བས་འདི་ལའང"དམངས་ཁྲོད་རྩོམ་རིག་གསར་མའི"རྒྱན་ཆ་ཞིག་སྤྲས་ཆོག་སྟེ། འདི་ལྟར་བརྗོད་པའི་རྒྱུ་མཚན་ནི་གཅིག་ནས་དྲྭ་བའི་རྩོམ་རིག་དང་སྲོལ་རྒྱུན་གྱི་དམངས་ཁྲོད་རྩོམ་རིག་གཉིས་ལ་ཐུན་མོང་གི་ཁྱད་ཆོས་ཡོད་ལ། དུས་མཚུངས་སུ་དྲྭ་བའི་རྩོམ་རིག་ལ་ཁྱད་ཆོས་གསར་པ་ཁ་ཤས་ཡོད་པ་ཡིན།
དེའི་རྐྱེན། ང་ཚོས་དམངས་ཁྲོད་རྩོམ་རིག་ཅེས་པའི་གོ་དོན་འདི་ལའང་གོ་བ་གསར་པ་ཞིག་ལེན་དགོས་པ་ཡིན་ཏེ། སྲོལ་རྒྱུན་གྱི་གོ་བ་ལེན་སྟངས་ལྟར་ན་དམངས་ཁྲོད་རྩོམ་རིག་ནི"རྒྱ་ཆེ་བའི་མང་ཚོགས་ཀྱིས་ཐུན་མོང་གིས་གསར་རྩོམ་བྱས་ཤིང་ངག་ཐོག་ནས་བརྒྱུད་སྤྲོད་བྱེད་པའི་རྩོམ་རིག་བརྩམས་ཆོས་ལ་ཟེར"[7]ཞིང་། གསར་རྩོམ་དང་བརྒྱུད་སྒྲོག་གི་རྣམ་པ། བསམ་པའི་བརྩེ་དུང་དང་མཛེས་དཔྱོད་ཀྱི་ལྟ་ཚུལ་སོགས་ཕྱོགས་གང་ཞིག་ནས་བལྟས་ནའང་མང་ཚོགས་དང་རྩོམ་རིག་གི་འབྲེལ་བ་དམ་དུ་བཟུང་ཡོད། དྲྭ་རྩོམ་འབྲི་བ་པོའི་མང་ཚོགས་རང་བཞིན་དང་གསར་རྩོམ་གྱི་རང་དབང་རང་བཞིན་སོགས་ཀྱི་ངོས་ནས་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་དང་གཅིག་མཚུངས་ཡིན། ཟུར་འདི་ནས་དྲྭ་བའི་རྩོམ་རིག་ནི་དམངས་ཁྲོད་རྩོམ་རིག་གསར་པ་ཞིག་རེད་ཅེས་བརྗོད་ཀྱང་འགལ་བ་མེད་སྙམ། ཡིན་ཡང་། འདི་ནས"དམངས་ཁྲོད"ཟེར་བའི་མིང་འདི་ལ་འགྱུར་བ་ཅུང་ཙམ་སོང་ཡོད་སྟེ། དམངས་ཁྲོད་རྩོམ་རིག་ནི་ཡི་གེའི་འབྲི་ཀློག་ལ་མི་བྱང་བའི་མི་དམངས་མང་ཚོགས་ཀྱིས་བརྩམས་པ་ཞིག་ཡིན་ལ། དྲྭ་བའི་རྩོམ་རིག་ནི་ཡི་གེ་འབྲི་ཀློག་གི་ཆུ་ཚད་ངེས་ཅན་ཞིག་ལྡན་པའི་མང་ཚོགས་ཀྱིས་བརྩམས་པ་ཞིག་ཡིན། དེ་ལ་དམངས་ཁྲོད་རྩོམ་རིག་གསར་པ་ཞེས་བརྗོད་པ་ནི། གཅིག་ནས་དྲྭ་རྩོམ་གྱིས་རྩོམ་རིག་ཕྱིར་མང་ཚོགས་ཀྱི་ཁྲོད་དུ་བསྐྱལ་བ་དང་། གཉིས་ནས"རྩོམ་པ་པོ་ཤི་སོང"ཟེར་བ་ནང་བཞིན་རྩོམ་པ་པོ་ཞེས་པའི་བདག་དབང་ཅན་གྱི་ཐ་སྙད་དེ་མེད་པར་བཟོས་ཤིང་། སུ་དང་གང་ཞིག་གིས་ཀྱང་རྩོམ་འབྲི་ཆོག་པ་དེའི་ཆ་ནས་དང་། དམངས་ཁྲོད་རྩོམ་རིག་གི་རྣམ་པ་ལྟར་རྩོམ་པ་པོའི་མང་ཚོགས་རང་བཞིན་སོགས་ཀྱི་ངོས་ནས་འདི་ནི་དམངས་ཁྲོད་རྩོམ་རིག་གསར་པ་ཞིག་རེད་ཅེས་བརྗོད་པ་ཡིན།
༣ དེང་རབས་ཕྱི་མའི་བསམ་བློའི་འདུ་ཤེས།
རྒྱ་ནག་པ་ཨིག་ཡང་ཡིག་ཆོན་གྱིས་བརྩམས་པའི《དྲྭ་བའི་རྩོམ་རིག་རགས་བཤད》ཅེས་པའི་དཔེ་ཆ་དེའི་ནང་དུ་དྲྭ་བའི་རྩོམ་རིག་གི་ཁྱད་ཆོས་ལ་དེང་རབས་ཕྱི་མའི་རིང་ལུགས(ཏྱཱཁྵསྨྱུམྵཏྣཾ)ཀྱི་ངོས་ནས་འགྲེལ་བཤད་བྱས་ཡོད། ལྟ་བ་འདི་སྤྱད་ནས་བོད་ཀྱི་དྲྭ་རྩོམ་ལ་བལྟས་ན། དྲྭ་ཐོག་གི་རྩོམ་རིག་གམ་བརྩམས་ཆོས་གང་མང་ཞིག་ལ་གོ་བ་དང་འགྲེལ་བ་བདེ་མོ་རྒྱག་ཐུབ་པར་མ་ཟད། དྲྭ་རྩོམ་ལ་རྒྱུས་ལོན་བྱེད་པར་ཕན་པ་ཆེན་པོ་ཞིག་ལྡན་པ་རེད།
སྤྱིར་དེང་རབས་ཕྱི་མའི་རིང་ལུགས་ཟེར་བ་ནི་གོ་དོན་རྒྱ་ཆེན་པོ་ཞིག་ཡིན་ལ། འདིར་ངོས་འཛིན་གྱི་ཐད་ནས་ཀྱང་མཁས་པ་སོ་སོར་ལྟ་ཚུལ་མི་མཐུན་པ་མང་པོ་ཞིག་མཆིས། ཡིན་ཡང་དེང་རབས་ཕྱི་མའི་རིང་ལུགས་ཀྱི་དགོངས་དོན་མདོར་དྲིལ་ཙམ་ཞིག་བརྗོད་ན། "དེང་རབས་ཕྱི་མའི་རིང་ལུགས་ནི་བསམ་པའི་འཁྱེར་སོ་ཞིག་གམ། བསམ་པའི་ངང་ཚུལ་དང་རིན་ཐང་གི་རྣམ་པ་ཞིག་གམ་ཡང་ན་ཤེས་བྱའི་རྣམ་འགྱུར་དང་རིག་གནས་སྐྱོན་བརྗོད་ཀྱི་སྙིང་སྟོབས་ཤིག་ཡིན། དེས་སྲོལ་རྒྱུན་གྱི་གཟུགས་འདས་རིག་པའི་དཀྱིལ་སྙིང་རང་བཞིན་དང་། སྤྱི་ཡོངས་རང་བཞིན་གྱི་ལྟ་ཚུལ་སོགས་གཏོར་བར་དམིགས་པ་དང་། དེའི་མངོན་སུམ་གྱི་རྟགས་མཚན་ནི་ཤམ་བྷ་ལ་དང་ལོ་རྒྱུས་གཏན་འབེབས་སྨྲ་བ། ངོ་བོ་རིང་ལུགས། རྨང་གཞི་རིང་ལུགས། དོན་སྙིང་གཏན་འཁེལ་རང་བཞིན་སོགས་ལ་རྒོལ་བ་བཏང་ནས། སྣ་མང་རང་བཞིན་དང་འཇིག་རྟེན་རང་བཞིན། ལོ་རྒྱུས་སྟེས་དབང་རང་བཞིན་སོགས་དར་སྤེལ་བཏང་སྟེ་དབང་ཐང་དང་ཚད་འཛིན་སོགས་ལ་སུན་འབྱིན་དང་ཐེ་གཏོགས་གཏོང་བ་དེ་ཡིན།"[8]
ཡང་གཅིག་བཤད་ན་ང་ཚོས་དེང་རབས་ཕྱི་མའི་རིང་ལུགས་ནི་འདི་ལྟར་ངོས་བཟུང་ཆོག་སྟེ། སྲོལ་རྒྱུན་གྱི་འདུ་ཤེས་སུ་ཚུད་པའི་འཇིག་རྟེན་པའི་ཀུན་སྤྱོད་ཚད་གཞི་དང་། སྟོན་པ་བླ་མེད། བདེན་ལུགས་དང་ཆོས་ཀྱི་ངོ་བོ། ཆོས་ཉིད། དབང་ཐང་སོགས་ནི་དོགས་སློང་དང་རྒྱབ་གཏོད་བྱ་ཆོག་པ་ཞིག་སྟེ། ཡོད་ཚད་ཕལ་བ་དང་འདྲ་མཉམ་ཡིན་ལ། འཇིག་རྟེན་སྟེང་དུ་བླ་ན་མེད་པའི་དངོས་པོ་ཞིག་མ་མཆིས་ལ་མཐར་ཐུག་གི་བདེན་པ་དང་ཐར་བ་ཞིག་ཀྱང་མེད་པས། འདིའི་ཁྱད་ཆོས་ནི་སྤྱོད་ལོག(ཀཱེསྟྲཱི)དང་དོགས་སློང་ཡིན་ཞེས་བརྗོད་ཀྱང་འགལ་བ་ཆེན་པོ་མེད་དེ། ཆེས་མ་མཐའ་ཡང་རིག་གནས་དང་སྒྱུ་རྩལ་གྱི་ངོས་ཐད་ནས་འདི་ལྟར་ངོས་བཟུང་ཆོག
དེ་ལྟར་ཡིན་པའི་རྐྱེན་གྱིས། འདི་འདྲའི་བསམ་པའི་འདུ་ཤེས་ཤིག་དང་རྩོམ་རིག་གི་མཁའ་དབུགས་ཤིག་ནི་བོད་ཀྱི་དྲྭ་བའི་རྩོམ་རིག་གི་གྲས་སུ་ཧ་ཅང་གིས་མངོན་སུམ་ཡིན་སྟེ། སྲོལ་རྒྱུན་གྱི་རིན་ཐང་ལྟ་ཚུལ་ལ་རྒོལ་བ། དབང་དང་ཐོབ་ཐང་ལ་རྒོལ་བ། སྒེར་གཅོད་དང་བདེན་ལུགས་ལ་རྒོལ་བ། ཀུན་སྤྱོད་ཚད་གཞི་ལ་རྒོལ་བ་སོགས་དྲྭ་རྩོམ་གྱི་གྲས་ན་སྐར་མ་འོད་ཆེན་བཞིན་ལྷང་ངེར་ཡིན། འདིའི་ནང་ནས་མཚོན་བྱེད་རང་བཞིན་ཅན་ཞིག་དྲངས་ན་སྙན་ངག་པ་མདའ་བཙན་པོས་བྲིས་པའི་སྙན་ངག《མཇེ》དང་། སེང་?ར་གྱིས་བྲིས་པའི《ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང》སོགས་ཀུན་སྤྱོད་དང་བདེན་པ་སོགས་ལ་རྒོལ་བ་ཚ་དྲག་པོ་བཏང་ཡོད་པའི་དྲྭ་རྩོམ་གྱི་རིགས་ནི། དེང་རབས་ཕྱི་མའི་རིང་ལུགས་ཀྱིས་བསྐྲུན་པའི་རིག་གནས་འདུ་ཤེས་དང་བསམ་པའི་འདུ་ཤེས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་དང་། འདི་ཡང་དྲྭ་བའི་རྩོམ་རིག་གི་ཁྲོད་ནས་བྱུང་ཞིང་འཕེལ་བཞིན་པའི་རྩོམ་རིག་གི་ཁྱད་ཆོས་དོད་པོ་ཞིག་རེད།
ཞར་བྱུང་དུ་བོད་ཀྱི་དྲྭ་བའི་རྩོམ་རིག་དང་རྒྱ་མི་རིགས་ཀྱི་དྲྭ་བའི་རྩོམ་རིག་གཉིས་བསྡུར་བ་ཡིན་ན། རྣམ་པའི་ཆ་ནས་མི་འདྲ་ས་མཆིས་ཏེ། རྒྱ་མི་རིགས་ལ་མཚོན་ན་དྲྭ་བའི་རྩོམ་རིག་གཙོ་བོ་ནི་འདོད་སྒྲུང(ཉེཾཋཱགྱཽནྠི)དང་དཔའ་སྒྲུང(ཀྻཾཁྔགྱཽནྠི)སོགས་དེང་དུས་ཀྱི་འབྲི་ཐབས་སྣ་མང་སྤྱོད་པའི་སྒྲུང་གཏམ་རིགས་ཀྱིས་དྲྭ་བ་དང་ཚོང་རའི་གོ་གནས་བཟུང་ཡོད་པ་དང་། བོད་ལ་མཚོན་ན་དྲྭ་བའི་རྩོམ་རིག་གི་གཞི་ཁྱོན་ཆེ་ས་དེ་སྙན་ངག་གཙོས་པའི་བརྩམས་ཆོས་ཀྱིས་བཟུང་ཡོད་པ་ལས། སྒྲུང་གཏམ་རིགས་ཀྱིས་དྲྭ་རྩོམ་གྱི་གཙོ་རྒྱུགས་གོ་གནས་དེ་འཛིན་ཐུབ་ཀྱིན་མེད། ཁྱད་པར་འདི་ནི་བོད་རྒྱ་གཉིས་ཀྱི་དྲྭ་རྩོམ་འབྲི་མཁན་རྣམས་དང་ཀློག་པ་པོ། རྩོམ་རིག་ཚོང་ར་རྣམས་ལའང་རག་ལས་ཅུང་ཟད་ལས་ཡོད་པ་དང་། སོ་སོའི་རིག་གནས་མཁའ་དབུགས་དང་རིན་ཐང་ལྟ་ཚུལ། སྐད་དང་ཡི་གེ་སོགས་ལའང་འབྲེལ་བ་ཟབ་མོ་ཞིག་ཡོད་ངེས།
ལོ་ངོ་འདི་འགའི་རིང་དུ་དྲྭ་བའི་རྩོམ་རིག་དེ་སྤྱི་ཚོགས་སམ་རྩོམ་རིག་གི་སྡེ་རུ་ཤུགས་ཀྱིས་འཚང་འོངས་པ་ནས་བཟུང་། སྤྱི་ཚོགས་སྟེང་གི་མི་སྣ་དང་ཤེས་ཡོན་པ་མང་པོས་དེ་ལ་དོ་སྣང་བྱེད་ཀྱིན་པ་ཤེས་ཐུབ་སྟེ། རྒྱ་མི་རིགས་ལ་མཚོན་ན་དྲྭ་བའི་རྩོམ་རིག་གི་ཕྱོགས་ལ་གླེང་མོལ་དང་ལྟ་ཚུལ་ད་སྔའི་བར་དུ་དྲང་ལྡོག་གཉིས་ནས་མང་པོ་ཞིག་བྱུང་ཟིན་མོད། དྲྭ་བའི་རྩོམ་རིག་གིས་རྩོམ་རིག་གི་ཚོང་ར་ཤད་ཀྱིས་བཅད་པ་ནས་བཟུང་། དེ་ལ་དོ་སྣང་བྱེད་པ་དེ་ཡང་མི་འཐད་རང་འཐད་ཀྱི་ལས་ཀ་ཞིག་ཏུ་གྱུར་ཡོད། བསྟུད་མར"ལུའུ་ཞུན་རྩོམ་རིག་བྱ་དགའི"[9]གྲས་སུ་དྲྭ་བའི་རྩོམ་རིག་བརྩམས་ཆོས་ཚུད་ཡོད་པ་དང་། གཞན་ལུའུ་ཞུན་རྩོམ་རིག་སློབ་གླིང་ནས་དྲྭ་རྩོམ་འབྲི་མཁན་གསོ་སྐྱོང་གནང་སའི་ས་ཚིགས་བཙུགས་ནས་དུས་ལྟར་དྲྭ་རྩོམ་འབྲི་བ་པོ་གསོ་སྐྱོང་གནང་བཞིན་ཡོད། དེ་དང་མཐུད་ནས"མའོ་ཏོན་རྩོམ་རིག་བྱ་དགའི"[10]གྲས་སུའང་དྲྭ་བའི་བརྩམས་ཆོས་བསྡུ་རྒྱུ་ཡིན་པའི་གསལ་བརྡ་བསྒྲགས་པ་དང་། ལུའུ་ཞུན་དང་མའོ་ཏོན་སོགས་ཚད་རིམ་མཐོན་པོའི་རྩོམ་རིག་བྱ་དགའི་གྲས་སུ་དྲྭ་རྩོམ་ཚུད་པ་དེས་དྲྭ་རྩོམ་ལ་གདེང་འཇོག་མཐོན་པོ་ཞིག་བྱས་ཡོད་པ་ཤེས་ཐུབ། བོད་ལ་མཚོན་ན་ཉིས་སྟོང་བཅུ་ལོའི《སྦྲང་ཆར》དེབ་གཉིས་པའི་སྟེང་དུ། "དྲྭ་རྩོམ་ཡིད་ཀྱི་རང་མདངས"ཞེས་པའི་ཆེད་བསྒྲིགས་ལེ་ཚན་ཞིག་བཀོད་ཡོད། དེའི་ནང་དུ་ནག་པོ་དང་ཁྱུང་བཟང་། ཅོར་རིགས་འཇམ་དཔལ་སྐྱབས། སེང་?ར་བཅས་དྲྭ་རྩོམ་འབྲི་བ་པོ་བཞི་ཡི་བརྩམས་ཆོས་དྲྭ་སྟེང་ནས་བདམས་ཏེ་བཀོད་ཡོད། དེ་ནི་བོད་ཀྱི་དྲྭ་བའི་བརྩམས་ཆོས་ཐོག་མར་ཚད་ལྡན་དུས་དེབ་སྟེང་བཀོད་པ་ཡིན་པར་མ་ཟད། དྲྭ་རྩོམ་ལ་དོ་སྣང་བྱེད་མགོ་ཚུགས་པའི་མཚན་མ་ཞིག་ཀྱང་ཡིན་པས། བོད་ཀྱི་རྩོམ་རིག་དང་དྲྭ་བའི་རྩོམ་རིག་སོགས་ཕྱོགས་གང་ལ་མཚོན་ནའང་དེ་ནི་འཕེལ་རྒྱས་ཤིག་དང་དཀྱེལ་ཡངས་ཤིག་ཅི་ལ་མིན།
གོང་གསལ་གནས་ཚུལ་དེ་དག་ལས་ང་ཚོས་ཀྱང་བོད་ཀྱི་དྲྭ་རྩོམ་དེ་ཡང་རིམ་གྱིས་མི་རྣམས་ཀྱིས་དང་ལེན་བྱས་ཤིང་། གདེང་འཇོག་དང་རྒྱབ་སྐྱོར་གནང་གིན་ཡོད་པའི་འཕེལ་ཕྱོགས་དེ་ཤུགས་ཀྱིས་རྟོགས་ཐུབ། མིག་སྔར་མཚོན་ན་ད་དུང་དེ་འདྲའི་སྤྱི་ཁྱབ་རང་བཞིན་ཞིག་མིན་རུང་། དྲྭ་རྩོམ་འབྲི་བ་པོའི་བསམ་པའི་ལོངས་སྤྱོད་ཕུན་ཚོགས་དང་རྩོམ་རིག་བློ་སྦྱོང་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས་བོད་ཀྱི་རྩོམ་རིག་གི་ཁྲོད་དུའང་ཕུལ་ཏུ་བྱུང་བའི་དྲྭ་རྩོམ་མང་པོ་འབྱུང་བ་དང་། དཔར་སྐྲུན་བྱས་པ། བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཐོད་བརྒལ་རང་བཞིན་གྱི་ནུས་པ་འདོན་པ་སོགས་འོད་སྟོང་འབར་བའི་དྲྭ་རྩོམ་གྱི་སྐྱ་རེངས་ཤིག་འཆར་ངེས་ཡིན།