ལེའུ་དང་པོ། དར་ལྕོག
གཅིག བསམ་པ་ལྷུན་གྲུབ་མ།
སློང་སློང་གི་ལོ་ན་ཤིན་ཏུ་ཆུང་དུས། ཨ་ཕར་ཅི་ཡང་ཡོད་པ་དང་། ཨ་ཕས་ཅི་ཡང་ནུས་པ་རྟོགས་པས། ནམ་རྒྱུན་རང་ཉིད་ཨ་ཕར་འགྱུར་བར་རེ་ལྟོས་བྱས། དེའི་རྗེས་སུ་བཀྲ་ཤིས། ཚེ་རིང་། དོན་གྲུབ་བཅས་ཀྱི་ཨ་ཕ་སྔ་ཕྱིར་ཚེ་ལས་འདས་པ་མ་ཟད། ཁོ་ཚོ་སྔ་ཕྱིར་ཨ་ཕར་གྱུར་ཏེ་ཁྱིམ་གཞིས་སྐྱོང་བཞིན་པ་མཐོང་བ་ན། སློང་སློང་གིས་རང་གི་ཨ་ཕ་མྱུར་མོར་ཚེ་ལས་འདས་ན་ལེགས་པ་ལ་ཨང་སྙམ་སོང་།
སློང་སློང་ཕོ་ལོ་བཅོ་བརྒྱད་ལ་སོན་སྐབས། ཨ་ཕ་གློ་བུར་དུ་ཚེ་ལས་འདས་པས། སློང་སློང་གིས་ཨ་ཕའི་དོད་ལ་ཁྱིམ་གཞི་འདོད་བློ་ལྟར་བསྐྱངས་པ་ན། ཉིན་མོ་སྣང་བ་སྐྱིད་པ་དང་། མཚན་མོའང་སྣང་བ་ཤིན་ཏུ་སྐྱིད། དེ་ནས་ཆུང་མ་བསུས། ཆུང་མ་ལ་བུ་ཆུང་བཙས་ཏེ། ཁོ་རང་ནི་ངེས་པ་དོན་གྱི་ཨ་ཕར་གྱུར་པ་ན། ཁོས་རང་ཉིད་ལ་ཨ་ཕས་ཤུལ་བཞག་གི་སྒོ་ཕྱུགས་དང་དངོས་པོ་དེ་དག་ལས་ཅི་ཡང་མེད་པ་གློ་བུར་དུ་རྟོགས་པ་དང་། ལྷག་པར་ཆུང་མ་གཏུམ་མོ་དེ་ཁྱིམ་ཚང་གི་མངའ་བདག་ཏུ་གྱུར་པ་ན། ཁོ་རང་གིས་ཁོ་མོར་ཡ་ཡ་དང་ལགས་སོ་ཟེར་བ་ལས་ཅི་ཡང་མི་ནུས་པ་ཡོངས་སུ་རྟོགས་སྐབས། ཡིད་ལ་ནམ་རྒྱུན་ཨ་ཕ་འཕོས་ཏེ། ཅི་ཡང་ནུས་ཤིང་ཅི་ཡང་ཡོད་པའི་ཨ་ཕ་དེ་ད་དུང་འཇིག་རྟེན་དཀར་ངོགས་ན་ཡོད་ན་ལེགས་པ་ལ་ཨང་སྙམ་བྱུང་།
ཨུ་ཤུ། སྲིད་པའི་ཁྱོན་དུ་ཆེས་གལ་འགངས་ཆེ་བ་ནི་ཨ་ཕ་ཡིན་དགོས་འདུག
གཉིས། སྒྲོལ་མ།
ཕོ་ལོ་བདུན་བརྒྱད་ཙམ་ལ་སོན་པ་ནས་བཟུང་། སློང་སློང་གིས་འབྱུང་འགྱུར་གྱི་ཆུང་མར་རེ་ལྟོས་བྱས་མོད། སྒྲོལ་མ་ཁྱིམ་ལ་སླེབས་པའི་དུས་ནས་བཟུང་ཆུང་མར་རེ་ལྟོས་ཅི་ཡང་མེད་པར་གྱུར།
སློང་སློང་གིས་ཐ་མག་འཐེན་ན། སྒྲོལ་མས་ཁོང་ཁྲོ་བཅས"ཁྱོད་ཀྱི་ཁ་ནང་ལ་ཐལ་རྒྱོབས"ཟེར། སློང་སློང་གིས་ཆང་འཐུང་ན། སྒྲོལ་མས་ཞེ་སྡང་གནོན་ཐབས་བྲལ་བའི་སྒོ་ནས"ཁྱོད་ཀྱིས་གཅིན་ཐུངས"ཟེར། སློང་སློང་ཕྱི་ལ་སོང་ནས་ཡུན་རིང་ཙམ་འགོར་ན། ཁོ་མོས"ཁྱོད་ནི་སྐྱེས་པ་སློང་སློང་ཡིན་ནམ། ཁྱི་རྐུན་སློང་སློང་ཡིན"ཟེར། མདོར་ན། སློང་སློང་ནི་ལས་ཅི་དང་གང་ལ་ཞུགས་ཀྱང་། བསྟོད་བསྔགས་ཀྱི་གཏམ་ནི་ཚིག་གཅིག་ཀྱང་ཐོས་མི་སྲིད། ལྷག་པར་ཡིད་སྐྱོ་བ་ཞིག་ནི། སྒྲོལ་མར་དགའ་རོགས་འགའ་ཞིག་ཡོད་པ་དང་། བུ་གཉིས་ཀའི་ཨ་ཕའང་སུ་ཡིན་མི་ཤེས།
སློང་སློང་ལ་ཁོང་ཁྲོ་ལྡང་མི་སྲིད་དམ་ཞེ་ན་ལྡང་སྲིད་མོད། འཁོན་ན་ཆུང་མའི་ཚིག་གི་དོ་ཡར་མི་ཡོང་། འཐབ་ན་ཆུང་མའི་ཤུགས་ཀྱི་དོ་ཡར་མི་ཡོང་བས། ནམ་རྒྱུན་ཁ་རོག་གེར་ཆུང་མའི་ངག་བཀོད་ལྟར་ཟས་རིགས་གཡོས་སྦྱོར་གྱི་ལས་ལ་འབད་པ་ན། དུས་ཡུན་ངེས་ཅན་ཞིག་གི་རྗེས་སུ་ཁོ་རང་ནི་ཇ་མ་འཇོན་ཐང་ཅན་ཞིག་ཏུ་གྱུར་སོང་།
སྐབས་ཤིག་ལ། སློང་སློང་ལ་ངོས་ཟིན་འདི་འདྲ་བྱུང་སྟེ། སྒྲོལ་མ་ནི་རང་ཉིད་སྡུག་བསྔལ་ལས་སྒྲོལ་མཁན་མིན། སྒྲོལ་མ་ནི་རང་ཉིད་བདེ་སྐྱིད་ལས་སྒྲོལ་མཁན་རེད།
གསུམ། རྒྱལ་མཚན་རྩེ་མོ།
དུས་ཀྱི་འགྲོས་དང་བསྟུན་ནས། སློང་སློང་གིས་ནམ་རྒྱུན་རེ་ལྟོས་བྱེད་པ་ནི་ཁྱིམ་གྱི་གོ་གནས་སུ་གྱུར་མོད། འོན་ཏེ་ཁོ་རང་ལས་གང་ཞིག་ལ་ཞུགས་ཀྱང་། མཇུག་འབྲས་ནི་ཕྱིན་ཅི་ལོག་པ་འབའ་ཞིག་ལས་འབྱུང་མི་སྲིད་པ་དང་། གྲུབ་འབྲས་དེ་འདྲ་སྨིན་ཐེངས་རེར་ཁོ་རང་གིས་ཆུང་མའི་གཅར་རྡུང་ཡ་ང་བ་རེ་མྱོང་དགོས། ང་ལ་ཅི་བྱུང་བ་ཡིན་ནམ། མི་ཕོ་གཞན་པ་རྣམས་ཀྱིས་ལས་ཀ་དེ་འདྲ་གཉེར་ན། གྲུབ་འབྲས་རང་གི་འདོད་མོས་དང་མཐུན་པ་རེ་སྨིན་བཞིན་ཡོད་པ་མ་ཡིན་ནམ། ཁོ་རང་དངོས་འབྲེལ་འུ་ཐུག་པར་གྱུར།
སྐབས་ཤིག་ལ། སློང་སློང་གིས་རང་ཉིད་རྟག་ཏུ་ཕམ་པ་ནི་རླུང་རྟ་རྒུད་པའི་མཐའ་འབྲས་ཡིན་པར་སྙམ་སྟེ། རི་རབ་དང་ལྷུན་པོའི་རྩེར་འཛེགས་ནས་རྒྱལ་མཚན་རྩེ་མོ་དང་། གདུགས་དཀར། བསམ་པ་ལྷུན་འགྲུབ་མ་སོགས་ཀྱི་དར་ལྕོག་བསླངས་མོད། ཆུང་མ་ནི་སྔར་ལྟར་བཙན། རང་ཉིད་ནི་སྔར་ལྟར་གཉོམ་པ་མ་ཟད། ལས་གང་ལ་རོལ་ཀྱང་མཇུག་འབྲས་ནི་སྔར་ལྟར་ཕྱིན་ཅི་ལོག་པ་སྐོར་ཞིག་སྨིན་པས། སློང་སློང་གི་ཡིད་སེམས་ཡོངས་སུ་ཕམ་པ་དང་། ཡིད་སེམས་རབ་ཏུ་ཕམ་པ་དང་བསྟུན་ནས། རང་གི་ཡོད་ཚད་ནི་ལས་ཀྱིས་བཀོད་སྒྲིག་བྱས་པ་ཡིན་པས། ཇི་ལྟར་འབད་ཀྱང་ལས་ཀྱི་ཕ་མཐར་འགོམ་མི་ནུས་སྙམ་སོང་།
སློང་སློང་མྱུར་མོར་རྒས་སོང་། ཁོའི་དཔྲལ་ངོས་ཀྱི་གཉེར་མ་ནི་ན་མཉམ་རྣམས་ལས་ལྡབ་འགྱུར་གྱིས་མང་།
བཞི། གདུགས་དཀར།
སློང་སློང་གི་སེམས་པ་འདས་ལོག་བྱུང་སོང་། སྐབས་ཤིག་ལ། སློང་སློང་གིས་རང་ཁྱིམ་ནས་གོ་ས་མི་རེག་ན། སྡེ་བ་དང་ཚོ་བའི་གྲས་སུ་མཚན་སྙན་དང་གོ་གནས་བརྩོན་ལེན་བྱས་ཆོག་པར་སྙམ་སྟེ། མི་མང་ཚོགས་ས་འདུ་ས་གང་ཞིག་ལ་བསླེབས་ཀྱང་། གོ་སྐབས་དམ་འཛིན་བྱས་ཏེ་བཀོད་འདོམས་ཀྱི་ལས་ལ་འབད་མོད། ཁོ་རང་གི་ངག་ལ་ཉན་མཁན་གཅིག་ཀྱང་མེད་པ་མ་ཟད། ལ་ལས་ཁོ་ལ་སྡང་མིག་གིས་ལྟ་བ་དང་། ལ་ལས"ཁྱོད་ཀྱིས་འདི་འདྲ་ནུས་སམ"ཞེས་སྡིགས་དམོད་བྱས་པ་ན། སློང་སློང་གི་སྙིང་རྩེ་ནས་མཆི་མའི་རྒྱུན་ཞིག་བ?ལ་ཏེ། གློ་མཆིན་གཉིས་ཀ་འཁྱག་རོམ་དུ་འདྲེན་མོད། ཁོ་རང་གི་སེམས་པ་གཏན་ནས་མ་ཕམ་སྟེ། སྔར་ལྟར་མཚན་སྙན་འཚོལ་བའི་ལས་ལ་འབད།
སྐབས་ཤིག་ལ། སྡེ་མི་རྣམས་ཀྱིས་འདུ་ར་བསྡུས་ཏེ་སྡེ་དོན་ལ་གྲོས་མོལ་བྱེད་སྐབས། སློང་སློང་ནི་ནམ་རྒྱུན་སྡེ་དཔོན་གྱི་ལྡོག་ཕྱོགས་སུ་ལངས་ཏེ། ལས་ཀ་གཉེར་ལུགས་རང་གི་འདོད་བློ་དང་བསྟུན་པར་འབད་པ་ན། ཁོ་རང་ལ་མཚན་སྙན་ཅུང་ཟད་བྱུང་སོང་། ཉིན་ཞིག་ལ། སློང་སློང་གིས་སྡེ་དཔོན་གྱི་ཚབ་བྱས་ཏེ་སྡེ་དོན་ལ་བཀོད་འདོམས་བྱེད་སྐབས། སྡེ་དཔོན་གྱིས་ལྐོག་ཏུ་ཁོ་རང་གི་ཆུང་མར་ཁ་པར་བཏང་སྟེ་འདུ་རར་བོས་པ་དང་། ཆུང་མས་སློང་སློང་གི་སྤྱོད་ལམ་མཐོང་མ་ཐག་ཁོང་ཁྲོ་གློ་བུར་བ་ཞིག་ལྡང་བས། ཅི་བསམ་འདི་བསམ་མེད་པར་ཁྱོ་གའི་རྣ་བ་གཡོན་པ་ནས་བཟུང་སྟེ་ཁྱིམ་གྱི་ཕྱོགས་སུ་དྲུད་པ་ན། སློང་སློང་ནི་ཤིན་ཏུ་སྐྱེངས་པར་གྱུར་ཏེ། གདོང་དམར་པོར་གྱུར། ལུས་ནས་རྔུལ་ཆུ་བ?ལ་མོད། འཐབ་ན་ཆུང་མའི་དོ་ཟླར་མི་ཡོང་བས། ན་ཟུག་མ་བཟོད་དེ་མཆི་མ་འདོན་བཞིན་ཆུང་མའི་རྗེས་སུ་འབྲངས།
མཚན་མོ་དེར། སློང་སློང་གཅིན་པ་གཏོང་བར་འགྲོ་དུས། སྡེ་དཔོན་ནི་ཆུང་མའི་རུམ་ན་གཉིད་འདུག་པ་མཐོང་བྱུང་བས། ལུས་ཀྱི་ཟུངས་ཁྲག་སྐད་ཅིག་ལ་སྤྱི་གཙུག་ཏུ་འཕོས་པ་དང་། ཁོ་རང་སྐད་ཅིག་ཉིད་ལ་དྲན་མེད་དུ་བརྒྱལ་སོང་།
ལེའུ་གཉིས་པ། རླུང་བུ།
གཅིག དཔྱིད་ཀྱི་རླུང་བུ།
སློང་སློང་གི་ཡིད་སེམས་ཡོངས་སུ་ཕམ་སོང་།
ཁོ་རང་ཁྱིམ་ནས་འདུག་མི་འདོད་པ་དང་། སྡེ་བར་སྡོད་མི་ཚུགས་པས། ཅི་དྲན་མེད་པར་ཡུལ་གྲུ་གཞན་ལ་འཁྱམ་མགོ་བརྩམས།
ཕྱི་ལ་འཁྱམས་ཏེ་བཀྲེས་ལྟོགས་ཀྱི་སྡུག་བསྔལ་རབ་དང་རིམ་པ་མྱངས་པ་ན། སློང་སློང་གིས་ཐོག་མར་འཇིག་རྟེན་དུ་ཆེས་གལ་འགངས་ཆེ་བ་ནི་བཟའ་བ་དང་བཏུང་བ་ཡིན་པ་རྟོགས་པ་དང་། དེ་ནས་བཟའ་བཏུང་གི་འགག་རྩ་ནི་སྒོར་མོ་ཡིན་པ་རྟོགས་སོང་ལ། ཁོ་རང་ཁྱིམ་ན་ཡོད་དུས། གནད་འདི་བསམ་བློ་གཏན་ནས་བཏང་མ་མྱོང་།
བཟའ་བ་དང་བཏུང་བ་ཁོ་ནར་དམིགས་ཏེ། སློང་སློང་གིས་ལས་ཀ་ཙག་ཙིག་རེ་གཉེར་ཏེ་ཟས་ཡོན་འཚོལ་བར་འབད་མོད། ཁོ་རང་ལ་ལེ་ལོ་ཆེ་བ་དང་། ཁོ་རང་གི་ལས་ཕྱོད་ཞན་པས། གནས་གཅིག་ནས་ལས་ཀ་དུས་ཡུན་རིང་པོར་གཉེར་མི་ནུས།
སློང་སློང་གིས་ལས་ཀ་ཙག་ཙིག་རེ་གཉེར་བཞིན་མུ་ནས་མུ་ལ་འཁྱམས་པ་ན། ཡུལ་གྲུ་མང་པོ་མཐོང་བ་དང་། ཆ་ལུགས་མི་གཅིག་པའི་མི་སྣ་ཚོགས་ལ་འབྲེལ་འདྲིས་བྱས་པ་དང་བསྟུན་ནས། འཁྱམ་ལུགས་དང་འཚོ་ལུགས་ཐད་དུ་ཉམས་མྱོང་སྣ་མང་བྱུང་སྟེ། ནམ་ཡང་བཀྲེས་ལྟོགས་ཀྱི་སྡུག་བསྔལ་ཆེན་པོ་མྱོང་མི་དགོས་པར་གྱུར་མོད། མཚན་གྱི་རྨི་ལམ་དུ་ནམ་རྒྱུན་ཕ་ཡུལ་དུ་ལོག་བཞིན་གདའ།
གཉིས། དབྱར་གྱི་རླུང་བུ།
སློང་སློང་གིས་ཡུགས་མོ་ཞིག་གི་ཁྱིམ་དུ་ལས་ཀ་གཉེར་སྐབས། ཡུགས་མོ་དེ་དང་ལུས་འབྲེལ་བྱུང་བ་ན། དུས་ཡུན་ངེས་ཅན་ཞིག་ལ་ཆུང་མ་ཡོད་པ་དང་། གཏན་འཇགས་ཡིན་པའི་འཚོ་བ་རོལ་ཐུབ་པར་གྱུར་མོད། འཚོ་ལུགས་གཏན་འཇགས་སུ་གྱུར་པ་དང་བསྟུན་ནས། ཁོ་རང་གི་ལེ་ལོ་ཆེ་བ་དང་། ཁ་ཕོ་ཆེ་བའི་རང་གཤིས་ངན་པ་དེ་རིམ་བཞིན་ཕྱི་ལ་མངོན་པ་མ་ཟད། ཁྱིམ་གྱི་སྒོ་ཕྱུགས་ནི་གང་འདོད་ལྟར་བརླགས་པ་དང་། ཡུགས་མོ་ཉམ་ཆུང་ནི་སྒྲོལ་མའི་ས་ལ་བཀོད་དེ་བརྙས་བཅོས་ཡང་ཡང་བྱས་པ་ན། ཡུགས་མོའི་ཉེ་དུ་རྣམས་ལྷན་དུ་འདུས་ཏེ་ཁོ་རང་ཕྱི་ལ་སྤྱུགས་སོང་།
དེའི་རྗེས་སུ། སློང་སློང་ཕྱི་ལ་འཁྱམ་སྐམས་ནམ་རྒྱུན་མོ་ཧྲེང་རྣམས་ལ་ཡིད་འཇོག་བྱས་ཏེ། གཞན་ལ་སྤྲོ་བ་ཡོད་དུས་མག་པ་བྱེད་པ་དང་། རང་གི་གཤིས་ལུགས་མངོན་ལ་ཉེ་དུས་ཕྱི་ལ་འཁྱམས་པ་ན། ཁོ་རང་ཡུལ་སྡེ་སོ་སོའི་དུད་ཁྱིམ་མང་པོ་ཞིག་གི་མག་པར་གྱུར་པ་ཟད། སྐྱེས་མ་སྐོར་ཞིག་གིས་བྱིས་པའང་བཙས་བྱུང་།
ཁོ་རང་གཉན་ལུང་ཟེར་བའི་གྲོང་ཚོ་ཞིག་ལ་བསླེབས་རྗེས། སྐྱེས་མ་གོ་རྒས་ཤིག་གི་ཁྱིམ་དུ་བསྡད་དེ། ཐོག་མར་ཨ་མའི་ཁྱོ་ག་བྱས་ཏེ་འཚོ་བ་རོལ་བ་ན། ཁྱིམ་མི་ཀུན་ལ་སྐྱིད་ཀྱི་ཉི་མ་ཅུང་ཟད་ཤར། དེའི་རྗེས་སུ་སློང་སློང་སྐྱེས་མ་གོ་རྒས་མའི་བུ་མོའི་ཁྱོ་ག་བྱས་པ་ན། ཆུང་མ་མ་སྨད་གཉིས་ཀ་དགྲ་ཟླར་གྱུར། དེའི་གཞོན་ནུ་མ་དེར་དགའ་རོགས་སྟོབས་དང་ལྡན་པ་ཞིག་ཡོད་པར་གྱུར་པ་དང་། དགའ་རོགས་ཀྱིས་སྐྱེས་མ་གོ་རྒས་མ་མ་སྨད་གཉིས་ཀ་གྲོགས་སུ་བཀུག་སྟེ། ཁོ་རང་ལ་གཅར་རྡུང་ཡིད་ཚིམ་པ་བྱས་ཏེ་ཁྱིམ་སྒོར་དེད་པ་ན། ཁོ་རང་གི་གང་ས་ཀུན་ཏུ་མག་པ་བྱེད་པའི་འདུན་པ་དེ་གཏན་ནས་ཉམས་སོང་།
གསུམ། སྟོན་གྱི་རླུང་བུ།
སློང་སློང་ནི་ཟས་ཀྱི་གཡོས་སྦྱོར་ལ་ཤིན་ཏུ་མཁས། ཁོས་མཁའ་ལྡིང་དགོན་པར་ཟས་ཡོན་འཚོལ་བའི་ལས་ཀ་གཉེར་སྐབས། མཁའ་ལྡིང་རིན་པོ་ཆེས་ཁོ་རང་གི་ཡོན་ཏན་དེ་རྟོགས་པ་ན། སློང་སློང་ནི་སྤྲུལ་སྐུ་དེ་ཉིད་ཀྱི་གསོལ་ཐབ་པར་གྱུར།
མཁའ་ལྡིང་རིན་པོ་ཆེར་སྙན་གྲགས་ཤིན་ཏུ་ཆེ་བས། སློང་སློང་མཆོག་སྤྲུལ་རིན་པོ་ཆེའི་གསོལ་ཐབ་པར་གྱུར་པ་དང་བསྟུན་ནས། ཁོ་རང་ལ་མཚན་སྙན་གློ་བུར་བ་ཞིག་བྱུང་། མཁའ་ལྡིང་རིན་པོ་ཆེ་ལ་ཡོན་བདག་ཤིན་ཏུ་མང་བས། སློང་སློང་ནམ་རྒྱུན་བླ་མའི་སྐུ་མདུན་དུ་བཅར་ཏེ་ཞབས་ཞུ་སྒྲུབ་པ་ན། ཁོ་རང་ལ་ཡོང་འབབ་མང་པོ་བྱུང་།
སྐབས་ཤིག་ལ། མཆོག་སྤྲུལ་རིན་པོ་ཆེས་གྲྭ་ས་ནས་མི་སྐྱ་ཞིག་གཏན་སྡོད་བྱས་ན་སྟབས་མི་བདེ་ཞེས་གསུངས་པ་ན། སློང་སློང་གིས་བླ་མའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བླངས།
དུས་དེ་ནས་བཟུང་། སློང་སློང་ནི་མཁའ་ལྡིང་དགོན་གྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཏེ། མཚན་སྙན་རིམ་གྱིས་རྒྱས། ཡོང་འབབ་རིམ་གྱིས་འཕར་བ་ན། དགའ་བ་དང་སྤྲོ་བ་ཆེས་ཆེར་རྒྱས་པ་དང་བསྟུན་ནས། གབ་པའི་ཚུལ་དུ་གནས་པའི་རང་གཤིས་ངན་པ་དེའང་དལ་གྱིས་ཕྱི་ལ་མངོན་མགོ་བརྩམས།
བཞི། དགུན་གྱི་རླུང་བུ།
མཁའ་ལྡིང་དགོན་པར་དགེ་བསྙེན་གྱི་སྡོམ་པ་བླངས་རྗེས། ཉིན་མོ་ལས་ཀ་སྣ་ཚོགས་ལ་ཞུགས་པ་ན། ལུས་སེམས་གཉིས་ཀར་ཁོམ་སྐབས་མ་བྱུང་སྟེ་རྣམ་གཡེང་ལ་རོལ་པའི་དུས་ཤིག་རྙེད་མོད། མཚན་མོར་རྨི་ལམ་རྨི་སྐབས། ཁོ་རང་ནམ་རྒྱུན་ཕ་ཡུལ་དུ་ལོག་བཞིན་ཡོད་པ་མ་ཟད། ཕ་ཡུལ་དུ་ལོག་ཐེངས་རེར་ནམ་རྒྱུན་སྡེ་དཔོན་གྱི་ཆུང་མའི་རུམ་ལ་འཛུལ་འདུག
ཉིན་ཞིག་ལ། མཁའ་ལྡིང་རིན་པོ་ཆེའི་སྐུ་མདུན་ལ་ལང་ཚོ་དར་ལ་བབས་པའི་ཇོ་མོ་ཞིག་སླེབས་བྱུང་། ཇོ་མོས་བླ་མའི་མདུན་ནས་སྔོན་འགྲོ་ཞུ་བཞིན་སྡོད་སྐབས། སློང་སློང་དང་ཤིན་ཏུ་འདྲིས་པར་གྱུར་ཏེ། ཁོ་མོའི་དམ་བཅའ་ནི་རྩྭ་མགོའི་ཟིལ་བར་ཉི་འོད་ཕོག་པ་ལྟར་འཇིག་སོང་།
ཇོ་མོར་མངལ་སྦྲུམ་སོང་།
ཇོ་མོའི་ཁྱིམ་བདག་གིས་སློང་སློང་བཙལ་ཏེ། ཁོ་མོ་ཆུང་མར་བསུ་དགོས་པའི་གཏམ་དེ་ཡང་ཡང་བཤད་མོད། སློང་སློང་གིས་རང་ཉིད་བྱིས་པའི་ཨ་ཕ་ཡིན་པ་གཏན་ནས་ཁས་ལེན་མ་བྱས།
ཇོ་མོ་དེ་ཁོ་རང་གི་གམ་ལ་ཡོང་སྟེ་ཡུན་རིང་ལ་ངུས་མོད། འབྲས་བུ་ཅི་ཡང་མ་སྨིན།
ཁྱིམ་ལ་ལོག་རྗེས། ཇོ་མོས་འགྱོད་གདུང་དང་ངོ་ཚ་མ་བཟོད་དེ་རང་སྲོག་བཅད་པ་ན། ཁྱིམ་བདག་ནི་རབ་ཏུ་ཁྲོས་ཏེ། སྡེ་པ་དང་ཚོ་པའི་སྐྱེས་པ་རྣམས་བསྡུས་ནས་མཁའ་ལྡིང་དགོན་ལ་དམག་འདྲེན་གྲབས་བྱས།
ཚུལ་དེ་ཐོས་པས། མཁའ་ལྡིང་རིན་པོ་ཆེས་མྱུར་མོར་སློང་སློང་གསང་བའི་ངང་ནས་རང་ཡུལ་ཕྱོགས་སུ་མངགས།
ལེའུ་གསུམ་པ། རླུང་རྟ།
གཅིག སྟག
སློང་སློང་ཕ་ཡུལ་ལ་སླེབས་དུས། ཁོ་རང་ནི་ཕོ་ལོ་ཞེ་བརྒྱད་ལ་སོན་འདུག
སྐབས་དེར། ཁྱིམ་གྱི་འབྱོར་བ་ནི་སྔར་ལས་ལྷག་པ་ཞིག་རྒྱས་འདུག་པ་དང་། བུ་གཉིས་ལས་གཅིག་གིས་ཁྱིམ་གཞི་བཟུང་ཡོད་ཅིང་། གཅིག་ནི་སློབ་གྲྭར་འགྲིམ་སྟེ་བསླབ་ལ་འབད་བཞིན་གདའ།
ན་ཚོད་སྨིན་པ་དང་བསྟུན་ནས། སྒྲོལ་མའི་གཤིས་ཀ་ལའང་རིམ་བཞིན་འགྱུར་ལྡོག་བྱུང་སྟེ། ཁྲོ་དཀའ་བ་དང་དགའ་སླ་བ་ཞིག་ཏུ་གྱུར་འདུག ལྷག་པར་སློང་སློང་གིས་ཤོག་སྒོར་འབོར་ཆེན་བཟུང་ནས་ཁྱིམ་ལ་ལོག་པ་ན། རང་གི་ཁྱོ་ག་ལ་ཕོ་རབ་ཅིག་གི་རྟགས་མཚན་མངོན་འདུག་སྙམ་ནས་དགའ་སྤྲོ་ཆེན་པོ་སྐྱེས། ངོས་ཟིན་དེ་འདྲ་བྱུང་བ་དང་བསྟུན་ནས། ཁོ་མོས་ཁྱིམ་གྱི་བྱ་བ་ཐམས་ཅད་ཁྱོ་གའི་འདོད་བློ་ལྟར་གཉེར་མགོ་བརྩམས།
དུས་དེ་ནས་བཟུང་། སློང་སློང་ནི་རིམ་བཞིན་ཁྱིམ་ཚང་གི་ཁྱིམ་བདག་ཏུ་གྱུར།
དུས་དེ་ནས་བཟུང་། སློང་སློང་གིས་སྡེ་མིའི་ཁྲོད་ནས་སྐད་ཆ་ཅི་ཞིག་བཤད་ཀྱང་། ཅི་བཤད་དང་ལེན་བྱེད་མཁན་ཇེ་མང་ནས་ཇེ་མང་ལ་སོང་།
སྐབས་ཤིག་ལ། ཁོ་རང་ནམ་རྒྱུན་སྡེ་དཔོན་གྱི་ཁྱིམ་ལ་འགྲོ་མགོ་བརྩམས་བྱུང་། ཁོ་རང་ལ་ལས་ཀ་དང་དམིགས་ཡུལ་ཅི་ཞིག་ཡོད་པ་སུས་ཀྱང་མི་ཤེས།
གཉིས། སེང་གེ
སློང་སློང་གིས་?་དཀར་ཡུལ་ཚོ་ནས་གསོལ་ཁང་ཞིག་གཉེར་མགོ་བརྩམས།
སློང་སློང་ནི་ཟས་ཀྱི་གཡོས་སྦྱོར་ལ་མཁས་པས། གསོལ་ཁང་ལ་མགྲོན་པོ་མང་བ་དང་། ཡོང་འབབ་ཀྱང་ཤིན་ཏུ་བཟང་ཞེས་བརྗོད་ཆོག
ཚུལ་དེ་མཐོང་བ་ན། སྒྲོལ་མ་ལ་དགའ་སྤྲོ་ཚད་མེད་སྐྱེས། མོས་ཁྱོ་གའི་འདོད་བློ་དང་བསྟུན་ནས་ཁྱིམ་གྱི་སྒོ་ཕྱུགས་ཀྱི་ཕྱེད་ཀ་བཙོངས་ཏེ། ཡོང་འབབ་ཀྱིས་གསོལ་ཁང་གི་གཞི་རྒྱ་བསྐྱེད་པ་དང་། ཟས་རིགས་གསར་བ་བསྣན་རྗེས། ཁྱོ་ཤུག་གཉིས་ཀའི་འཇོན་ཐང་ལྟར་འབྱོར་བ་རྒྱས་ཤིང་ཚོང་ཕྱྭ་འཕེལ་བའི་ལས་ལ་འབད་གྲབས་བྱས།
གསོལ་ཁང་གི་མཚན་སྙན་རྒྱས་པ་དང་བསྟུན་ནས། མགྲོན་པོ་ནི་རིམ་བཞིན་ཇེ་མང་ལ་སོང་བ་མ་ཟད། རྒྱན་འཇོག་དང་རྐུན་མ། ཁྲམ་པ་དང་མི་འཁྱམ་སོགས་ཀྱང་དེ་ལ་འདུ་མགོ་བརྩམས། ཚུལ་དེ་མཐོང་བ་ན། སྒྲོལ་མའི་ཡིད་སེམས་བདེ་ལ་འབབ་དཀའ་བར་གྱུར་མོད། ཁྱོ་ག་ཁྲོ་བར་དོགས་ནས་མགྲོན་པོ་རྣམས་ལ་ཡིན་མིན་སྐོར་གྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཕོད།
སློང་སློང་ནི་མི་འཁྱམ་དང་འདྲིས་པ་ན། རིམ་བཞིན་ཆང་འཐུང་བར་གོམས་ཏེ། ནམ་རྒྱུན་ར་རོར་འགྱུར་བཞིན་གདའ།
རྒྱན་འཇོག་རྣམས་དང་འདྲིས་རྗེས། རིམ་བཞིན་ཤོ་དང་མིག་མངས་ལ་གོམས་ཏེ། སྒོར་མོ་མང་པོ་མདུན་ལ་སྤུངས་ནས་སྤྲོ་སྣང་ཆེན་པོ་དང་བཅས་རྒྱན་འཇོག་པའི་ལས་ལ་ཞུགས་པ་ན། རང་ལ་གསོལ་ཁང་ཆེན་པོ་ཞིག་དང་ཆུང་མ་བཙན་པོ་ཞིག་ཡོད་པ་གཏན་ནས་བརྗེད་པར་གྱུར།
གསོལ་ཁང་རྡིབ་མགོ་བརྩམས།
སྒྲོལ་མའི་ཡིད་སེམས་ཕམ་མགོ་བརྩམས།
སློང་སློང་བཟི་སྟེ་ར་རོར་གྱུར་འདུག་སྐབས། ནམ་རྒྱུན་སྡེ་དཔོན་ཚང་ལ་འགྲོ་བཞིན་གདའ།
གསུམ། ཁྱུང་།
ཉིན་ཞིག་ལ། སྡེ་དཔོན་ཚང་གི་མནའ་མ་ནི་གསོལ་ཁང་གི་ཇ་མར་གྱུར།
དེ་ནས་ཡུན་རིང་མ་འགོར་བའི་ཉིན་ཞིག་ལ། སྡེ་དཔོན་གྱི་བུ་མོ་ནི་གསོལ་ཁང་གི་རྩིས་གཉེར་པ་དང་དོ་དམ་པར་གྱུར་སོང་། སྐབས་དེར། སྒྲོལ་མ་ནི་རང་གི་གསོལ་ཁང་དུ་གཞན་གྱི་བཀོད་འདོམས་ལ་ཉན་ནས་སྡོད་ཐབས་བྲལ་ཏེ། བུ་དང་མནའ་མའི་གམ་ལ་སོང་སྟེ་སྒོ་ཕྱུགས་སྐྱོང་མགོ་བརྩམས་པ་དང་། སློང་སློང་ནི་མེ་ཁང་དུ་འཛུལ་ནས་ཟས་རིགས་གཡོས་སྦྱོར་ལ་འབད་བཞིན་གདའ།
གསོལ་ཁང་གི་མགྲོན་པོ་ནི་ཇེ་མང་ནས་ཇེ་མང་ལ་སོང་། གསོལ་ཁང་གི་ཡོང་འབབ་ནི་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན། སྐབས་དེར། སྡེ་དཔོན་གྱི་བུ་མོའི་གདོང་ལ་འཛུམ་མདངས་སྔ་ན་མེད་པ་ཞིག་རྒྱས་སོང་།
གསོལ་ཁང་ལ་སྔར་ལྟར་རྒྱན་འཇོག་ཡོང་བཞིན་ཡོད་མོད། སློང་སློང་ནི་ཁོ་ཚོ་དང་འགྲོགས་ཏེ་རྒྱན་ལ་འཇུག་མི་ཕོད།
གསོལ་ཁང་ལ་མི་འཁྱམ་དང་ཁྲམ་པའང་ཡོང་བཞིན་ཡོད་མོད། སློང་སློང་ནི་ཆང་ལ་མི་རོལ་པར་ཟས་ཀྱི་གཡོས་སྦྱོར་ལ་འབད་བཞིན་མཆིས།
ཚུལ་དེ་ཐོས་པས། སློང་སློང་གི་བུ་དང་མནའ་མ་གཉིས་ཀས་སྡེ་དཔོན་དང་སྡེ་དཔོན་གྱི་ཁྱིམ་མི་ཁྲིམས་ལ་གཏུགས་པ་ན། སྡེ་དཔོན་གྱིས་སློང་སློང་གིས་གསོལ་ཁང་ཁོ་ལ་བཙོངས་པའི་དཔང་ཡིག་བསྟན་བྱུང་བ་མ་ཟད། སློང་སློང་གིས་ཀྱང་དེ་ལྟར་ཡིན་པ་བདེན་དཔང་བྱས་པས། བུ་དང་མནའ་མ་གཉིས་ལ་ཐབས་བཀོད་ཅི་ཡང་མེད་པར་གྱུར་སོང་།
སློང་སློང་གི་སྡེ་མིའི་ཁྲོད་ཀྱི་གོ་གནས་དེ་སྐད་ཅིག་ཉིད་ལ་འཇིག་སོང་།
སློང་སློང་གི་གཤིས་ཀ་འགྱུར་ཏེ། ཉིན་ཐོག་ཐག་ཏུ་ཟས་རིགས་གཡོས་སྦྱོར་བྱེད་པ་ལས་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་སྲིད་པ་ཞིག་ཏུ་གྱུར།
བཞི། འབྲུག
གཡུ་འབྲུག་འུར་འུར་དུ་གྲགས་པ་དང་། ཆར་བ་ཤག་ཤག་ཏུ་འབབ་པའི་མཚན་མོ་ཞིག་ལ། སློང་སློང་གསང་སྟབས་ཀྱིས་ཕྱི་ལ་བྲོས་སོང་། དེ་དུས། སློང་སློང་ཕོ་ལོ་ང་གསུམ་ཡིན་ལ། ཁོ་རང་ཕྱིར་ཕ་ཡུལ་དུ་ལོག་ནས་ལོ་ལྔ་འགོར་འདུག
་རང་ཕྱི་ལ་བྲོས་རྗེས། མི་ལ་ལས་ཁོས་ཉི་མ་ལྷ་ས་ན་གསོལ་ཁང་ཞིག་གཉེར་འདུག་པར་བརྗོད། མི་ལ་ལས་ཁོ་བླ་མ་ཆེན་མོ་ཞིག་གི་ཞབས་ཕྱིར་འབྲངས་ཏེ། ཡུལ་ཁམས་སོ་སོར་སྐྱོད་བཞིན་ཡོད་པར་བཤད། གང་ལྟར། ཟེར་སྒྲོས་དེ་དག་ནི་ཡིད་ཆེས་བྱ་མི་རུང་བ་ཞིག་ཏུ་སྣང་བ་ན། སྒྲོལ་མ་དང་ཁྱིམ་མི་རྣམས་ཀྱིས་སྡུག་ལ་ཕྲད་སྐབས་ཀྱི་ཕྱི་ལ་འཁྱམ་པ་ནི་སློང་སློང་གི་གོམས་སྲོལ་ཡིན་པས། རང་མགོ་རང་གིས་འཁྱོངས་པའི་དུས་སུ་ཁྱིམ་ལ་ལོག་ངེས་སྙམ།
ལོ་དུ་མ་འགོར་བའི་རྗེས་ཀྱི་དགུན་ཁ་ཞིག་ལ། མགོན་ཚ་སྡེ་བའི་དབྱར་སའི་བྲག་འཕྲང་ཞིག་ན་སྐྱེས་པ་ཞིག་ལྕེབས་འདུག་པ་དང་། ལུས་ཀྱི་གྱོན་གོས་ནི་སློང་སློང་དང་གཉིས་སུ་མེད་པར་བརྗོད་པ་ན། སློང་སློང་གི་བུ་ནི་བློང་བློང་བོར་བྲག་འཕྲང་ཕྱོགས་སུ་རྒྱུགས།
ཀྱི་ཧུད། སློང་སློང་ལྕེབས་སོང་། ལྕེབས་ནས་ཡུན་རིང་འགོར་བས། ལུས་སྟོད་ནི་ལྕེབས་ཐག་གིས་བྲག་ལ་བཏགས་འདུག་རུང་། རྐང་པ་དང་རྗེ་ངར། བརླ་རྐང་སོགས་ནི་དུམ་བུར་གྱུར་ཏེ་ས་ལ་ལྷུང་འདུག
ཚུལ་དེ་མཐོང་བ་ན། སློང་སློང་གི་བུ་ནི་སྐད་ཅིག་ཉིད་ལ་སྡུག་གིས་གདུངས་ཏེ་དྲན་མེད་དུ་བརྒྱལ་སོང་།
སྤྱི་ལོ2016ལོའི་ཟླ12པའི་ཚེས10ཉིན་བྲིས།